ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> གནས་ཆེན་གསང་བ་ཡང་རྫོང་གི་གནས་འདུས་སྒོ་བྱང་དང་པོ།
གནས་ཆེན་གསང་བ་ཡང་རྫོང་གི་གནས་འདུས་སྒོ་བྱང་དང་པོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-12-28] [ཀློག་གྲངས། ]

༄༅།།བདེ་ལེགས་སུ་གྱུར་ཅིག ། རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེ། ། ལྔ་བརྒྱའི་གདུལ་དཀའ་འདྲེན་པའི་དཔལ། ། གངས་ཅན་འགྲོ་བའི་སྐྱབས་གཅིག་པུ། ། འཆི་མེད་བླ་མས་དགེ་ལེགས་སྩོལ ། ། དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་ཐོག་མར་བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་སྐུ་དངོས་ཀྱི་ཞབས་ཀྱིས་བཅག་ནས་ཐམས་ཅད་བྱིན་གྱིས་བརླབས་ཏེ་བསྟན་པ་འབྱུང་བའི་གནས་སུ་མཛད། བར་དུ་རྒྱལ་གཤེན་མཆོད་ཡོན་ཟུང་འབྲེལ་གྱིས་འཕྲུལ་ངག་བསྟན་པའི་སྲོལ་བཟུང་སྟེ་མཐའ་འཁོབ་བོད་ཀྱི་ཡུལ་འདི་ཞང་ཞུང་དག་པའི་ཞིང་དང་མཉམ་པར་མཛད། ཐ་མར་གྲུབ་པའི་རིག་འཛིན་སྤྱི་དང་བྱེ་བྲག་གསང་འདུས་དང་ལྕེ་ཚ་ཁྱད་པར་འཆི་མེད་ཡབ་སྲས་དང་བཅས་པ་བོད་ཡུལ་སྟོད་སྨད་ཀུན་ཏུ་བྱོན་ཏེ་གངས་བྲག་རི་མཚོ་དང་བཅས་པ་སྒྲུབ་གནས་སུ་མཛད་དེ་བྱིན་གྱིས་བརླབས། ། རང་བྱུང་གི་གནས་མཐའ་དག་ཀྱང་དགོང་པས་བྱིན་ཕང་ཅིང་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་མཆོད་པ་བཞིན་ལྷག་པར་ཡང་འབྲེལ་ཚད་དོན་ལྡན་དུ་མཛད་པའི་ཚུལ་མཐའ་ཡས་ཤིང་། དེ་ལྟ་བུའི་གནས་ཀྱི་བཞུགས་ཚུལ་རྣམ་གྲངས་མཐའ་ཡས་པ་ཞིག་མཆིས་པ་ལས། ཡོངས་སུ་གྲགས་པའི་གནས་ཆེན་བརྒྱ་དང་ཉེར་ལྔ་ལས་དབལ་རི་རི་ནག་འཇོམས་པ། མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཕྲིན་ལས་ཐུགས་ཀྱི་གནས་མཆོག རིགས་གསུམ་སྤྲུལ་པའི་གནས་གསུམ་ལས་གསང་བའི་བདག་པོའི་གནས་ཆེན། ངོ་བོ་ནི་གཡུང་དྲུང་གསང་བ། རང་བཞིན་དབལ་རི་དྲག་པོ། རྣམ་པ་གནམ་ལྕགས་ཡང་རྫོང་ཞེས་བདེ་གཤེགས་ཡོངས་འདུས་ཀྱི་ཕོ་བྲང་ཆེན་པོར་གདོད་ནས་གྲུབ་པ་འདི་ཉིད། དེང་སང་གི་དུས་འདིར་འགྲོ་དོན་དུས་ལ་བབས་ནས་གནས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་རྒྱུ་ལས། སྤྲུལ་པའི་གཏེར་ཆེན་གར་དབང་གསང་སྔགས་གླིང་པའི་ཞལ་སྔ་ནས་གནས་ཀྱི་ཞལ་ལེགས་པར་ཕྱེས། ཕྱི་ནང་གི་གནས་ཚུལ་མཚོན་པའི་དཀར་ཆགས་རྒྱས་པར་སྩལ་བ་ལྟར། དག་པའི་སྣང་ངོར་རྩ་གསུམ་ཞི་ཁྲོ་བོན་སྐྱོང་དང་བཅས་པ་རྟག་ཏུ་བཞུགས་པ་ཡིན་བྱིན་རླབས་མཆོག་ཏུ་ཆེ་ཞིང་ཚོགས་བསགས་ཅི་བྱས་འགྱུར་ཤིན་ཏུ་ཆེ་ལ། ཁྱད་པར་དུ་དཀར་ཆགས་ལས། ཁྱད་པར་ཁྱི་ལོ་ཟླ་བ་ལྔ་པ་ནས༔ བརྒྱད་པའི་མགོ་བར་གནས་ཀྱི་འདུ་བ་ཆེ ༔ ཞེས་གསུངས་པ་ལྟར། ད་ལན་གནམ་ལོ་ཤིང་ཁྱི་གསར་ཚེས་ཀྱི་ཟླ་བ་ལྔ་པའི་ཚེས་བཅུ་ནས་བརྒྱད་པའི་བཅུ་བར་ཕྱོགས་བཅུའི་རྩ་གསུམ་བོན་སྐྱོང་དང་བཅས་པ་འདིར་བྱོན་ནས་བཞུགས་ཤིང་ཡེ་ཤེས་དང་རྫུ་འཕྲུལ་ལས་ཀྱི་མཁའ་འགྲོ་མ་ཐམས་ཅད་འདུས་ཏེ་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་པས་གནས་འདུས་ཆེན་མོ་ཡིན་ལ།དེའི་ཚེ་བསྐོར་བའི་ཕན་ཡོན་ནི། དེ་ཉིད་ལས། བརྟུལ་ཞུགས་ལྡན་པས་བསྐོར་ན་དུང་ཉེར་ལྔ༔ཉམས་ལེན་ལྡན་པས་བསྐོར་ན་དུང་བཅུ་གསུམ༔དད་མོས་ལྡན་པས་བསྐོར་ན་དུང་ཕྱེད་བདུན༔རྒྱུན་དུ་བསྐོར་བ་རེ་ལ་དུང་དུ་འགྱུར༔ ཞེས་གསུང་པས་ཇི་ལྟར་དམན་ཡང་དུང་འགྱུར་ཕྱེད་བདུན་རེའི་ཕན་ཡོན་ཡོད་པས་བསྐོར་བ་ཅི་ནུས་སུ་བྱ་བ་དང་། ཁྱད་པར་དབྲ་ཁྱུང་སཱ་ལའི་སྨན་ལྗོངས་བདེ་ཆེན་འོད་གསལ་ཐང་གི་སྒྲུབ་སྡེའི་གནས་སུ། གཏེར་ཆེན་བློ་གྲོས་ཐོགས་མེད་ཀྱི་གཏེར་བྱོན་རྣམ་མཁྱེན་སྟོན་པའི་གདུང་རྟེན་སྒྲོམ་བུ་དང་སྐུ་ཚབ་བཀྲ་ཤིས་འོད་འབར་དང་། གསང་སྔགས་གླིང་པའི་གཏེར་བྱོན་སྐུ་རྟེན་འགྲོ་བ་རབ་འདྲེན་སོགས་རྟེན་ཁྱད་འཕགས་མང་དུ་བཞུགས་པས་ཕྱག་བསྐོར་བསགས་སྦྱང་བྱས་ན་སྡིག་སྒྲིབ་དག་ཅིང་ཚོགས་རྫོགས་པའི་སྟོབས་གཞན་ལས་ཆེ་བ་དང་། ཁྱད་པར་གནས་ལ་མཎཊལ་ཕུལ་ན་ཕྱི་མར་ཡུལ་དབུས་སུ་སྐྱེ་བ་དང་། ཚོགས་མཆོད་བྱས་ན་ཚོགས་རྒྱ་ཆེན་པོ་རྫོགས་ཤིང་རིག་འཛིན་གྱི་ཚོགས་གྲལ་དུ་སྐྱེ་བ་དང་། བསང་མཆོད་བཏང་ན་བསམ་དོན་འགྲུབ་པ་དང་། གསས་མཁར་བརྩིགས་ན་ཁ་རྗེ་འཕེལ་བ་དང་། རླུང་རྟ་བཙུགས་ན་ཕྲག་ལྷ་དར་བ་དང་། བུམ་གཏེར་སྦས་ན་དཔལ་འབྱོར་རྒྱས་པ་སོགས་ཕན་ཡོན་ཁྱད་པར་བ་མང་ཞིང་། གསོལ་འདེབས་བཟླས་བརྗོད་སྨོན་ལམ་སོགས་དགེ་བ་གང་བྱེད་གཞན་ནས་དུང་འགྱུར་མང་པོར་འཕེལ་བས་དུས་ཐུང་ངུར་དཀའ་ཚེགས་ཆེན་པོ་མི་དགོས་པར་བསགས་སྦྱང་རྒྱ་ཆེར་འགྲུབ་པའི་ཚུལ་ལ་བསམས་ནས་འཇུག་པ་དང་། གཞན་ཡང་རི་བྲག་སོགས་ལ་བཤིག་གཏོར་དང་རི་དྭགས་གསོད་པ་དང་འཐབ་ཅིང་འཁྲུགས་ལོང་་བྱེད་པ་སོགས་མི་དགེ་བ་ཅི་བྱས་ཀྱང་ཚེ་འདིར་བཀའ་ཆད་ཆེ་ཞིང་། སྡིག་པའང་འགྱུར་ཆེ་བས་འཕྲལ་ཡུན་ཀུན་ཏུ་ཉེས་དམིགས་ཆེན་པོ་འོང་ངེས་པས། དེ་ལྟར་མཆོག་དམན་ཐམས་ཅད་ཀྱིས་འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་བསླུ་མེད་གཡུང་དྲུང་གི་གསུང་ལ་ཡིད་ཆེས་པའི་སྒོ་ནས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་སྤང་བླང་མ་འཛོལ་བའི་སྒོ་ནས་བསགས་སྦྱང་གི་བྱ་བ་ཚུལ་བཞིན་དུ་འཇུག་པར་ཞུ་ལགས། ། བསླུ་མེད་གཡུང་དྲུང་གསུང་ལས་འབྱུང་བ་བཞིན། ། གནས་འབྲེལ་བགྱིས་པའི་ཕན་ཡོན་ཤེས་བྱས་ནས། ། ཕྱག་བསྐོར་མཎཊལ་ཚོགས་དང་མཆོད་པ་སོགས། ། བསོད་ནམས་ཚོགས་ཆེན་བསགས་ལ་བརྩོན་པར་མཛོད ། །

ཅེས་དགར་བསྐུལ་གྱི་ཡི་གེ་འདིའང་ཤིང་ཕོ་ཁྱི་ལོའི་ས་ག་ཟླ་བའི་དགའ་བ་གསུམ་པའི་ཚེས་ལ་ཁོད་སྤུངས་དབྲ་སྟོན་བསྐལ་བཟང་བསྟན་རྒྱལ་ནས་སྤེལ་བ་ཐ་ཙན་མུ་ཙུག་སྨར་རོ། ། ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག