ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> ཀོང་པོ་སླེབས་རིར་སོང་བའི་མཐོང་ཐོས།
ཀོང་པོ་སླེབས་རིར་སོང་བའི་མཐོང་ཐོས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀུན་དགའ་ཡེ་ཤེས།] [ཟླ་ཚེས། 11-03-14] [ཀློག་གྲངས། ]


རྒྱང་ནས་མཐོང་བའི་བང་སོའི་ཚོགས།

ཀོང་པོའི་ས་ཆ་ནི་བོད་ལྗོངས་ཀྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། ལོ་རྒྱུས་སྟེང་བོད་ཀྱི་མི་རྒྱུད་དང་། རྒྱལ་རྒྱུད་འཕེལ་ཡུལ་གཙོ་བོ་ཡིན་ལ། བོད་ཀྱི་ཤེས་རིག་གི་འབྱུང་ཡུལ་གལ་ཆེ་ཤོས་ཤིག་ཀྱང་ཡིན་པས་རིག་གཞུང་ཞིབ་མཇུག་མཁན་དང་ཡུལ་སྐོར་བ་རྣམ་པའི་རེ་ལྟོས་གྱི་ཡུལ་དུ་གྱུར་ཡོད། བོད་མི་རིགས་ཀྱི་མ་ཡུལ་ཆུ་བོ་སྟེ་ཡར་ལུང་གཙང་བོའི་བཞུར་རྒྱུན་ཡང་གནས་འདི་ནས་བརྒྱུད་ཡོད་པས་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་ཀྱི་ལྟད་མོས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་དགའ་མགུ་ཟད་མཐའ་མེད་པ་སྟེར། འོན་ཀྱང་། ཡུལ་འདི་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ། བོན་གྱི་རིག་གཞུང་དང་འབྲེལ་བ་ཆེ་བ་ལས། སྲོང་བཙན་སྒམ་པོའི་རྗེས་ཀྱི་ནང་པའི་ཆོས་ལུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་མེད་པའི་དབང་གིས། འདི་ན་ད་ལྟ་ཡོད་པའི་གནའ་ཤུལ་དང་རྡོ་བརྐོས། གཏེར་ཆས་དང་བང་སོ་གང་མང་ཞིག་ལ་མཐོང་ཆེན་དང་ཞིབ་མཇུག་བྱས་ཚད་ཅུང་ཉུང་ཉུང་རེད། ལྷག་པར་དུ་ལོ་རྒྱུས་ཀྱི་ཤོག་ལྷེའི་ནང་གནས་འདིའི་བང་སོ་དང་ཆགས་ལུགས་རྣམས་གསང་བ་ནས་གསང་བའི་གནས་ལུགས་སུ་གྲུབ། སྟབས་ལེགས་པ་ཞིག་ལ་ང་ཚོར་གནས་འདིར་རིག་གཞུང་ལྟ་སྐོར་གྱི་གོ་སྐབས་འཛོམས་ཤིང་། ལོ་རྒྱུས་ཀྱི་གནད་དོན་ཁག་ཅིག་ལ་ཡིག་ཐོག་དང་མིག་ལྟོས་ཉིས་འཛོམས་ཀྱིས་ཕྱོགས་བསྡོམས་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་སོང་།


ལྟ་སྐོར་ཚོགས་པ་སླེབས་རིར་སྐྱོད་པའི་ལམ་བར་དུ་བླངས་པའི་མཉམ་པར།

ང་ཚོ་ཀོང་པོ་ཉིང་ཁྲིར་སླེབས་དུས་ནི2009ལོའི་ཟླ8པ་ཡིན་ལ། ཉིང་ཁྲི་ས་ཆའི་སྟོན་ཁའི་འབྲས་ལྡན་གྱི་རྣམ་པ་དེ་ནི་ཚང་ཚིང་ལྗོན་པའི་ཡོངས་སུ་བསྐོར་བའི་དབུས་སུ། ཕང་ཕུང་སྨུག་སྤྲིན་གྱིས་བྲིས་པའི་ཆུ་ཚོན་རི་མོ་ལྟ་ན་སྡུག་པ་ཞིག་དང་གཉིས་སུ་མེད་པར་སྣང་། དགུང་ཁའི་མཚམས་སྤྲིན་གྱི་དམར་འོད་ས་ལ་རེག་བཞིན་པའི་སྐབས་སུ། ང་ཚོ་ཀོང་པོ་ཉིང་ཁྲིར་སླེབས་ཤིང་། སྟབས་བདེ་པའི་ཁ་ཟས་ཞིག་བཀོད་སྒྲིག་བྱེད་དུས་ཕྱོགས་བཞི་ནས་མུན་པ་ཡོངས་སུ་འཐིབས་ཏེ། སླེབས་མ་ཐག་པའི་ས་ཆ་འདིའི་མཛེས་སྡུག་རྨི་ལམ་གྱི་ནང་ནས་བཙལ་དགོས་བྱུང་།


མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་དང་ཞུང་སྐར་མ་རྒྱལ་མཚན།

ཞོགས་པ་ཐག་རིང་ནས་རླངས་འཁོར་དང་རྒྱང་བསྒྲགས་སོགས་ཀྱི་སྒྲ་འདྲ་མ་འདྲེས་ཤིག་གྲགས་འོངས་པས། མཛེས་སྡུག་གི་ལྷ་ཡུལ་གཉིས་པའི་ཁམས་སུ་འགྲོ་བཞིན་པའི་རྨི་ལམ་དེའི་མཚམས་བཅད་སོང་། མྱུར་དུ་ཡར་ལངས་ནས་བཅའ་ལག་བསྡུ་གསོག་བྱས་ཤིང་། རྒྱང་སྐྱོད་རླངས་འཁོར་ལ་བསྡད་ནས་སླེབས་རིའི་བང་སོའི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཆས།
ཁ་སང་ང་ཚོ་ཉིན་གང་ལ་ལམ་དུ་ཆས་པས་རེ་ཞིག་ནས་ཁ་བརྡ་ཡང་ཆད་དེ་གཉིད་འབབ་པའམ་ཐང་ཆད་དེ་བཤད་མེད་འགུལ་མེད་དུ་རང་ས་ནས་བསྡད་མོད། དེ་རིང་དེ་ལས་ལྡོག་སྟེ་སེམས་ཀྱི་དགའ་བ་རབ་ཏུ་འབར་ཞིང་། མིག་གཉིས་རིག་རིག་ཏུ་གཡས་ལྟ་གཡོན་ལྟ་བྱས་ནས་མདུན་དུ་སོང་པ་ཡིན། ང་ཚོའི་ལྟ་སྐོར་ཚོགས་ཆུང་འདི་ལ་མདོ་དབུས་ཁམས་གསུམ་གྱི་ཡོན་ཏན་པ་འཛོམས་ཡོད་པས། སོསོའི་རང་རང་གི་ལུང་པའི་ཁྱད་ཆོས་ཡོད་པའི་གླུ་དབྱངས་བླངས་ཤིང་། ཀུ་རེ་དང་བཅས་ལུང་པ་གཞན་པའི་ཁ་སྐད་ལ་སློབ་སྦྱོང་དང་ལད་མོ་བྱས། མངའ་རིས་ནས་ཡོང་བའི་ཀརྨ་རྒྱལ་མཚན་གྱིས་ཨ་མདོའི་ལུང་སྐད་ཀྱིས་ང་ཚོ་ལ་ཁ་བརྡ་བྱེད་ཅི་ཐུབ་བྱས་ཤིང་། ཁམས་ནས་ཡིན་པའི་དཀའ་རམས་པའི་དགེ་བཤེས་སྐལ་བཟང་ནོར་བུ་ལགས་ཀྱིས་དབུས་སྐད་དང་ཨམ་སྐད་ལ་ལད་མོ་བྱས་ནས་ཀོང་ཡུལ་གྱི་བྱུང་རབས་མང་པོ་བཤད། རེ་ཞིག་ནས་ང་ཚོས་ལས་བགོ་བྱས་ཤིང་། ཁག་ཅིག་གིས་ལམ་ཁའི་ཕྱོགས་སྟོན་བྱང་བུ་ལ་བལྟས་པ་དང་། ཁག་ཅིག་གིས་རྒྱུ་ཆའི་ནང་གི་གནད་དོན་ཁག་ལ་ཡང་ལྟ་བྱས། དེ་རིང་ང་ཚོའི་སེམས་ཁོངས་ཀྱི་འཕར་སྒྲ་ཕན་ཚུན་གོ་ཐུབ་ལ། རེ་ལྟོས་ཀྱི་མིག་ཟུར་ཕན་ཚུན་བར་རྡུང་ཁ་བརྒྱབ།


སླེབས་རིའི་བང་སོའི་ཕྱི་དབྱིབས།
མཆིམས་རུས་རྒྱུད་ཀྱི་བང་སོ་ལ་ངོས་འཛིན་བྱས།

སླེབས་རིའི་ས་ཆ་འདི་བོད་མི་མང་ཆེ་བར་མཚོན་ད་དུང་གསང་བ་ཞིག་ཡིན་ལ། ཕལ་ཆེར་གོ་ཐོས་ཙམ་ཡང་ཡོང་མེད་གསལ་པོ་མེད། ས་ཆ་འདི་ཆེད་ལས་ཞིབ་འཇུག་པའི་མིག་ལམ་དུ་ཐོག་མར་ཤར་དུས་ནི་དུས་རབས20བའི་ལོ་རབས80བ་སྟེ། 1982ལོར་བོད་ལྗོངས་རིག་དངོས་ཅུའུ་ཡི་སྐུ་ཞབས་བསོད་ནམས་དབང་ལྡན་སོགས་ཀྱིས་བང་སོའི་ཚོགས་འདིའི་རིན་ཐང་ལ་ངོས་འཛིན་གསར་དུ་བྱས་ཤིང་། དུས་དེབ་ཀྱི་སྟེང་དུ་བོད་ཡིག་གི་ལམ་ནས་བང་སོའི་ཚོགས་འདིའིགནས་ཚུལ་རགས་བསྡུས་སུ་ངོ་སྤྲོད་བྱས་རྗེས། འབྲེལ་ཡོད་ཞིབ་འཇུག་ཚན་ཁག་མང་པོ་ཞིག་གིས་སྔ་ཆད་ཕྱི་མཐུད་དུ་ཞིབ་འཇུག་གི་གནས་ཚུལ་བསྒྲགས། འོན་ཀྱང་ཚང་མས་མཇུག་བསྡོམས་བྱས་པ་ནི་བོད་ཀྱི་བཙན་པོའི་དུས་རིམ་གྱི་རིམ་པ་མཐོ་བའི་མི་དྲག་སྐུ་དྲག་གང་རུང་གི་བང་སོ་ཡིན་པ་རེད་ཟེར་བ་ལས་གཞན་པའི་གསལ་བཤད་བྱེད་ཐུབ་མེད། 2006ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ལགས་ཀྱིས་ཞིབ་འཇུག་གི་འབྲས་བུ་གསར་པ་ཞིག་བསྒྲགས་ཏེ། བང་སོའི་ཚོགས་འདི་ནི་བོད་བཙན་པོའི་རིང་གི་མཆིམས་རུས་ཅན་གྱི་ཁྱིམ་རྒྱུད་དེ་དང་ཁྱིམ་རྒྱུད་དེར་ཤ་ཁྲག་གི་འབྲེལ་བ་ཡོད་པའི་མི་རྣམ་པའི་བང་སོ་ཡིན་པར་ངོས་འཛིན་བྱས། མཆིམས་ཀྱི་རུས་རྒྱུད་དེས་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ནས་བཟུང་བཙན་པོའི་ཁྱིམ་རྒྱུད་དང་གཉེན་བཙུགས་ཡོད་ལ། ཕལ་ཆེར་ལོ་ངོས་ཉིས་བརྒྱ་ཡས་མས་སུ་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ལས་འབྲེལ་བྱས་ཡོད། འོན་ཀྱང་། ད་ལྟའི་ས་གནས་དེ་ན་གནས་པའི་མི་རྣམས་ཀྱིས་བང་སོའི་ཚོགས་ལ་འདྲེ་ཁྱིམ་ཞེས་ཞིང་གྲོང་གི་འཇིགས་ཡེར་ཡེར་གྱི་གཏམ་རྒྱུད་དང་འབྲེལ་བའི་མིང་བཏགས། ང་ཚོ་ཧ་ལས་ཤིང་ཡ་མཚར་ཏེ་མཚན་འདྲི་དུས། སྙིང་ཉེ་བའི་སྤུན་ཟླ་འདི་དག་ལ་རྒྱུ་མཚན་ནི་ཅི་ཡང་བཤད་རྒྱུ་མེད། ལྟོས་དང་། ས་ཆ་འདིར་བོད་གདོད་མའི་རིག་གནས་ཟབ་མོ་ཞིག་གི་གསང་བ་སྦས་ཡོད་ལ། བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་གནས་ཚུལ་མང་པོ་ཞིག་གི་རབ་རིབ་ཀྱི་གཉེར་རིས་བྲིས་ཡོད་པ་བཤད་ཅི་དགོས་ཨང་། ང་ཚོས་ཕ་མེས་འདི་དག་གི་སྐུ་ཕུང་འཇོག་སར་འདྲེ་ཁྱིམ་ཡིན་པའི་ལྷ་སྒྲུང་ངམ་འདྲེ་སྒྲུང་བཟོ་མི་རུང་ལ། ང་ཚོས་སྔ་རབས་པའི་ལོ་རྒྱུས་ལ་ཉག་ཉོག་གི་བསྡོམས་ཚིག་འཇོག་ཐབས་གང་ནས་ཡོད།


སླེབས་རི་གྲོང་མིས་མཚམས་སྦྱོར་ངོ་སྤྲོད་གནང་བཞིན་པ།

ཁྱིམ་རྒྱུད་གཅིག་གི་བང་སོ་ཁོ་ན་ལས་མ་ཚད་པར་ཞིབ་འཇུག་མཁན་རྣམས་དང་། ལོ་རྒྱུས་ཀྱི་གནས་ཚུལ་ལྟར་བང་སོའི་ཚོགས་འདི་ཡོད་སའི་ས་ཁོངས་ལ་གཞི་འཛིན་སའི་བཤད་སྟངས་རེ་གཉིས་ཡོད་ཀྱང་། ང་ཚོ་ཧེ་བག་ཆེན་པོས་གདེངས་ཚོད་གཞན་ཞིག་བྱས་པ་སྟེ། བོད་ཀྱི་གདོད་མའི་དུས་སུ་ས་ཆ་འདི་དང་། ལུང་བ་འདི་དག་གི་རྒྱུད་དུ་གདོད་མའི་རིག་གནས་ཀྱི་རྐང་དུ་ཟུག་ཡོད་པའི་བོན་གྱི་རིག་གནས་དར་ཤུགས་ཤིན་ཏུ་ཆེ་བས། བང་སོའི་ཚོགས་འདི་ཁྱིམ་རྒྱུད་གཅིག་གི་བང་སོ་ཁོ་ན་ལས་མ་ཚད་པར། ཡུལ་ཕྱོགས་ཤིག་གི་རིག་གནས་ཁྱབ་ཁོངས་གང་རུང་ཞིག་གི་མཚོ་བྱེད་དེ། ཕལ་ཆེར་ཡུལ་ཁ་འདིའི་བོན་ལ་དད་འདུན་ཡོད་མཁན་འཁོར་འབངས་སྤྱིབ་པའི་ཐུན་མོང་གི་བང་སོའི་ཚོགས་ཞིག་ཡིན་པར་ཐེ་ཚོམ་མེད་ན་ཆོག་སྙམ། ངས་བལྟས་ན། བོན་གྱི་ཡིག་ཆ་གལ་ཆེན《བསྒྲགས་པ་རིན་ཆེན་གླིང་གྲགས》སུ་བཀོད་པའི་བཙན་པོའི་སྦས་ཡུལ་གསུམ་ཡང་ཉང་ཀོང་ཡུལ་དུ་གཤེགས་སོ།། དེ་ནས་ལོ་གསུམ་དུ་རྒྱལ་ས་ལོ་ངམ་གྱིས་བཟུང་། ལོ་ངམ་ཡང་ཆེ་བ་མ་མཁྱེན་ཏེ། རྒྱལ་ཕྲན་རྗེ་བློན་ཀུན་མ་བདེ་ནས། མཆིད་གྲོས་བྱས་ནས། རྒྱལ་པོའི་པུར་བཙལ་བར་བྱས་པས། སྲིན་ཡུལ་ནག་པོ་དགུ་སུལ་ནས་ཀླུ་ལྕམ་བྱེ་མ་ལག་རིང་ལག་ནས་བླུས་ནས། སྤྱན་དྲངས་ནས་བང་སོ་དྲང་མོ་རྗ་ལ་བཏབ། མཆེད་གསུམ་གྱི་ཕུ་བོ་སྤུ་ཡུལ་ནས་གདན་དྲངས་ནས། མཚན་ལ་སྤུ་ལྡེ་གུང་རྒྱལ་དུ་བཏགས་སོ་ཞེས་པའི་ནང་དོན་ལ་དབྱེ་ཞིབ་ཡང་ཡང་བྱས་ཤིང་། ཡིག་ཪྙིང་གཞན་དང་བསྡུར་བ་བྱས་པས་སྲིད་ཡུལ་ནག་པོ་དགུ་སུལ་ཟེར་བ་ད་ལྟའི་ཉིང་ཁྲིའི་གཞུང་དུ་ཡོད་པའི་མི་ཡུལ་སྐྱི་མཐིང་ཞེས་པར་ངོས་འཛིན་བྱས་ཤིང་། ས་ཆ་དེ་ནས་གྲི་གུམ་གྱི་པུར་ཪྙེད་པ་ལས་བང་སོ་རྫ་ལ་བཏབ་པ་སྟེ། སླེབས་རིའི་ས་ཆ་འདི་དྲང་མོ་རྫ་ཡིན་པར་དོགས་པ་ཟོས་ཤིང་། གྲི་གུམ་གྱི་བང་སོ་ནི་སླེབས་རིའི་བང་སོའི་ཐོག་མར་བཞག་ཆོག་པར་ཡིད་ཆེས་བྱས། དེའི་ནང་མཆོད་རྟེན་སོགས་རིགས་མི་འདྲ་བའི་བང་སོ་ཡོད་པ་ནི་འདས་པོ་གང་གི་ཐོབ་ཐང་མི་འདྲ་བའི་སྟེང་ནས་གྲུབ་པ་ཞིག་རེད་ལ། བང་སོའི་ཚོགས་འདི་ལོ་རྒྱུས་ཀྱི་ཟིན་ཐོ་ལས་འབོར་སྲིད་པའི་གནས་ཚུལ་དེ་ཡང་བོན་གྱི་བསྟན་པ་ལ་འགལ་རྐྱེན་བྱུང་བ་དང་འབྲེལ་བ་ཡོད་པར་དོགས་པ་ཟོས། ཚོད་དཔག་འདི་གནའ་རྫས་རྟོག་དཔྱོད་པའི་ཚད་ཤིང་ལས་འགལ་ཡོད་ན་ཡང་། ཡུལ་ཕྱོགས་ཤིག་གི་ཆོས་ལུགས་དད་ཞེན་ལ་འགྱུར་བ་བྱུང་བས་སྐྱེ་འཆིའི་རང་བཞིན་དང་མི་ཚེའི་ལྟ་བ་ལ་ཡང་འགྱུར་བ་ཆེན་པོ་འབྱུང་ངེས་པ་རིག་པས་དཔག་ཐུབ་པ་ཞིག་རེད། ང་ཚོས་སེམས་ཁོངས་སུ་གྲུབ་མཐའ་ཞིག་གམ་རིག་གནས་ཤིག་གི་ཆག་འཇིག་དེས་ཐད་ཀར་བང་སོའི་ཚོགས་འདིའི་ལོ་རྒྱུས་ཀྱི་གསང་བའི་ལམ་ཕྲན་དུ་བཀོད་པ་དང་། འདྲེ་ཁྱིམ་དང་རོ་སྒྲུང་གི་རབ་རིབ་ཡོལ་རིས་ཀྱི་རྒྱབ་དུ་བཅུག་ཡོད་སྙམ། འོན་ཀྱང་། ཡིད་ཕངས་པ་ཞིག་ལ། མེས་པོ་རྣམས་ཀྱིས་བང་སོ་འདི་དག་གི་བྱུང་ཁུངས་ལོ་རྒྱུས་ཀྱི་ཤོག་ལྷེའི་སྟེང་མ་བཀོད་པས། ང་ཚོས་མཐའ་མིའི་སྡོམ་ཚིག་ནི་བང་སོ་བསློགས་ཏེ་བདེན་པ་ཐང་ལ་མ་བཀྲམ་བར་མི་སྒུག་ཐབས་མེད་རེད།
ང་ཚོ་མངོན་ལྐོག་གཉིས་ཀྱི་མཚམས་སུ་ལངས་ནས་རིག་གནས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ལ་འགྲེལ་བ་རྒྱག་རྒྱུའི་འདུན་པ་བཟུང་ཞིང་། མདུན་པ་དེ་ཡིས་ཐེངས་འདིའི་འགྲུལ་བཞུད་ལ་དགའ་སྤྲོ་འཁོར་བར་བྱས་ཤིང་། མོས་པ་ཆེན་པོ་སྐྱེ་རུ་བཅུག ངོ་མ། བོད་ཀྱི་གདོད་མའི་རིག་གནས་ལ་ཞིབ་འཇུག་དང་གནའ་རྫས་རྟོག་དཔྱོད་བྱེད་པར་བོན་གྱི་རིག་གནས་ལ་བྱང་ཆ་ཡོད་རྒྱུ་ནི་ཅི་འདྲའི་གལ་ཆེན་ཞིག་རེད་ཨང་།


