ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> མདོ་སྨད་རྔ་བ་སྣང་ཞིག་དགོན།
མདོ་སྨད་རྔ་བ་སྣང་ཞིག་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

  

སྣང་དགོན་དཀར་ཆག་བྱིས་པའི་མགུལ་རྒྱན།

སྤྲོས་བྲལ་ཐུགས་ཉིད་གཡའ་དག་ལྷ་ལམ་ཐུགས། །ཁྲུལ་བྲལ་གསུངས་དབྱངས་རྒོལ་འཇོམས་དབྱར་རྔའི་གསུང༌། །
ཟླ་བྲལ་སྐུ་བརྗིད་མོས་སྣང་རྟ་ལྗང་སྐུ། །སྒྲིབ་བྲལ་ལྷག་པའི་ལྷ་མཆོག་གཙུག་ན་ལྷག།

ཤེས་བྱ་རིན་ཆེན་མཛོད་ལ་དབང་བསྒྱུར་ཏེ། །རབ་ཟབ་མདོ་སྔགས་བསམ་འཕེལ་ནོར་བླངས་ནས།
རྒྱལ་བསྟན་རྒྱལ་མཚན་རྩེ་ལ་མཆོད་པ་ཡི། །མཚན་ལྡན་བླ་མ་རྣམ་གཉིས་ཞབས་ལ་འདུད།།

རྒྱལ་བསྟན་དྲི་མེད་ནམ་མཁའ་ཡངས་པའི་ཁམས། །སྤྱོད་ཚུལ་དྲི་བྲལ་སྲུང་ཁྲིམས་ཆ་རྫོགས་ཤིང༌། །
རྒྱལ་གསུང་དགའ་ཚལ་བཞད་པའི་དཔལ་ཤར་བ། །བློ་གྲོས་འོད་སྟོང་འཁྱུད་དེ་ལན་བརྒྱར་འདུད། །

ཕྱོགས་དུས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་གར། །རྒྱལ་བསྟན་བསྟན་པའི་གསལ་བྱེད་སྣང་ཞིག་པ། །
མཁྱེན་རབ་རབ་རྒྱས་སྙིགས་དུས་འགྲོ་བའི་མགོན། །བཀའ་རྒྱུད་རྒྱུད་འཛིན་དྲིན་ཆེན་བླ་མ་མཁྱེན།།

རབ་འབྱམས་མདོ་སྔགས་མཚོ་འཇིངས་ལས་ཐོན་པའི།།རབ་ཟབ་ལུང་རྟོགས་ནོར་གྱིས་མགུལ་སྤུད་ཅིང༌། །
རབ་སྙན་ལུང་རིགས་དབྱངས་ཀྱིས་ཡིད་འཕྲོག་པའི། །རབ་མང་མཁན་སློབ་ཚོགས་ཀུན་དད་ཕྱག་བརྩེགས།།

རྣམ་གསུམ་ཚུལ་ཁྲིམས་ཡན་ལག་འདབ་སྟོང་དབུས། །རྣམ་དག་ལྟ་སྒོམ་གེ་སར་འབུམ་རྫོགས་ཤིང༌། །
རྣམ་དཔྱོད་བློ་གྲོས་འཛུམ་པའི་མདངས་གསལ་བའི། །རྣམ་འདྲེན་ཡོངས་འཛིན་ཆེན་པོ་ཕྱག་གི་ཡུལ།།

བསྟན་གཙོ་སྣང་སྟོན་རིན་ཆེན་རྒྱལ་མཚན་ནས། བསྟན་པ་རིམ་བཞིན་དར་ཞིང་རྒྱས་ཚུལ་སོགས། །
བསྟན་འཛིན་དམ་པའི་ཞལ་རྒྱུན་གཅིག་དྲིལ་ནས། །བསྟན་ལ་མོས་རྣམས་གསལ་འདེབས་འདི་བཀོད་དོ།།

༧ །གང་ཞིག་བསྟན་པ་རྣམ་པར་དག་མ་དག །འབྱུང་ཁུངས་སྟོན་པ་དག་ལ་རག་ལས་གསུངས། །དེས་ན་སྣང་སྟོན་གདུང་རབས་གྲོལ་ཚུལ་གྱི། །བྱུང་ཁུངས་ལོ་རྒྱུས་དོན་གྱིས་བསྡུས་ཏེ་བཤད།།འཛམ་གླིང་སོག་ཁ་བོན་གྱི་འབྱུང་གནས་སུ།། གདུང་རྒྱུད་འཛིན་པའི་རྒྱལ་པོ་སྡེ་དྲུག་བྱོན། ། མཁའ་འགྱིང་གཉན་རྒྱུད་རིགས་སྣང་འོད་རྒྱལ་དེ། ། ཁྱུང་གསུམ་སྤྲུལ་ནས་ཞང་ཞུང་ཡུལ་དུ་ཕེབས།།དཀར་ནག་སེར་ཁྲའི་སྒོ་ང་བཞི་བཞག་པའི།། ཁྱེའུ་རེ་བྱུང་མུ་ཁྱུང་རྒྱན་བྱ་བའི། །གདུང་རྒྱུད་ཞང་ཞུང་སད་ནེ་གའུ་ཞེས། ། གར་གཤོག་སྟག་ཤམ་འཕྲུལ་ཡིག་རྫོགས་པ་བྱུང༌།། གང་དེའི་སློབ་རྒྱུད་ཞུ་སྒོམ་འཁྲུལ་ཞིག་གིས།། དབུས་གཙང་ཡུལ་དུ་དཀའ་ཐུབ་མཐར་ཕྱིན་ནས།། མདོ་སྨད་རྨ་རིར་འགྲོ་དོན་དགོངས་ཏེ་བྱོན།། སྐུ་གསུང་ཐུགས་སྲས་ཞིག་ཆེན་བཅོ་བརྒྱད་བྱུང༌། །དེ་ལྟར་ཞིག་ཆེན་བཅོ་བརྒྱད་གཙོ་བོ་སྟེ།། སད་ནེའི་གདུང་རྒྱུད་སྣང་ཞིག་དོ་འཕགས་ཉིད། །གཟིགས་དགོངས་མཛད་པས་མདོ་ཁམས་སའི་ཐིག་ལེ།།རྔ་གཡང་ཕྱུག་མོའི་ལྗོངས་འདིར་གཟིགས་ཏེ་བྱོན། །ས་ཡི་མཚན་མ་རྨ་བྱས་གར་བསྒྱུར་འདྲའི།། དངུལ་གཞུང་དཀྱིལ་དུ་རྒྱལ་བསྟན་ཕུན་ཚོགས་གླིང༌།། གཡས་ཟུར་མཎྚལ་སྤུངས་འདྲའི་ས་དབྱིབས་སྟེང༌། །བཀྲ་ཤིས་གཡུང་དྲུང་གླིང་གི་ས་རུ་གཟིགས།། སྐུ་ཕྲེང་གཉིས་པ་ཉི་མ་འཛིན་བྱ་བས།། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་བཞེངས།། དེར་རྗེས་སྐུ་ཕྲེང་ཉི་ཤུ་རྩ་དྲུག་ལ།། གྲུབ་སྡེ་སེར་འཚོགས་མང་པོའི་སྲོལ་ལམ་སྤེལ།། རིམ་གྱིས་བསགས་པའི་ནང་རྟེན་མདོར་བསྡུས་ན།། སྐུ་གསུང་ཐུགས་རྟེན་གངས་བྲག་བརྩེགས་ལྟར་བཀྲམ། ། མཆོད་ཆ་འཛམ་གླིང་གཏེར་ཁ་ཕྱེ་བ་བཞིན།། བགྲང་བས་ཚད་མཐའ་ཟིན་པའི་སྒྲིམ་པོ་སུ།། འོན་ཀྱང་ལེགས་བྱས་བྱ་ལམ་ཡངས་པ་ན།། གཙང་རིགས་དངོས་རྫས་རྒྱུ་སྐར་བཀྲམ་པ་ནས།། རགས་རིམ་ཙམ་གྱིས་རྒྱུ་སྐར་འདི་འོ་ཞེས།། མོས་ལྡན་བུ་ལ་གསལ་འདེབས་རོ་འཛིན་གཡོ། ། རྟེན་གཙོ་སྟོན་པའི་འཕེལ་གདུང་རྒྱ་མདུད་མ།། སྤ་རིགས་བསྟན་རྒྱལ་དབུ་ཡང་འོད་སྲུང་ཚེམས།། ན་རོའི་རུས་རྒྱན་དགོངས་མཛོད་ཤ་རི་རམ།། རྡོ་ལ་ཡི་གེ་ཨ་དཀར་རང་བྱོན་བཞུགས།། སྣང་ཞིག་དོ་འཕགས་ཆེན་པོའི་ཤ་རི་རམ།། གྲུ་བཞི་རྒྱ་མདུད་བཻཌཱུའི་མདངས་འཛིན་དང༌།། རྒྱུད་འཛིན་རིམ་བྱོན་དམ་པའི་འཕེལ་གདུང་ལ།། ཕུར་གང་ཙམ་ཞིག་འགྲོ་བའི་རྟེན་དུ་བཞུགས།། ཁྱད་པར་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི།། ངོ་མཚར་དབུ་ཡངས་པད་དཀར་མདངས་ལྡན་དབུས།། ཀུན་བཟང་རང་བྱོན་ཡིག་འབྲུ་སྣ་ཚོགས་མདངས།། མཐོང་སྣང་མི་འདྲ་ཤར་བའི་རྟེན་གཅིག་བཞུགས།། དབྱིབས་དང་ཁ་དོག་ཀུན་ནས་མི་མཐུན་པའི།- ། སྐུ་གསུང་ཐུགས་རྟེན་ཤ་རི་རམ་གསུམ་དང༌།། དངུལ་རྐོང་སྒྲོན་མེ་རང་འགྲུབ་འགྱིང་དཀར་སོགས།། དགེ་བསྙེན་ཆེན་པོས་དམ་རྟགས་ཕུལ་བ་མང༌།། དངུལ་གྱི་སྟོན་པ་གསུང་འབྱོན་ལོ་བརྒྱད་ཚད།། རིན་ཆེན་དང་པོའི་ཇོ་བོ་གསུང་འབྱོན་དང༌། ། རྣམ་རྒྱལ་གསེར་སྐུ་ལོ་བརྒྱད་ཚད་ལྡན་སོགས།། རིན་ཆེན་དང་པོའི་སྐུ་གཟུགས་གྲངས་མཐའ་མེད།-། ཁམས་ཆེན་བྱ་བྲིས་དུམ་བུ་བཅུ་དྲུག་དང༌།། གསེར་བྲིས་དྲི་མེད་སྐལ་བཟང་ཀླུ་འབུམ་སོགས། ། གསུང་རབ་གསེར་ཡིག་གྲངས་མང་རྟེན་དུ་བཞེངས།། ཨ་དཀར་རང་བྱོན་དུང་དཀར་ཁྱད་འཕགས་བཞུགས།། བྱོལ་སོང་ཡིན་ཡང་སྣང་སྟོན་ཞབས་འཁོད་པའི།། ཆིབས་རྟའི་ཚེ་རྫོགས་མགོ་ནས་རང་བསྲེལ་བརྡོལ།- །རིག་འཛིན་གོང་མས་གཏེར་ལས་སྤྱན་དྲངས་པའི།། མཁར་སིལ་དུང་དཀར་གོ་མཚོན་སྣ་དགུ་བཞུགས།།དང་པོ་དགེ་བསྙེན་དམ་དུ་མ་བཏགས་པས།།དགེ་བསྙེན་ཐུགས་ཁྲོས་ཆོ་འཕྲུལ་མང་བསྟན་ཚེ།- །རྡོ་བཅིང་གྲི་མདུད་ཕྱག་ཞབས་རྗེས་བཞག་པའི། །ལྷ་དང་བླ་མས་རྫུ་འཕྲུལ་འགྲན་རྟགས་མང༌།། རྒྱ་ནག་གོང་མས་ཞབས་འདེགས་བྱེད་དགོངས་ནས།། བཅས་ཁྲིམས་གསེར་ཡིག་ཐམ་ཁ་ཅན་ཞིག་དང༌།། ཆེ་རྟགས་གསེར་ཐམ་འདྲ་མིན་གནང་བ་འདིས།། གངས་ཅན་བོད་ཁམས་འདི་ནས་ཁྱད་པར་འཕགས།།མི་ཆོས་གཙང་མས་སྲིད་གཉིས་ཁྲིམས་སྐྱོངས་པའི།།ས་བདག་ཆུ་ཆེན་རྒྱལ་པོས་དད་རྟེན་དུ།། ཕུལ་བའི་གཤང་ཆེན་མཐའ་སྐོར་མཐོ་བདུན་པ།། ཀ་རྟགས་ཅན་སོགས་མཆོད་ཆ་མང་པོ་ཡོད། ། སྐུ་ཕྲེང་རི་མིག་ཤེས་རབ་བློ་གྲོས་ཀྱིས། ། སྤྱི་ཁྱབ་བསྔོ་རྟེན་གསེར་ཕྱེ་བྲེ་གང་གིས།། བཞེངས་པའི་བཀའ་དང་བཀའ་རྟེན་སྐུ་གཟུགས་སོགས།། མཆོད་པའི་རྟེན་དུ་རྟེན་གསུམ་གྲངས་མང་བཞུགས།། གུང་ཐང་འཇམ་པའི་དབྱངས་ཀྱི་རྟེན་སྐལ་ལ།། སྐུ་རྟེན་གསེར་གྱི་སྒྲོལ་མ་ཁྲུ་གང་ཚད།། གསུང་རྟེན་གསེར་ཡུམ་དུམ་བུ་བཅུ་གཉིས་པ།། ཐུགས་རྟེན་བཀའ་གདམ་མཆོད་རྟེན་ལུ་མ་བཞུགས།། འཇིག་རྟེན་གཡང་རྫས་བྱུ་རུའི་སྡོང་བོ་དང༌།། བྲུག་གི་ཀླད་པ་སེང་གེའི་འོ་མ་སྟེ།། གླང་ཆེན་མཆེ་དང་རིན་ཆེན་སྣ་ལྔ་སོགས། ། ངོ་མཚར་གཡང་ཆའི་རྟེན་ཀྱང་བརྗོད་མཐའ་མེད།- །སྐུ་ཕྲེང་ཉེར་དགུ་རིན་ཆེན་རྒྱལ་མཚན་གྱིས། །སྣང་སྟོན་དོ་འཕགས་ཐུགས་བསྐྱེད་སྨོན་ལམ་བཞིན། ། རབ་བྱུང་བཅུ་གསུམ་མེ་ཕོ་ཁྱི་ལོ་ལ།། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་གླིང་བཏབ།། འོད་གསལ་ལྷ་ཡི་རིགས་རུས་ངེས་པའི་ཕྱིར།། རྒྱབ་རི་ཕྱུག་མོ་རྦང་བཙན་གཏེར་བདག་གིས།། འཆི་མེད་གནམ་གྱི་འཇུ་ཐག་འཐེན་འདྲ་བའི། - །ངོ་མཚར་རི་བོ་རྒྱབ་རིར་ལེགས་པར་དགོངས། །རྩོད་གྲྭ་ལུང་རིགས་མཛོད་འཛིན་ཐོས་བསམ་གླིང༌། །ཕས་རྒོལ་ལོག་རྟོག་ཐག་པས་བཅིངས་པ་རྣམས། །སྐད་ཅིག་ཉི་ལ་དགྲོལ་བར་བྱ་བའི་ཕྱིར། །གཡས་རི་ཤེས་རབ་རལ་གྲི་ཕྱར་འདྲར་དགོངས།། སྒོམ་གྲྭ་ཟབ་ལམ་མངའ་བདག་གསང་སྔགས་གླིང༌། །རིམ་གཉིས་ལྟ་བའི་གཤོག་རྩལ་རབ་རྫོགས་ཤིང༌། ། འབྱོར་ལྡན་མཆོད་སྦྱིན་ཟན་ལ་རོལ་བའི་ཕྱིར།།གཡོན་རི་རྨ་བྱ་ཆུ་འཐུང་བབས་འདྲར་དགོངས། །མདོ་སྔགས་ཟུང་འབྲེལ་གྲུབ་མཐའི་རྒྱལ་པོ་འདི། །ལོག་པའི་གྲུབ་མཐའི་དྲི་མས་མི་གོས་ཤིང༌། །ལྟ་སྤྱོད་ཟབ་མོ་གཞན་དུ་མི་འགྱུར་ཕྱིར།།མདུན་རི་གཡུང་དྲུང་འགྱུར་མེད་ལེགས་པར་གཟིགས། །དེ་ལྟར་གཟིགས་དགོངས་མཛད་པ་སྔོན་བཏང་ནས། །ཆོས་ནོར་གང་གིས་དབུལ་བ་སེལ་ཕྱིར་དུ། །ས་གཞི་རིན་ཆེན་མཎྚལ་སྤུང་འདྲའི་སྟེང༌། །བཀྲ་ཤིས་གཡུང་དྲུང་གླིང་གི་ཐུགས་བཀོད་མཛད།། ཤར་དུ་དུས་འཁོར་གྲྭ་ཚང་བོན་གྱི་མཛོད།། སྒྲ་ཚད་ལུང་རིགས་གདོང་ལྔའི་སྒྲ་དབྱངས་ཀྱིས།- །རྒོལ་ངན་རི་དྭགས་ཚོགས་རྣམས་འཇོམས་བྱེད་པའི།། མཁས་མང་འདུ་གནས་བཀྲ་ཤིས་གཡུང་དྲུང་གླིང།།ནུབ་ཏུ་སྨན་ལྷའི་གྲྭ་ཚང་ལུང་རིགས་མཛོད།། ཐོས་བསམ་སྒོམ་པའི་འདབ་སྟོང་བཞད་པའི་དབུས། །འཆད་རྩོད་རྩོམ་པའི་གེ་སར་འབུམ་རྫོགས་པའི། །སྲིད་ཞིའི་མཛེས་རྒྱན་བཀྲ་ཤིས་པད་ཚལ་གླིང༌། །བྱང་དུ་ཀུན་རིག་གྲྭ་ཚང་དགྲ་བཅོམ་སྡེ།། རྣམ་དག་ལྟ་བའི་ཀུན་གསལ་ཡངས་པའི་ངོགས།། སྒོམ་པ་འགྱུར་མེད་ཚ་ཟེར་རབ་རྒྱས་པའི།། འབྲས་བུ་མངོན་གྱུར་བཀྲ་ཤིས་བོན་འཁོར་གླིང༌།། ལྷོ་རུ་རྣམ་རྒྱལ་གྲྭ་ཚང་ཕུན་ཚོགས་གཏེར། །ཟབ་མོ་སྤྲོས་བྲལ་ལྟ་བའི་ནོར་བུ་མཆོག །མདོ་སྔགས་བསྟན་པའི་རྒྱལ་མཚན་རྩེར་མཆོད་པའི། །དགོས་འདོད་ཀུན་འབྱུང་བཀྲ་ཤིས་ནོར་བུའི་གླིང༌། །གྲྭ་ཚང་དེ་བཞིའི་འཚོགས་ཐེབས་འགྲིག་ལམ་སོགས། ། ངེས་མེད་རང་འདོད་ཕྱོགས་སུ་མི་འགྱུར་ཕྱིར། །དབུ་བཞུགས་ནང་ཆེན་རེ་དང་བཅའ་ཡིག་རེ།། བོན་སེམས་མ་བུ་ངོ་འཕྲོད་ཇི་བཞིན་སྦྱར།།རྨད་བྱུང་རྒྱལ་བསྟན་ནོར་བུའི་ཡང་རྩེ་ན།། སྐུ་ཕྲེང་མེ་ཡོན་བསྟན་པའི་ཉི་མ་ཡིས། །རིག་གྲོལ་བཀྲ་ཤིས་སྒོ་མང་ཁང་འདི་བཞེངས།།ནང་རྟེན་ཕུན་ཚོགས་བསྟན་འགྲོའི་དཔལ་དུ་བཞག ། རྟེན་གཙོ་རྣམ་མཁྱེན་སྟོན་པའི་ཤ་རི་རམ། །ཞང་ཞུང་ཅི་ཀྲོམ་དཀར་པོའི་དབུ་ཡང་དང༌། །གསུང་རབ་པོ་ཏི་སྟོང་ཕྲག་གྲངས་ཙམ་སོགས།།རྗེས་འཇུག་འགྲོ་བ་སྐྱོབ་པའི་རྟེན་དུ་བཞུགས། ། རྟེན་དང་བྱིན་རླབས་ཕུན་ཚོགས་གཏེར་གྱུར་ཞིང༌།། རྨད་བྱུང་གཡུ་བྱུར་རཏྣའི་ཕྲས་བརྒྱན་པའི།། དངུལ་གྱི་སྐུ་གདུང་བང་རིམ་དགུ་བ་ཅན།།སྣང་སྟོན་བློ་གྲོས་ཐོགས་མེད་རྟེན་གཙོར་བཞེངས།། གཞན་ཡང་དངུལ་སྐུ་བྱིས་པ་ལོ་བརྒྱད་ཚད།། གསེར་བྲིས་བསྐལ་བཟང་མཆོག་ལྷ་སྟོང་ལྡན་དང༌། །གདུང་ཚ་ཡི་གེ་ཨ་དཀར་རང་བྱོན་སོགས།།བློ་གྲོས་ཐོགས་མེད་སྐུ་གསུང་ཐུགས་རྟེན་བཞུགས།། ནང་རྟེན་དབུ་ཡང་ན་བཟའ་ཀུན་འཛོམ་ཞིང༌། །རྔམས་བརྗིད་ཏི་སེའི་མདངས་འཕྲོག་གཡུ་བྱུར་སོགས། །རིན་ཆེན་ཕྲ་ལྡན་དངུལ་གྱི་སྐུ་གདུང་གཅིག །སྣང་སྟོན་བསྟན་པའི་ཉི་མའི་རྟེན་གཙོར་བཞེངས།།སྐུ་ཡི་རྟེན་དུ་དངུལ་སྐུ་ལོ་བརྒྱད་ཚད། །གསུང་རྟེན་གསེར་བྲིས་དྲི་མེད་གཟི་བརྗིད་དང༌། །ཐུགས་རྟེན་གདུང་ཚ་རང་བསྲེལ་རང་བྱོན་སོགས། ། བསྟན་པའི་ཉི་མའི་སྐུ་གསུང་ཐུགས་རྟེན་བཞུགས།།གངས་ཀྱི་ལྷུན་པོར་རྒྱུ་སྐར་ཚོམ་བཀོད་འདྲའི། །དངུལ་གྱི་སྐུ་གདུང་གཡུ་བྱུར་ཕྲ་ལྡན་ཞིང༌། །ནང་བཅུད་དབུ་ཡང་རྟེན་མཆོག་དཔལ་འཛིན་པའི། །གྲུབ་དབང་གཡུང་དྲུང་བསྟན་འཛིན་རྟེན་གཙོར་བཞེངས། །དངུལ་སྐུ་ལོ་བརྒྱད་ཚད་ལྡན་སྐུ་ཡི་རྟེན། །ཁམས་ཆེན་དུམ་བུ་བཅུ་དྲུག་གསུང་གི་རྟེན། །གདུང་ཚ་རང་བསྲེལ་རང་བྱོན་ཐུགས་ཀྱི་རྟེན།  །གྲུབ་དབང་རྟེན་གསུམ་འགྲོ་བའི་རྟེན་དུ་བཞུགས། །ན་བཟའ་གོས་དྲུག་ཤ་རི་རམ་ལ་སོགས། ། ནང་རྟེན་ཕུན་ཚོགས་རཏྣའི་ཕྲ་སྤྲས་པའི། །གསེར་རིའི་མདངས་འཕྲོག་རིན་ཆེན་སྐུ་གདུང་གཅིག། སྣང་སྟོན་ནམ་མཁའ་བློ་གྲོས་རྟེན་གཙོར་བཞེངས། །སྐུ་ཡི་རྟེན་དུ་གསེར་སྐུ་ལོ་བརྒྱད་ཚད།། གསུང་རྟེན་གཡུང་དྲུང་ལས་དག་པར་དུ་བསྐྲུན། །ཐུགས་རྟེན་འཕེལ་གདུང་རང་བྱོན་སཙྪ་སོགས། །ནམ་མཁའ་བློ་གྲོས་སྐུ་གསུང་ཐུགས་རྟེན་བཞུགས། །མཉམ་མེད་སྐུ་བརྗིད་གངས་ཀྱི་ལྷུན་པོ་ལ།། རྣམ་གསུམ་ཚུལ་གོས་མཚམས་སྤྲིན་མདངས་འཁྱུད་རྩེར། །འཛུམ་ཞལ་ཉ་ཆེན་ཟླ་བ་ཚེས་པ་འདྲའི། །བཟོད་བཀོད་དཔེ་འདས་གོས་སྐུ་ཆེན་མོ་བཞུགས།- །རིན་ཆེན་དང་པོའི་ལི་ཤུ་སྟག་རིང་སྐུ།།གཞོན་ནུ་ན་ཚོད་བཅུ་དྲུག་དཔལ་འཛིན་དང༌།། དྲང་སྲོང་གཟའ་མཆོག་ཆེན་པོ་བབས་རྗེས་སོགས། །ལན་ཅིག་མཇལ་བས་གདུང་བ་སེལ་བྱེད་མང༌། །རྟེན་མཆོག་དེ་རྣམས་མདུན་དུ་ཆག་མེད་ཀྱི། །ཡོན་ཆབ་སྟོང་དང་མར་མེ་བརྒྱ་རྩ་བརྒྱད། །དྲང་སྲོང་ཁྲིམས་ལྡན་གཉིས་ཀྱིས་རྒྱུན་མཆོད་པས། །ཚོགས་གཉིས་དགེ་རྩ་རི་བོའི་གཏོས་ལ་འགྲན།  །ཟ་འོག་ཕྲག་གསོལ་འཕེན་གདུགས་རྒྱལ་མཚན་དང༌།། གསེར་དངུལ་སྤོས་ཕོར་རྐོང་འཐེབ་དུང་གླིང་སྦུབ།། གཡུ་བྱུར་མཎྚལ་མཁར་སིལ་མཆོད་པ་འདིས།། ཕུན་ཚོགས་ལྷ་ཡི་དཔལ་ལ་བརྙེགས་པར་བྱེད། །རིགས་རུས་ཆེ་རྟགས་གསེར་ཏོག་རྒྱལ་མཚན་དང༌།  །ལུགས་གཉིས་ཁྲིམས་བདག་མཚོན་ཕྱིར་དར་ཆེན་ཟུང༌། །རྒྱུད་འཛིན་བླ་སློབ་ཞབས་པད་བརྟན་ཕྱིར་དུ།། གཡུང་དྲུང་ལྟ་བུའི་ལྕགས་རིས་ཀུན་ནས་བསྐོར། །རིང་མོའི་དུས་ནས་རིག་འཛིན་ལུང་གིས་ཟིན། །བཀྲ་ཤིས་རྟེན་འབྲེལ་རྟགས་ཀྱིས་མདུན་བསུས་ནས། །རབ་བྱུང་བཅོ་ལྔ་ལྕགས་མོ་ཡོས་ལོ་ལ།། མཚན་དཔེའི་དཔལ་རྫོགས་ནམ་མཁའ་བློ་གྲོས་བྱོན། །གང་དེའི་མཛད་ཕྲིན་མདོ་སྔགས་ཟུང་འབྲེལ་གྱིས། ། མཚན་ཉིད་གཞུང་ཆེན་དྲུག་གི་རྩོད་གྲྭ་བཙུག ས།། སྡོམ་གསུམ་རྒྱུད་འཛིན་སེམས་དཔའ་ལྔ་བརྒྱ་བསྡུས། །རྒྱལ་པོ་དམ་བཏགས་འཚོགས་ཐེབ་རྒྱ་ཆེན་བསྒྲུབས།།རྟག་གཟིགས་ཞང་བོད་མཁས་པ་རྒྱན་དྲུག་ཚབ།། ནང་ཆེན་ཆེ་དྲུག་བསྟན་པའི་དཔལ་དུ་ཤར། །རྔ་འབྲོག་རྒྱ་རོང་ཤར་ཁོག་བྱང་དབུས་སུ། །སྣང་སྟོན་ཚབ་བྱས་རྒྱུ་ནོར་དཔག་མེད་བསྡུས།།ཕྲ་རབ་རྡུལ་བསགས་རི་རབ་ལྷུན་པོ་བཞིན། །སོ་སོའི་འབུལ་སྡུད་གཅིག་སྟེང་གཉིས་སྣོན་གྱིས། །དགེ་འདུན་འཚོགས་ཐེབ་རྒྱུ་ནོར་བུན་ཁུར་བའི། །སྦྱིན་བདག་སྤྱི་བ་ཆེ་ཆུང་བཅུ་དྲུག་བཞ།།འཚོགས་ཆེན་སྤྱི་རྫས་ཇ་མར་ནས་དངུལ་སོགས། །ཐམས་ཅད་སྒོར་མོའི་གྲངས་སུ་ཕབ་གྱུར་ན།། དགུ་ཁྲི་བདུན་སྟོང་དགུ་བརྒྱའི་བུན་ཁུར་བའི། །འཚོགས་ཆེན་སྤྱི་བ་བརྒྱད་ཀྱིས་འཚོ་རྟེན་འབུལ།།ཚངས་པའི་རལ་པ་ལས་འོང་གང་གའི་རྒྱུན།།དྲང་སྲོང་ཛ་ཧུའི་ཞལ་གྱིས་རྔུབས་པ་བཞིན།། གོང་མའི་གདམས་ངག་ཐོབ་པའི་དཔོན་སློབ་བརྒྱད།  །རིམ་གྱིས་བྱོན་ནས་མདོ་སྔགས་བསྟན་པ་སྤེལ། །སྐུ་ཕྲེང་སོ་དགུ་གསེར་ཁྲི་ལྔ་བ་ཞེས། །སྐྱབས་མཆོག་གཡུང་དྲུང་བསྟན་པ་རབ་རྒྱས་ཀྱི།། ཐུགས་བསྐྱེད་ཉི་ཟླས་བསྟན་འགྲོའི་དགའ་ཚལ་བཞད། །འཚོགས་ཐེབ་གསར་བཞག་སེམས་དཔའ་བདུན་བརྒྱ་བསྡུས། །འཚོགས་ཆེན་འདུ་ཁང་ཀ་བ་མིག་ཕྱོགས་ཅན། །བཞེངས་བཀོད་མཛད་ཚེ་བོན་སྡེ་ཕྱི་ཡི་གྲོགས།།ནང་ཆེན་ཆེ་དྲུག་དགེ་འདུན་ནང་གི་གྲོགས།། སྟོབས་ལྡན་བོན་སྐྱོང་གསང་བའི་གྲོགས་སུ་བསྐུལ། ། སྣང་སྟོན་དེ་ཡི་ཐུགས་བསྐྱེད་སྨོན་ལམ་དང༌། །མཆོག་གསུམ་སྲུང་མའི་ཚོགས་ཀྱིས་མཐུན་སྩོལ་བས། །རིང་བོར་མ་ཐོགས་ཟླ་བ་དགུ་ཙམ་གྱིས།། ཕྱི་ནང་བཀོད་པ་ཐུགས་བསྐྱེད་ལྟར་འགྲུབ་སོང༌། །འདུ་ཁང་དེ་ཡི་ཕྱི་ནང་ཐུགས་བཀོད་དང༌། །ནང་རྟེན་མཆོད་རྫས་ཇི་ལྟར་ཡོད་ཅེ་ན།།ཕྲ་ཞིབ་རྫོགས་པར་བཤད་པའི་ལྕེ་ཐུང་ཡང༌།། རགས་ཙམ་བརྗོད་འདོད་རྨོངས་པའི་མཆུ་སོ་འགུལ། ། ལྷ་གནས་དགའ་ཚལ་ས་ལ་འཕོས་པ་འདྲའི།། རིན་ཆེན་དང་པོའི་སངས་རྒྱས་སྟོང་སྐུ་དེ།།སྣང་སྟོན་རྒྱལ་ཚབ་ཚུལ་ཁྲིམས་བསྟན་འཛིན་གྱིས། །ཐབས་ཤེས་འཕྲུལ་གྱིས་རྒྱ་ནག་ཡུལ་ནས་དྲངས།། གསེར་གྱི་ལྷུན་པོར་ཉི་འོད་འབུམ་འཁྱུད་འདྲའི། ། ནང་རྟེན་ཕུན་ཚོགས་གསེར་གདུང་ཆེན་མོ་དེ། །སྣང་སྟོན་རྒྱལ་ཚབ་ཤེས་རབ་བསྟན་འཛིན་གྱིས། །རྒྱ་གར་ཡུལ་ནས་དྲེལ་ཁལ་བརྒྱད་ཀྱིས་དྲངས། །སྟོན་པས་གསུངས་པའི་ཁྱད་པར་བཞི་ལྡན་བོན། ། བཀའ་འགྱུར་པོ་ཏི་བརྒྱ་དང་དྲུག་ཅུ་ཙམ། །སྣང་སྟོན་རྒྱལ་ཚབ་བསྟན་འཛིན་རྒྱལ་མཚན་གྱིས།- །རྒྱ་རོང་ཁྲོ་ཆེན་ཡུལ་ནས་འདིར་གདན་དྲངས།། དེ་ལྟར་སྟོན་པའི་སྐུ་གསུང་ཐུགས་རྟེན་མདུན། །ཡོན་ཆབ་ཉིས་སྟོང་མར་མེ་ཉིས་བརྒྱ་སོགས། །དྲང་སྲོང་ཁྲིམས་ལྡན་རྣམ་བཞིས་མཆོད་འབུལ་གྱི། དགེ་རྩ་གཟུགས་ཡོད་སྟོང་གསུམ་སྣོད་དུ་ཆུང༌།- །གསེར་དངུལ་མཎྚལ་རྐོང་འཐེབ་གྲངས་མང་དང༌།། དུང་གླིང་འཕེན་དར་གདུགས་དང་རྒྱལ་མཚན་སོགས། །མཆོད་རྫས་མི་འདྲ་མི་མཐུན་སྣ་ཚོགས་པ། །ནང་ཁྱམས་ཕུག་མཇལ་མཛེས་པའི་རྒྱན་ཡིན་ནོ། །དེ་འོག་བར་ཁྱམས་འདུ་ཁང་ནང་དུ་ཡང༌།- །ཀུན་མཁྱེན་རྒྱལ་བ་གཉིས་པའི་སྐུ་ཡི་རྟེན། །བཞི་ཁྲུའི་ཚད་ལྡན་རིན་ཆེན་དང་པོའི་སྐུ། །དད་པའི་རྟེན་དུ་རིང་མོའི་དུས་ནས་བཞུགས། ། བཀའ་རྟེན་པོ་ཏི་སུམ་བརྒྱའི་གྲངས་ཙམ་ཞིག །ཀུན་མཁྱེན་བླ་མའི་གསུང་གི་རྟེན་དུ་བཞེངས།། རིན་ཆེན་གཉིས་པའི་མཆོད་རྟེན་རྣམ་པར་བརྒྱད། །ཀུན་མཁྱེན་བླ་མའི་ཐུགས་ཀྱི་རྟེན་དུ་བཞུགས།། རྨད་བྱུང་རིན་ཆེན་དང་པོའི་སྟོན་པ་དང༌། །ངག་དབང་བཀྲ་ཤིས་དུང་དཀར་འཇིག་མེད་ཟུང༌། །རིན་ཆེན་སྣ་ལྔའི་མཆོད་རྟེན་བཀོད་ལེགས་སོགས།། སྣང་སྟོན་རིན་ཆེན་རྒྱལ་མཚན་རྟེན་གསུམ་འཛོམ།།རྒྱ་མཐོངས་ནང་སྐོར་ཀ་བ་ཉི་ཤུའི་འགོར། །དབུས་སུ་རྟེན་གཙོ་རྣམ་པར་རྒྱལ་བའི་སྐུ། །གཡས་གཡོན་རྒྱན་དྲུག་ཟུར་བཞི་ཁྲོ་བཞི་དང༌། །རྟགས་བརྒྱད་ཉི་མ་ཟླ་བས་ཡོངས་སུ་བསྐོར། །དེ་འོག་ཕྱོགས་མཚམས་མཆོད་འབུལ་ལྷ་མོ་བརྒྱད།།ན་ཚོད་བརྒྱད་ཀྱི་ལང་ཚོས་གར་བསྒྱུར་ཏེ། །སྤོས་མེ་རྔ་གཤང་རོལ་མོའི་མཆོད་འབུལ་དེས།། འབྱོར་ལྡན་ཡོངས་ལ་མཆོད་པའི་དྲན་གསོ་བསྐུལ།།དེ་འོག་རིགས་དྲུག་སོ་སོར་འདྲེན་པའི་ལྷ།། འདུལ་བ་གཤེན་དྲུག་ལོ་བརྒྱད་ཚད་ལྡན་སྐུས། །རྣམ་དཔྱོད་གར་གྱིས་གསུང་དབྱངས་འདོམ་ཚུལ་གྱིས། །སྐྱེས་བུ་གང་ཞིག་དགེ་ལ་གཞོལ་བར་བྱེད། - །འབྲུག་ཁྱུང་ཆུ་སྲིན་རྨ་བྱའི་གཟུགས་བརྙན་དང༌། ། ཤིང་ལོ་པ་ཏྲ་ནོར་བུའི་ཀ་ཚར་སོགས། །རྒྱུག་མཆོང་འཕུར་ལྡིང་འབུར་དུ་བཏོད་པ་ཡི། །སྒྱུ་མའི་འཕྲུལ་འདྲའི་གཟུགས་བརྙན་གྲངས་མང་མཆིས།།རྒྱ་མཐོངས་མཐའ་སྐོར་ཀུན་དགའ་ར་བའི་ནང༌། །དྲི་མེད་ཤེལ་གྱི་ཁང་བཟང་མང་པོས་བསྐོར། །དབུས་སུ་བསྟན་གཙོ་གཤེན་ལྷ་འོད་དཀར་སྐུ། །ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་ཏེ་བཞུགས། །དེའི་མཐར་གཡོན་དུ་གསང་སྔགས་བསྟན་པ་ཡི།།སྟོན་པ་ཁྱེའུ་འཆི་མེད་གཙུག་ཕུད་སོགས། །གསང་བདག་རལ་གྲི་ཐོད་ཁྲག་འཛིན་པ་ཡི། །མཐིང་སྔོན་འཛུམ་པའི་གྲུབ་ཆེན་ཚོགས་རྣམས་བཞུགས། །གཡས་སུ་སྟོན་པ་ཁྲི་གཙུག་རྒྱལ་བ་སོགས། །ཚུལ་གོས་རྣམ་གསུམ་ངུར་སྨྲིག་གོས་བསྣམས་ཤིང༌། །མཁར་གསིལ་ལྷུང་བཟེད་དྲང་སྲོང་ཚུལ་འཛིན་པའི། །འདུལ་རྒྱུད་མཁན་སློབ་ཚོགས་རྣམས་རིམ་གྱིས་བཞུགས། །རྒྱལ་བའི་རྣམ་ཐར་མཛད་པ་བཅུ་གཉིས་དང༌། །སྐྱབས་འགྲོ་སྐྱེས་ཚོགས་ཆོ་ག་བཅུ་གཉིས་སོགས། །གསེར་ཐང་ཟ་འོག་གོས་ཀྱི་མཐའ་ཤམ་ཅན།།ཕྲིན་ལས་རི་མོས་གསལ་འདེབས་བྱེད་པ་མང༌།། ཕྱོགས་བཞིའི་གྱེན་ཐང་ཞི་རྒྱས་དབང་དྲག་ལྷ། །ཕན་ཚུན་མ་བསྣོལ་ལུང་དང་མཐུན་པར་བཀོད། །ཤར་ནུབ་སྒོ་ཆུང་གསེར་དངུལ་པ་ཏྲ་ཅན།།འབྲུག་ཁྱུང་ཆུ་སྲིན་སེང་གེའི་གཟུགས་ཀྱིས་བརྒྱན། །སྐུ་གཟུགས་རྟེན་གསུམ་གཟུངས་འཇུག་ལེགས་སྦྱར་ཞིང༌། །ཁ་དོག་མ་འདྲེས་སྣ་ཚོགས་མདངས་གསལ་བའི། །བཟོ་དྲུབ་སྒྱུ་མའི་འཕྲུལ་ལས་བཏོན་པ་འདྲའི། །སྟོང་ཕྲག་གྲངས་འཛིན་ནོར་བུའི་རྒྱན་ཕྲེང་བཞི།། དཀར་ནག་རྒྱ་ཡུལ་འགྲིམ་པའི་འབྱོར་ལྡན་གྱིས།། སྣ་ཚོགས་གོས་ཀྱིས་བསོད་ནམས་ཚོགས་རྫོགས་ཕྱིར།། རྒྱལ་མཚན་འཕེན་གདུགས་མང་པོའི་མཆོད་བཤམས་དེ། །སྟོང་གསུམ་ཡོ་བྱད་གཅིག་ཏུ་སྤུངས་པ་འདྲ།། ཐུན་མིན་རིང་ལུགས་མདོ་སྔགས་ཟུང་འབྲེལ་ཡང༌།།སྡེ་གཉིས་སྒྲིག་ལམ་སྤང་བསྒྱུར་ཐ་དད་ཕྱིར། །གླིང་ཚན་གཉིས་ལ་བཅའ་ཡིག་སོ་སོ་དང༌། །དགེ་དབྱུག་གཉིས་ནི་ཁྲོ་ཆེན་རྒྱལ་པོས་ཕུལ། །དེ་འོག་ཕྱི་ཁྱམས་སྒོ་འཕྱོར་ཆེན་པོ་རུ། ། གྱད་དང་ཤང་ཤང་དཔལ་མགོན་ཆེ་བརྒྱད་ཀྱིས། །ཁྲོ་གཏུམ་འགྲེང་བཏུད་བཞད་འཛུམ་རོལ་རྩེད་ཀྱི།། གཟུགས་བརྙན་འདི་དག་ཨེ་མ་བློ་ལས་ཡར།།འབྲུག་ཁྱུང་ཆུ་སྲིན་རྨ་བྱའི་ཟློས་གར་ངོམ། །དམར་སེར་ཚོན་གྱིས་རྟ་བདུན་སྣང་བ་འགོག། ངོ་མཚར་རི་མོ་སྒྱུ་མའི་འཕྲུལ་ཕྱུང་འདྲའི།།གསེར་ཁང་འདི་ཡིས་རྫོགས་ལྡན་འགུགས་པར་བྱེད། ། རིན་ཆེན་ལས་གྲུབ་སྒོ་ཆེན་གཡས་གཡོན་དུ།། ལྟ་ཞིང་ཉན་པའི་རྒྱལ་ཆེན་སྡེ་བཞི་འགྱིང༌།། གསེར་གྱི་འབྲུག་གཉིས་བར་སྣང་ཁམས་ལ་མཆོང༌།།སེང་གེ་བརྒྱད་ཀྱིས་འོག་གཞི་གནོན་ཚུལ་མཛད། །འདིར་ཞུགས་སྤང་བསྒྱུར་གྲོལ་བའི་ལམ་པ་དང༌། །ཇ་ཐུག་མང་ཇས་མཆོད་པའི་དད་ལྡན་རྣམས། །ཚེ་བསོད་གཟི་བརྗིད་ལྷ་ལ་བརྙེགས་པའི་ཕྱིར། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་གར་གྱིས་འགྱིང༌།། འདི་ཕྱིའི་མདུན་མ་ལེགས་པའི་མི་རྣམས་ཀྱང༌།། བདེ་ཆེན་ཞིང་དུ་སྨོན་པ་གལ་ཆེ་བས། །ཞིང་དེའི་ཡོན་ཏན་རང་བཞིན་མཛུབ་སྟོན་གྱི། །གསལ་འདེབས་ཞིང་བཀོད་ཀླུ་དབང་ཕྱོགས་ནས་བསྟན།།གང་ཞིག་མི་དགེའི་ལས་ཀྱིས་ཚེ་འཕོས་ནས། །ཉོན་མོངས་དབང་གིས་རིགས་དྲུག་གར་སྐྱེས་ཀྱང༌། །ཚ་གྲང་སོགས་ཀྱིས་བདེ་བའི་སྐབས་མེད་པས། །དུག་ལྔ་སུན་འབྱིན་ཆ་ལྔའི་འཁོར་ལོ་བཀོད།།ལུང་རིགས་ཉིན་བྱེད་འོད་ཀྱིས་སྟོངས་པ་ཡི། །ལོག་རྟོག་མུན་པར་འཁྱམས་ལ་ཕན་ཕྱིར་དུ། །བཅུ་ཕྲག་རིག་པའི་གནས་ཀྱི་འབྱུང་ཁུངས་ཀྱི།། ལེགས་ཤད་ཟླ་བའི་འཛུམ་ཟེར་ངོམ་བཞིན་ཡོད། ། མདོ་སྔགས་ཟུང་འབྲེལ་རྒྱལ་བ་སྨན་རི་བའི།། རིང་ལུགས་ཇི་བཞིན་མ་གཏོགས་འདོད་དབང་གིས། །བསྒྱུར་འདོད་ཝ་སྐྱེས་ཚོགས་རྣམས་འཇོམས་བྱེད་ཀྱི། །འཚོགས་གཏམ་སེང་གེའི་ངར་སྐད་ནང་དུ་བསྒྲགས། ། ཚིག་དོན་གཏེར་གྱུར་ཀུན་འཁོར་འདྲ་མིན་གཟུགས།། སྒྲ་སྙན་སྡེབས་སྦྱོར་སུམ་ལྡན་དབུ་བརྒྱན་ནས།། སྤུངས་མར་ཡི་གེའི་གཟུགས་བཟང་བཀོད་པ་དེས། །བཅུ་ཕྲག་རིག་པའི་བདག་པོའི་ཡོན་ཏན་ངོམ། །ཕྱོགས་ལས་རྣམ་རྒྱལ་ཁང་བཟང་ཡང་ཐོག་གི །གཡས་སུ་པར་ཁང་ཆེན་མོ་ཞེས་བྱ་བར།།རྨེའུ་དཔལ་མཉམ་མེད་ཀུན་མཁྱེན་ཉི་མིང་གི །གསུང་འབུམ་དཀའ་གནད་གསལ་བའི་པར་རྣམས་བཞུགས།། གཡོན་དུ་སྒྲུབ་ཁང་ཆེན་མོར་བོན་སྐྱོང་ཚོགས།། རྒྱུན་མཆོད་ཚོགས་འཁོར་ཆག་མེད་རྩོལ་བའི་སྒྲུབ། །མ་བདུད་བཙན་གསུམ་སྐུ་བརྙན་རང་བྱོན་རྣམས། །ལྟ་བའི་མི་མངོན་སྦས་པའི་ཚུལ་གྱིས་བཞུགས།། ཕྱོགས་ བཞིར་རིན་ཆེན་སྤན་རྒྱན་ཆ་བརྒྱད་དང༌། །ཟུར་བཞིར་གསེར་གྱི་རྒྱལ་མཚན་ཆེ་བ་བཞི།། དབུས་སུ་གསེར་ཏོག་གཞི་འདོམ་གཉིས་ཀྱི་ཚད། །མདུན་ཕྱོགས་རི་དྭགས་བོན་འཁོར་ཚད་མེད་བཞུགས།།འདུ་ཁང་དེ་ཡི་ཕྱོགས་བཞི་སྟེང་འོག་ཀུན།། རྣམ་རྒྱལ་གཏེར་བུམ་གྲངས་མང་རྟེན་དུ་བཞག། དྲང་སྲོང་ཁྲིམས་ལྡན་བླ་གྲྭ་ལྔ་བཅུ་ནས།། མངའ་གསོལ་རབ་གནས་རྒྱས་པའི་ཆོ་ག་རྫོགས། །ནང་དུ་སྨིན་གྲོལ་བཅུད་འཛོམ་ཇ་ཁང་ནང༌། །གསེར་ཟངས་ཆེན་མོ་སྨོན་པ་ཡོངས་འགྲུབ་གཉིས། །ཤར་ལྷོ་ནུབ་བྱང་གྲྭ་ཚང་རྣམ་པ་བཞིའི།།གསེར་ཟངས་འདོད་དགུ་བསམ་འཕེལ་བཞི་ཡིས་བསྐོར།། རིན་ཆེན་གཉིས་པའི་སྤྲས་འབུར་མེ་ཏོག་དང༌། །འབྲུག་དང་ཆུ་སྲིན་དབུ་ཡིས་རབ་བརྒྱན་པའི། །ཟངས་ཀྱི་ཇ་བྲ་སྤོས་ལེགས་དབང་ཟླའི་གྲངས། །རག་བྲ་ཉི་ཤུ་རྩ་ལྔའི་གྲངས་ཙམ་མཆིས། །གཞན་ཡང་རྒྱུན་འཁྱེར་གཡའ་དང་དྲི་བྲལ་བའི། ། གསེར་གྱི་སྤྲས་འབུར་ཟངས་ ཀྱི་མཆུ་སྒྲོས་ཅན།། ཤུག་པའི་ཇ་བྲ་ཐུག་ཟོ་ལྔ་བཅུའི་གྲངས།། རྡུལ་ཕྱིས་ལེགས་པའི་གཟི་མདངས་ངོམ་བཞིན་ཡོད།། ནུབ་ཏུ་བོན་སྤྱོད་བསམ་གཏན་ཁང་བཟང་ནང༌། །གསུང་དབྱངས་ལྷ་མཆོག་སྨྲ་བའི་སེང་གེ་སོགས། །ཤེས་རབ་ལྷ་བདུན་སྐུ་བརྙན་བྲིས་འབུར་གྱི།།བཅུ་ཕྲག་གཞུང་བརྒྱ་འདྲེན་པའི་རྣམ་དཔྱོད་མཛད། །དེའི་མདུན་རྩོད་གྲྭའི་ར་བ་རྒྱ་ཆེའི་ནང༌། །ཐོས་བསམ་གསར་ཞུགས་ཁ་དོག་དཀར་དམར་ནས། །བསླབ་པ་མཐར་སོན་སྔགས་རིམ་མན་ཆད་ཀྱིས། །གཞུང་ཆེན་དྲུག་གི་ཚིག་དོན་རྩོད་འཐེན་བྱེད།། དང་པོའི་འཇུག་སྒོ་ཁ་དོག་དཀར་དམར་དང༌། །ཁྱབ་ཕྲན་རྩོད་པའི་བསྡུས་ཆུང་འཛིན་གྲྭ་གཉིས། །ཕྲ་ཞིབ་རིག་ལམ་སྒྱུ་མའི་རྟ་ཞོན་ཏེ། །ཚིག་འཕྲུལ་ལྕག་གིས་བྲབ་ནས་འགྲན་བསྡུར་ངོམ།། དེའི་ཡན་བསྡུས་འབྲིང་བསྡུས་ཆེན་འཛིན་གྲྭ་གཉིས།། བསྡུས་ཚན་བཅོ་བརྒྱད་རིག་པའི་རྩལ་སྦྱངས་ཏེ། །ཐལ་ཕྲེང་ཤེས་རབ་རལ་གྲི་སོ་གཉིས་ཀྱིས།། ཡིན་སྒྲུབ་མིན་དགག་རྩོད་པའི་རྣམ་དཔྱོད་འགྲན།།དེའི་ཡན་བློ་རྟགས་ཚད་མའི་འཛིན་གྲྭ་གཉིས། །དཔྱད་གསུམ་དག་པའི་ལུང་གི་གནམ་རུ་ལ།། ཚུལ་