ཡར་ཀླུང་གཙང་བོ་དང་མྱང་ཆུ་འདྲེས་མཚམས་སུ་ཡོད་པའི་གྲི་གུམ་བཙན་པོའི་བང་སོར་གྲགས་པའི་མི་ཡུལ་སྐྱིད་འཐིང་ཞེས་པའི་ཡུལ།
ཆེས་རྒྱ་ཆེ་བ་དང་སྐྱོན་ཆེན་པོ་མ་ཐེངས་པའི་བང་སོ།

སླེབས་རི་བང་སོའི་ཚོགས་དེ་ཀོང་པོ་ས་ཁུལ་སྣང་རྫོང་སྐྱེ་མས་སྟོང་ཤང་གི་ཁོངས་སུ་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ48ཡོད། དེ་ནི་ད་སྔའི་བར་བོད་ཀྱི་ས་ཆ་ཁག་ནས་གནའ་རྫས་རྟོག་དཔྱོད་པས་ཪྙེད་པའི་ཆེས་རྒྱ་ཆེ་བ་དང་། གཏོར་སྐྱོན་ཐེབས་ཚད་ཆེས་ཉུང་བའི་གནའ་བོའི་བང་སོའི་ཚོགས་ཤིག་རེད། ང་ཚོ་ཕལ་ཆེར་ཆུ་ཚོད་གཅིག་ཡས་མས་ཀྱིས་མཐོ་ལ་བརྗིད་པའི་སླེབས་རིའི་ཕང་བར་ཐོན་པ་དང་། གྲོང་པའི་ཨ་ཕྱི་རྒད་མོ་ཞིག་ལ་གནས་ཚུལ་རགས་བསྡུས་ཤིག་དྲིས་རྗེས། ཕྱོགས་གཉིས་ནས་བང་སོའི་ཚོགས་ལ་དཔྱད་ཞིབ་བྱེད་འགོ་བརྩམས།
སླེབས་རི་བྱང་ནས་ལྷོ་རུ་བརྟན་ཤིག་གེར་འགྱིང་ཡོད་ལ། བང་སོའི་ཚོགས་ནི་རི་བོའི་མདུན་ཕྱོགས་ཀྱི་ཁུག་སྟེམས་གཉིས་སུ་ཆགས་ཡོད། དེ་ཤར་ཁུལ་དང་ནུབ་ཁུལ་གཉིས་སུ་བགོས་ནས་གྲུབ། མང་ཆེས་ཤོས་ཤར་ཁུལ་གྱི་ཕྱོགས་སུ་གནས། བསྡོམས་བརྩིས་བྱས་པ་ལྟར་ན། ཁྱོན་བང་སོ160ལྷག་རི་རྒྱུད་འདིའི་ཆགས་དབྱིབས་དང་བསྟུད་ནས་ཐེམས་སྐས་ཀྱི་བང་རིམ་བཞིན་བརྩེགས་ཡོད་། བང་སོའི་ཚོགས་ཀྱི་རྒྱབ་རི་མཐོ་ཞིང་བརྗིད་ལ། མདུན་ཕྱོགས་སུ་སྐྱེམས་སྟོང་ཆུ་ཀླུང་ལྷང་ལྷང་དུ་ཡར་ཀླུང་གཙང་པོ་འཐེན་ནས་འབབ་བཞིན་འདུག བང་སོའི་ཚོགས་ཀྱི་ཤར་རྒྱུད་དུ་ཁང་པ་ཪྙིང་པའི་ཤུལ་དང་། ཆོས་ཀྱི་ཆོ་ག་སྒྲུབ་སའི་ཤུལ་མངོན་གསལ་དུ་གནས། ཡིད་ཕངས་པ་ཞིག་ལ་སྔོན་ཆད་འདི་ན་རྡོ་རིང་ཞིག་ཡོད་མོད། ད་ལྟ་རྨང་རྡོ་ལས་མཐོང་རྒྱུ་ཅི་ཡང་མེད། གྲོང་མི་ཚོས་བཤད་པ་ལྟར་ན་རྡོ་རིང་འདི་དུས་རབས20བའི་ལོ་རབས40ཡས་མས་སུ་འཇིག་པ་རེད་ཟེར། གང་ལྟར། ད་ལྟའི་བར་བོད་ཀྱི་མེས་པོ་ཚོས་བང་སོ་བརྩིགས་པའི་རིག་ལམ་གྱི་ཡིག་ཆ་ཅི་ཡང་མཐོང་རྒྱུ་མེད་ལ། བང་སོ་འདི་དག་གི་བྱུང་ཁུངས་སྟོན་པའི་ཟིན་ཐོ་ཙམ་ཡང་ཪྙེད་རྒྱུ་མེད་པ་འདི་ཕངས་པ་ལ་ཨང་།


བང་སོའི་ཚོགས་འདིས་ཡུལ་ཁ་འདིའི་མེས་པོ་རྣམ་པའི་གདོད་མའི་ཆོས་ལུགས་འདུ་ཤེས་ཤིག་ཀྱང་གསལ་བཤད་བྱེད་བཞིན་ཡོད་ཤས་ཆེ།