གསུམ་ཚང་པའི་གཏན་ཚིགས་མདའ་སྦྱར་ནས། །འཕངས་པས་དགག་བྱའི་འབེན་ལ་སུས་བསྣུན་རྩོད།། དེའི་ཡན་གཞུང་གསར་ཕར་ཕྱིན་འཛིན་གྲྭ་གཉིས།། རྒྱ་ཆེའི་གཞུང་འགྲེལ་བྱ་ལམ་མཐའ་བཅད་དེ།། ཕས་རྒོལ་ལོག་རྟོག་སྦྲུམ་མའི་མངལ་ལྷུང་བའི།། ལུང་རིགས་གཡུ་འབྲུག་སྔོན་མོའི་ངར་སྐད་སྒྲོག།། དེའི་ཡན་མཛོད་འདུལ་འཛིན་གྲྭ་གོང་འོག་གཉིས།།ཐེག་ཆེན་ལྟ་བའི་གངས་རིར་གནས་བཅས་ནས། །རྣམ་དཔྱོད་གཡུ་རལ་ཤིགས་སེ་འགྱིང་བཞིན་དུ།། ལུང་རིགས་དབྱངས་ཀྱིས་ཕས་རྒོལ་དོན་སྙིང་འགས། །དེའི་ཡན་དབུ་མ་གསར་རྙིང་འཛིན་གྲྭ་གཉིས། །རྟག་ཆད་མཐའ་བྲལ་ལམ་གྱི་གྲུར་ཞུགས་ཏེ། །དབུ་མའི་གཞུང་ལུགས་རྒྱ་མཚོའི་གཏིང་གཞལ་ནས།། སྤྲོས་མེད་ལྟ་བའི་ནོར་བུ་སུས་རྙེད་རྩོད། །དེའི་ཡན་ཡང་རྩེ་སྔགས་རིམ་འཛིན་གྲྭ་ཡིས། །རིམ་གཉིས་ཟབ་མོའི་ལམ་གྱི་གཟུང་རྣོན་གྱིས།། དཀའ་གནད་ཏོག་ཙམ་ཚིག་དོན་སྒོ་ཕྱེ་ནས། །ལྟ་སྒོམ་རིན་ཆེན་ལུང་རིགས་དར་གྱིས་དྲངས། །དེ་ལྟར་གཞུང་ཆེན་རྩོད་པའི་ངལ་གསོའི་ མཚམས། །བརྡ་དག་ཡན་ལག་བརྒྱད་ལྡན་ཆབ་བླངས་ནས། །སྒྲ་སོགས་རིག་གནས་འབྲས་དཀར་སྤུངས་པའི་ཐུག །སྙན་ཚིག་མཆོད་པའི་དབྱངས་ཀྱིས་དྲངས་ཏེ་གསོལ། །ནུབ་ཕྱོགས་ཡིད་འོང་ཉམས་དགའི་ཕོ་ཕྲང་ནང༌། །སྲིད་གསུམ་མངའ་བདག་རྒྱལ་ཆེན་དགེ་བསྙེན་དང༌། །ནང་འཁོར་བཀའ་བློན་རྣམ་བཞིའི་འཁོར་ཚོགས་ཀྱིས། །དགྲ་སྡེ་ཕྱེ་མར་འཐག་པའི་ཕྲིན་ལས་མཛད། །ནང་བསྟན་རྒྱལ་ཆེན་སྐུ་ཟོབ་འབག་ཞལ་མདངས། །མཐོང་སྣང་མི་འདྲ་ཤིགས་ཤིགས་འགུལ་ནུས་ཤིང༌། །ཞབས་གདན་བསྟན་དགྲའི་བམ་རོའི་ཁ་ནང་ནས། །ཁྲག་གི་ཐིགས་པ་རང་འབབ་གཅིག་ བཞུགས་སོ། །ནང་འཁོར་བཀའ་བློན་རྣམ་བཞིའི་སྐུ་ཟོབ་འབག །གཞན་དང་མི་འདྲ་ངོ་མཚར་ལྷ་བབ་སྐུ། །ཆོ་འཕྲུལ་ཁྲོ་བཞད་ཕྱག་མཚན་བརྗེ་རེས་དང༌། །གབ་མངོན་སྤེལ་བཞིན་དྲེགས་པའི་ཚུལ་གྱིས་འགྱིང༌། །སྲིད་རྒྱལ་ཐུགས་སྤྲུལ་ཤ་ཟན་རྒྱལ་མོ་ཡི། །སྐུ་ཟོབ་འབག་ཞལ་དབུ་སྐྲ་རང་སྐྱེས་ཅན། །ཟོལ་གྱིས་འགྱིང་བའི་ཞབས་གདན་བྱིས་པ་ནས། །བསྟན་དགྲ་བསྒྲལ་རྟགས་མྱ་ངན་སྐེ་རེ་འཆོར། །གཞན་ཡང་རྡོ་རིལ་འདམ་ལྟར་བཅིངས་བ་དང༌།།ཁ་དོག་སྣ་ལྔའི་མདངས་གསལ་རྒྱ་མཚོའི་རྡོ། །གྲུ་མདུང་ཤང་ལང་དར་རྐུད་བཞིན་མདུད་པའི། །ལྷ་དང་བླ་མས་རྫུ་འཕྲུལ་འགྲན་རྟགས་མང༌། །མཐའ་དབུས་བན་བོན་རེས་སུ་མ་ཆད་པས། །གསེར་དངུལ་རྐོང་འཐེབ་དར་ཟབ་མཆོད་པས་བསྟོད། །རྒྱུན་མཆོད་ཚོགས་འཁོར་བསང་གསོལ་གཞུང་བསྲང་བའི། །རྨ་མེད་དྲང་སྲོང་གཅིག་གིས་སྒྲུབ་པ་མཛད། །ཞ་དཀར་བོན་ལས་ཐ་ཚིག་མི་འགྱུར་ཕྱིར། །ཕྱི་ཁྱོན་གཡུང་དྲུང་ལྟ་བུའི་ལྕགས་རིའི་བསྐོར། །དགྲ་སྡེ་བརླགས་པའི་ཕྲིན་ལས་མཚོན་ཕྱིར་དུ། །ཐིག་ནག་ཁ་ཏྲཾ་རྩེ་གསུམ་སྟེང་ནས་ངོམ། །མདོ་སྨད་ས་ཡི་ཐིག་ལེ་རྨེའུ་རྒྱལ་དང༌། །དུད་ཁ་ཁྲི་སྡེའི་སྟོབས་ཤུགས་གཅིག་བསྒྲིལ་ནས། །དཔངས་ཚན་ཉི་ཟླའི་མདུན་ལ་སླེབས་པ་འདྲའི། །ངོ་མཚར་མཆོད་རྟེན་སྐྱེ་དགུའི་རྟེན་དུ་བཞེངས། །ཕྱི་བརྩིགས་ཁྲོ་ཕུར་སྟག་ལྷའི་རྡོ་བརྐོས་དང༌། །བར་དུ་རྣམ་རྒྱལ་རྡོ་བརྐོས་གཏེར་བུམ་བརྩིགས། །ནང་བཅུད་བཀའ་དང་རྟེན་འགྱུར་ཀུན་རྫོགས་ཤིང༌། །ཡང་སྙིང་སྤ་རིགས་བསྟན་རྒྱལ་དབུ་ཡང་བཞུགས། །རྩ་བར་སྟོང་འཁོར་ལྕགས་རིས་ཕྱོགས་བཞི་བསྐོར། །བར་དུ་ཞི་རྒྱས་དབང་དྲག་ལྷ་ཚོགས་བཀོད། །སྟེང་དུ་བསྟན་གཙོ་རྣམ་པར་རྒྱལ་བའི་སྐུ། །ཡོན་ཆབ་མར་མེའི་མཆོད་པ་ཆག་མེད་འབུལ། །དེ་འདྲའི་རྣམ་རྒྱལ་མཆོད་རྟེན་ཡང་རྩེ༌། །དུས་བཟང་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ནང༌། །རྣམ་གསུམ་ཚུལ་གོས་གྱོན་པའི་བླ་མ་ནས། །དབང་བསྐུར་ཁྲུས་གསོལ་བྱེད་པ་མཐོང་བ་མང༌། །སྟེང་དུ་ལྷ་རྣམས་དགྱེས་པས་འཇའ་གུར་དབུབ། །བར་དུ་མི་རྣམས་མོས་པས་ཕྱག་བསྐོར་མཛད། །འོག་ཏུ་ཀླུ་ཡིས་རྒྱ་་་་་མཚོའི་ཡོན་ཆབ་འབུལ། །ལྷ་ཀླུ་མི་ཡིས་བཀུར་བའི་རྟེན་འདི་རྨད།།ཕྱི་ལྟར་རྣམ་རྒྱལ་མཆོད་རྟེན་ནང་ལྟར་ན། །མཁའ་སྤྱོད་ཕོ་བྲང་ཡང་གསང་བདེ་གནས་འདིར། །གོམ་གཅིག་བོར་བས་ཚེ་གཅིག་བར་ཆོད་ཞི། །ཚེ་རྫོགས་རྟག་གཟིགས་ཡུལ་དུ་སྐྱེ་ངེས་གསུང༌།། རྟག་གཟིགས་ཤམ་པོ་ལྷ་རྩེའི་ཕོ་བྲང་ནས། །གཤེན་རབ་ཐུགས་སྤྲུལ་བོན་རིའི་དབུ་རྩེ་དང༌། །སྣང་དགོན་རྣམ་རྒྱལ་མཆོད་རྟེན་རྩེ་མོའི་བར། །འཇའ་ཚོན་སྤྲིན་གྱིས་འབྲེལ་ཞེས་གསུངས་པ་མང༌།།བརྒྱ་ཕྲག་རྩེ་མོའི་གྲངས་འཛིན་གྲྭ་ཁང་དབུས། །ཆེ་བརྗིད་ལེགས་པའི་ཚུལ་གྱིས་འཕགས་པ་ཡི། །ནང་ཆེན་ཆེ་དྲུག་བླ་བྲང་སོ་སོའི་ནང༌། །སྐུ་གསུང་ཐུགས་རྟེན་བཞུགས་ཚུལ་གཞན་ནས་གསལ།-།འཇིགས་བརྒྱད་སྲུང་ཞིང་གཞན་ལ་སྐྱབས་སྦྱིན་ཚུལ། །ཕུར་སྟག་བྱམས་གདུགས་འཁོར་ལོས་ཟུར་བཞི་སྲུང༌། །ཕ་རོལ་དུན་ཙེའི་བྱད་ཁ་ཟློག་པའི་ཐབས། །བྱད་ཟློག་མཆོད་རྟེན་ལྡོག་པ་མདོ་ན་བརྩིགས། །ཕྱོགས་བཞིར་གླིང་ཆུང་བཞི་ཡི་དར་ཆེན་བཞི། །མཚམས་བཞིར་ཡིག་བརྒྱའི་འཁོར་ལོ་ཆེ་བཞི་དང༌། །མཐའ་སྐོར་སྟོང་འཁོར་ལྕགས་རིའི་ཚུལ་འཛིན་པ། །རྔ་ཡུལ་སྣང་དགོན་ཕྱི་སྣོད་ཆགས་ཚུལ་ལོ། །དེ་ནི་སྔ་དར་བསྟན་པའི་ལོ་རྒྱུས་ཏེ། །དེ་བཞིན་སླར་ཡང་མི་རིང་འབྱུང་འདོད་ན། །དེ་དོན་ཡིད་ལ་ངེས་བཞིན་གསོལ་ཐོབ་དང༌། །དེ་ལྟར་མི་འོང་ངེས་པ་ཅི་ཞིག་ཡོད། །ད་དུང་སེམས་དཔའི་སྒྲིག་ལམ་གྲུ་གཟེངས་ཀྱིས། །མང་འཚོགས་རིན་ཆེན་འབྱུང་གནས་ལེགས་བགྲོད་ནས། །མདོ་སྔགས་ལུང་རིགས་མ་ནི་ཀ་ལེན་ཚུལ།།དགོས་གལ་ཆེ་ཡང་རེ་ཞིག་དེ་ཙམ་མོ། །བསྟན་པའི་བཀའ་སྲུང་མ་མཆོག་སྲིད་པའི་རྒྱལ། །བདུད་བཙན་རྒྱལ་པོ་ཤེལ་ཁྲབ་གྲགས་སེང་དང༌། །དགེ་བསྙེན་ཤ་ཟན་བོན་སྐྱོང་རྒྱ་མཚོའི་སྡེ།- །གཡེར་མེད་སྲུང་སྐྱོབ་སྡོང་གྲོགས་མ་ཞན་ཅིག །སྔོན་གོམས་ལེགས་སྨོན་དུས་ཀྱིས་ཉེར་དྲངས་ཏེ། །འཆད་རྩོད་རྩོམ་པའི་བློ་གྲོས་འདབ་ཡངས་ཤིང༌། །ཟབ་མོ་ལྟ་བའི་གེ་སར་གཏེར་འཛིན་པའི། །བསླབ་གསུམ་དྲི་བསུང་འཐུལ་རྣམས་ལྷན་རྒྱས་ཤོག། ༧ འདིར་ཞར་བྱུང་ཞིག་ཆེན་བཅོ་བརྒྱད་དང་ཁྱད་པར་སྣང་ཞིག་བླ་རབས་ཀྱི་གྲངས་ནི། ཞུ་སྒོམ་རྣམ་ཐར་ལས། ལས་ཀྱི་སྨོན་ལམ་མདོ་ཁམས་སྨད་ལ་ཡོད། །ང་ལ་རྒྱུད་འཛིན་ཀུན་བཟང་བྱིན་རླབས་བུ། །ཞིག་པོ་བཅོ་བརྒྱད་འགྲོ་བའི་བླ་མར་ཡོང༌། །འདྲེན་པའི་བརྒྱུད་པ་བླ་རབས་བཅོ་བརྒྱད་བར། །ང་ཡི་བྱིན་རླབས་བརྒྱུད་ནས་ཞུགས་པ་ལ། །ཁ་ལག་གང་འབྲེལ་ངན་སོང་ལྟུང་སྒོ་ཁེགས། །ཞེས་དང༌། སྐུ་ཡི་ཞིག་པོ་དྲུག་གིས་གང་མཇལ་ཐར་བར་འདྲོང༌། ཞེས་པ་ནས། སྣང་ཞིག་འབྲུ་ཞིག་ལྡོང་ཞིག་གླང་ཞིག་ཤེལ་ཞིག་སྒ་ཞིག་དྲུག་སྐུ་ཡི་ཐུགས་སྲས་ཡིན། ནག་ཞིག་གཡུ་ཞིག་སྟག་ཞིག་རྐྱང་ཞིག་སེ་ཞིག་བྲི་ཞིག་དྲུག གསུང་གི་སློབ་མ་ཡིན་པས་དཀར་པོ་སུམ་སྦྱོར་གྱི་གདམས་པ་གནང་དགོས། རྒྱ་ཞིག་འགག་ཞིག་བ་ཞིག་དང༌། ཅོག་ཞིག་གོ་ཞིག་ཨུར་ཞིག་དྲུག ཐུགས་ཀྱི་སློབ་མ་ཡིན་པས།ཨ་དཀར་ལྟ་བ་གཅིག་རྒྱུད་མ་བསྒོམ་རང་སར་གྲོལ་བའི་གདམས་པ་གནང་དགོས་ཞེས་གསུངས་ལྟར་རོ།།

༧ གཉིས་པ་སྣང་ཞིག་བླ་རབས་ཀྱི་གྲངས་ནི། དང་པོ་སྣང་ཞིག་དོ་འཕགས་བྱོན་ནས་མི་ལོ་དགུ་བརྒྱ་དང་ལྷག་སོང་སྟེ། རབ་བྱུང་དང་པོ་ས་འབྲུག་ལོར་དོ་འཕགས་སྐུ་འཁྲུངས་པའི་ཕྱིར། དེས་ན་དོ་འཕགས་ནས་བཟུང་ད་བར་དུ་སྣང་ཞིག་གི་གདུང་ལ་བླ་མ་བྱོན་རིམ་ནི། སྐུ་ཕྲེང་དང་པོ་དོ་འཕགས་སམ་ཡོན་ཏན་རྒྱལ་མཚན། ཉི་མ་འཛིན། ལྷུན་གྲུབ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན།ཟླ་བ་རྒྱལ་མཚན། ཡོན་ཏན་རྒྱལ་མཚན། ཀུན་དགའ་ལྷུན་གྲུབ།ཤེས་རབ་རྒྱལ་མཚན། ལྷུན་གྲུབ་རྒྱལ་མཚན། ཤེས་རབ་འོད་ཟེར།ཆགས་མེད་བྱ་བྲལ། བསྟན་པ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན།ཡེ་ཤེས་རྒྱལ་མཚན། བསོད་ནམས་རྒྱལ་མཚན། ལྷུན་གྲུབ་དབང་ལྡན། བསྟན་པ་ཚུལ་ཁྲིམས། རིན་ཆེན་ལྷུན་གྲུབ། ཤེས་རབ་རྒྱལ་བ། ནམ་མཁའ་རྒྱལ་མཚན། ཤེས་རབ་དབང་རྒྱལ། ཚེ་དབང་རྒྱལ་མཚན། ཚུལ་ཁྲིམས་དབང་མཆོག བསྟན་པ་ཚུལ་ཁྲིམས། བསྟན་པ་ལྷུན་གྲུབ། ཤེས་རབ་བློ་གྲོས། ཚུལ་ཁྲིམས་བསྟན་འཛིན། རིན་