ཀུན་གྱིས་ཤེས་གསལ་ལྟར། བང་སོ་རྩིག་སྲོལ་དེ་ནི་བོད་ཀྱི་གདོད་མའི་ཡུལ་སྲོལ་ཆེས་ཪྙིང་པ་ཞིག་ཡིན་ལ། དེ་ནི་བསྐལ་བ་ཡ་ཐོག་གི་དུས་ནས་བརྒྱུད་པ་ཞིག་ཡིན། ལྷ་སའི་ཆུ་གོང་གནའ་ཤུལ་ལས་གསལ་བཤད་བྱས་པ་བཞིན། ཕལ་ཆེར་ལོ་ངོ3000ཡར་སྔོན་ནས་བང་སོ་རྩིག་སྲོལ་དེ་མདོ་དབུས་མཐོ་སྒང་ཀུན་ཏུ་དར་ལ། ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་ཡས་མས་སུ་བང་སོ་བཞེངས་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་ཡོད་མོད། ང་ཚོས་ཆེས་ཉུང་བའི་གདེང་ཚོད་བྱས་ན་ཡང་། སླེབས་རིའི་བང་སོའི་ཚོགས་འདི་ལ་ལོ་ངོ་སྟོང་ཕྲག་ཡན་གྱི་ལོ་རྒྱུས་ལྡན།
དེ་མ་ཟད་བོན་གྱི་ཡིག་ཆའི་ནང་། རྒྱལ་རབས་བརྒྱད་པ་སྤུ་དེ་གོང་རྒྱལ་ནས་བོད་ལ་བོན་གྱི་དུར་གཤེན་རིག་གནས་ཆ་ཚང་ཞིག་དར་ཡོད་ལ། དུར་གཤེན་ནི་ཆེད་དུ་ཤི་བོའི་འདས་མཆོད་ཀྱི་འགན་ལེན་པ་ཡིན། བོད་ཀྱི་རྒྱལ་རབས་སོ་གཉིས་པ་རྒྱལ་པོ་སྲུང་བཙན་སྒམ་པོ་སྐུ་གཤེགས་ནས་དུར་དུ་འཇུག་སྐབས་ཀྱང་བོན་གྱི་དུར་གཤེན་པ་མི་གཉིས་ཀྱིས་འགན་ལེན་སྣེ་ཁྲིད་བྱས་པ་ཡིན་ཞེས་བཀའ་ཆེམས་ཀ་ཁོལ་མ་ལས་གསལ་པོར་བསྟན་ཡོད། དུར་གཤེན་རིག་གནས་དར་བའི་གནས་ཚུལ་དང་བསྟུན་ན། སླེབས་རིའི་བང་སོའི་ཐོག་མའི་ལོ་རྒྱུས་ཕལ་ཆེར་ལོ་ངོ་གཉིས་སྟོང་གོང་དུ་འདེད་ཐུབ་པར་གདོད་མི་ཟ།


སླེབས་རི་གྲོང་རྡལ་གྱི་རྒན་མོས་ང་ཚོ་ལ་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས།
ལོ་རྒྱུས་ཀྱི་གསང་བ་ཞིག་བཀྲོལ་འགོ་བརྩམས།

ད་ལྟའི་བར་བོད་ཀྱི་ས་ཆ་སོ་སོ་ནས་བཙན་པོའི་ཁྱིམ་རྒྱུད་ཀྱི་བང་སོ་མང་པོ་ལག་ཪྙེད་བྱུང་བའི་ནང་། ཡར་ཀླུང་འཕྱོང་རྒྱས་སུ་ཡོད་པའི་འཕྱིང་བའི་བང་སོའི་ཚོགས་དང་། དོན་མཁར་མདའི་བང་སོའི་ཚོགས། ཞང་མདའི་བང་སོ་ཚོགས་ནི་ལོ་རྒྱུས་ཡིག་ཆ་གཞིར་བཞག་ནས་འགྲེལ་བ་བྱེད་བདེ་པོ་ཡིན་ན་ཡང་། བཙན་པོའི་ཁྱིམ་རྒྱུད་མ་ཡིན་པའི་བང་སོ་མང་པོ་ཞིག་བོད་ཀྱི་རི་ལུང་མང་པོར་ཡོད་པ་འདི་དག་ལ་གསང་བའི་ལོ་རྒྱུས་ཅི་ཞིག་ཡོད་དམ།
བོད་ཀྱི་ཡིག་ཆ་ཪྙིང་པ་ཁག་ཅིག་གི་ནང་ཡར་ལུང་ཁོག་གི་བཙན་པོ་སོ་སོའི་བང་སོ་བཞེངས་སྟངས་དང་། གྲུབ་གཞི། བང་སོའི་ནང་གི་ན་པོ་གཙོ་སུ་ཡིན་པ་སོགས་རགས་བསྡུས་ཙམ་བཀོད་ཡོད། རྒྱལ་རབས27པ་ལྷ་ཐོ་ཐོ་རི་གཉན་བཙན་ནས་རྒྱལ་རབས41གླང་དར་མ་བར་གྱི་བང་སོ་ཐམས་ཅད་ཡར་ཀླུང་དུ་ཡོད་མོད། དེའི་གོང་གི་རྒྱལ་པོ་གྲི་གུམ་བཙན་པོའི་བང་སོ་ཀོང་པོའི་ཕྱོགས་སུ་ཡོད་རབས་བཤད་ཡོད་པ་དང་། ཏུན་ཧོང་གཏེར་ཡིག་གི་ལོ་ཚིག་ནང་དུ། གྲི་གུམ་བཙན་པོའི་སྲས་གཉིས་ཀྱིས་རྐོང་ཡུལ་བྲེ་སྣ་ནས་ཡབ་ཀྱི་སྤུར་ཪྙེད་ཅིང་གྱང་ཐོ་བླ་འབུབས་ཞེས་པར་བང་སོ་བཏབ་ཚུལ་བཅས་ཀྱི་ནང་དོན་བཀོད་ཡོད། ཀོང་པོ་དེ་མོ་ཞེས་པའི་ས་ཆ་ནས་ཐོན་པའི་བྲག་བརྐོས་ཡིག་གེ་དང་ཀོང་པོའི་ཡུལ་གྱི་གནས་ཡིག་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་འཕྲེང་བ་ཞེས་པའི་ནང་དུ་ཡང་གྲི་གུམ་བཙན་པོའི་སྐོར་གྱི་གནས་ཚུལ་བཀོད་ཡོད། ཡིག་ཪྙིང་ནང་གི་གྱང་ཐོ་བླ་འབུབས་ཞེས་པའི་ངོས་འཛིན་ཐད་བོད་ཀྱི་ཡོན་ཏནཔ་རྣམས་ཀྱིས་ད་ལྟའི་ཡར་ཀླུང་གཙང་པོ་དང་ཉིང་ཆུ་འདྲེས་མཚམས། གནས་མཆོག་ཀོང་པོ་བོན་རིའི་འདབས། ལྷ་རི་གྱང་ཐོའི་མདུན་དུ་ཡོད་པའི་བང་སོའི་རྣམ་པ་དེ་ནི་རྒྱལ་པོ་གྲི་གུམ་བཙན་པོའི་བང་སོ་ཡིན་པར་ངོས་འཛིན་བྱས་ཡོད་དེ། བོན་གྱི་རིག་གནས་ཞིབ་འཇུག་པ་ཆེན་པོ་མཁར་རྨེའུ་བསམ་གཏན་གྱིས་ཀྱང་གྲི་གུམ་བཙན་པོ་ཉང་པོའི་ཡུལ་དུ་བཀྲོངས་ནས་དེའི་ཕུང་པོ་ཉང་ཆུའི་ནང་དབྱུགས་པ་དང་། ཕྱིས་སུ་ཕུང་པོ་དེ་རྐོང་ཡུལ་བྲེ་སྣའི་ཁྱིམ་མཚེས་གྲོང་སྡེ་མི་ཡུལ་སྐྱི་མཐིང་ནས་ཪྙེད་ཅེས་པའི་ལྟ་ཚུལ་དེ་ཁུངས་དང་ལྡན་པ་ཞིག་ཏུ་འདོད་ཅེས་ཟེར། བོན་རིའི་དཀར་ཆག་ནང་དུའང་གྲི་གུམ་བཙན་པོའི་ཕུང་པོ་ནི་གཙང་ཆུ་དང་ཉག་ཆུ་འདྲེས་པའི་ཁུལ་ནས་ཪྙེད་ཅིང་དེ་དུར་ལ་འཇུག་པའི་མཛད་སྒོ་ནི་རྐོང་ཡུལ་བྲེ་སྣར་བྱས་སོ་ཞེས་བཀོད་ཡོད། གྲི་གུམ་བཙན་པོ་སྐུ་བཀྲོངས་རྗེས་སམ་རྒྱལ་པོ་འདི་ཉིད་འདས་རྗེས་སུ་ཐོགས་པའི་མིང་ཞིག་ཏུ་ངོས་འཛིན་བྱེད་འོས་ལ། དེ་ལྟར་ན་རྒྱལ་པོ་འདི་མ་བཀྲོངས་པའི་སྔོན་གྱི་མིང་དེ་ཅི་ཞིག་ཡིན་ནམ། གྲི་གུམ་བཙན་པོའི་རྗེས་ཀྱི་བཙན་པོ་གཞན་པ་རྣམས་ཀྱི་བང་སོ་གང་དུ་ཡོད་དམ། ངོ་མ། ང་ཚོ་ས་ཆ་འདིར་སླེབས་པའི་དགའ་ཚོར་དང་། ས་ཆ་འདིས་ང་ཚོ་ལ་སྤྲད་པའི་དོགས་གནད་འདི་དག་ཀྱང་ཇི་ལྟར་འགྲེལ་ལམ། འདི་དག་ནི་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གསང་བ་སྐོར་ཞིག་སྟེ། ང་ཚོའི་མིག་མདུན་དུ་ཡོད་པའི་སླེབས་རིའི་བང་སོའི་ཚོགས་འདི་གསང་བ་འབའ་ཞིག་གི་མཇུག་བསྡོམས་མིན་པའི་ངེས་པ་ཅི་ཡོད་ཨང་།
ལྡེའུ་ཆོས་འབྱུང་དང་རྒྱལ་རབས་གསལ་བའི་མེ་ལོང་དུ་བཀོད་པ་བཞིན། གནམ་གྱི་ཁྲི་བདུན་བང་སོ་གནམ་ལ་བཏབ། སྟོད་ཀྱི་སྟེང་གཉིས་བང་སོ་གཡའ་ལ་བཏབ། ས་ཡི་ལེགས་དྲུག་བང་སོ་སྤང་ལ་བཏབ། འོག་གི་སྡེ་བརྒྱད་བང་སོ་ཆུ་ལ་བཏབ་ཡོད་ཟེར་ལ། དེ་ནི་བོད་ཀྱི་ཐོག་མའི་བཙན་པོ་རིམ་བྱུང་གི་བང་སོའི་བྱུང་ཁུངས་ཙམ་ལས། རྒྱལ་པོའི་འཁོར་ཚོགས་སམ་རྒྱལ་རྒྱུད་མ་ཡིན་པའི་ཁྱིམ་རྒྱུད་དག་གི་བང་སོ་རེ་རེའི་བདག་པོ་སུ་ཡིན་ནམ།


ལྟ་སྐོར་ཚོགས་པར་སླེབས་རི་གྲོང་རྡལ་གྱི་གྲོང་མི་ལ་གནས་ཚུལ་སྐོར་ལ་བཅར་འདྲི་བྱེད་བཞིན་པ།

དེ་སྔོན་གྱི་ཞིབ་མཇུག་པས་ཕྱོགས་བསྡོམས་བྱེད་དུས། སླེབས་རིའི་བང་སོའི་ཚོགས་ལ་ཁོ་ཚོ་རང་ཉིད་ཀྱིས་ཨང་རྟགས་བཀོད་ཡོད་པ་བཞིན། བང་སོ155ནང་ནས་ཁྲམ་བྱང་ཞིག་གི་སྟེང་བླའ་ཅུ་ཞེས་པའི་ཡི་གེ་བྲིས་ཡོད་པ་གསལ་པོར་ཟིན་བྲིས་སུ་བཏབ་ཡོད་ལ། དེའི་དོན་ཅི་ཡིན་འདྲི་རྟགས་ཆེན་པོ་ཞིག་གིས་ཕྱོགས་བསྡོམས་བྱས་ཡོད། འོན་ཀྱང་། ང་ཚོས་ཤེས་རྟོགས་བྱས་པ་ལྟར་ན། བོན་གྱི་རྒྱུ་བོན་རིག་བཞིའི་ནང་གཏོགས་པའི་སྣང་གཤེན་གྱི་ཁོངས་སུ་མིའི་བླ་འབོད་པའམ་བླ་འཁྱེར་ཟེར་བའི་གདོད་མིའི་རིག་གནས་ཀྱི་ཁུངས་ཡོད་ལ། བླ་བླུ་ཆུ་བླུ་ཡང་ཟེར་སྲོལ་ཡོད། རིག་གནས་ཀྱི་སྣང་ཚུལ་དེ་ནི་ཟངས་ཀྱི་སླ་ང་ཆེནཔོའི་ནང་དུ་ཆུ་བླུགས། དེ་ནས་མར་གྱི་ལུག་ཅིག་བཟོས། དེའི་སྒང་དུ་བླ་འཁྱམ་པའི་མི་དེའི་མིང་ཡོད་པའི་ཤོག་ལྷེ་ཞིག་སྦྱར། ལུག་དེ་ཤིང་ངམ་ལྕགས་ཀྱི་སྡེར་མའི་སྟེང་བཞག་ནས་ཟངས་ཀྱི་སླ་ངའི་ནང་ཆུའི་སྟེང་དུ་སྐོར་བ་རྒྱག་པ་རེད། ལུག་དེ་བླ་འཁྱམ་པའི་མི་དེ་ལ་ཁ་མ་བསློགས་བར་དུ་སྐོར་བ་ཐེངས་གསུམ་བརྒྱབ་སྟེ་བླ་འཁྱམ་མིན་དང་ཚུར་འགུག་ཐུབ་མིན་ལ་དཔྱད་པ་རེད། དེ་མ་ཟད་རྒྱུའི་ཡི་བོན་དུ་གཏོགས་པའི་སྲིད་གཤེན་གྱི་རིག་གནས་ཁོངས་སུ་མི་ཤི་པའི་རྗེས་ཀྱི་རོ་བཏུལ་བའི་ཐབས་ཤེས་སུམ་བརྒྱ་དྲུག་ཅུ་ཐམ་པ་བསྟན་ཡོད་ལ། དེ་ལ་ཤི་ཐབས་ཡང་ཟེར་སྲོལ་ཡོད་པ་སྟེ། ཐབས་ཤེས་དེ་དག་ཀོང་པོ་ས་ཆར་དར་ཆེ་བ་མཁས་དབང་དུང་དཀར་ཚང་གིས་ཀྱང་གསུངས་ཡོད་པ་བཞིན། བླའ་ཅུའམ་བླ་ཆུ་ཟེར་བའི་དགོས་པ་ཡང་འདི་ལས་འདའ་ས་མེད་སྙམ། དེའི་ཕྱིར་བང་སོའི་ཚོགས་འདིས་ཡུལ་ཁ་འདིའི་མེས་པོ་རྣམ་པའི་གདོད་མའི་ཆོས་ལུགས་འདུ་ཤེས་ཤིག་ཀྱང་གསལ་བཤད་བྱེད་བཞིན་ཡོད་ཤས་ཆེ།
ངོ་མ། ང་ཚོ་སླེབས་རི་ལ་སླེབས་པས། རང་ངོས་ནས་བོད་ཀྱི་གདོད་མའི་ལོ་རྒྱུས་ཀྱི་གསང་བ་ཞིག་བཀྲོལ་འགོ་བརྩམས་ལ། སླེབས་རི་ལ་སླེབས་པས་ཕ་མས་ཡང་མེས་རྣམས་ཀྱི་རབ་རིབ་ཀྱི་བྱུང་བ་རྣམས་རབ་རིབ་ནས་རབ་རིབ་ཏུ་མཐོང་མི་ཐུབ་པར་གྱུར། ང་ཚོའི་མིག་མདུན་དུ་ད་དུང་མེས་པོས་བྲིས་པའི་གླེགས་བམ་མང་པོ་བརྒྱུད་ནས་ལོ་རྒྱུས་ཀྱི་གསང་བ་ལ་འགྲེལ་བཤད་བྱེད་རྒྱུའི་འགན་ཁུར་ཡོད་ཨང་།

རྩོམ་པ་པོ་ཀུན་དགའ་ཡེ་ཤེས་ལགས་ནས་དངོས་སུ་པར་རིས་མཁོ་འདོན་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག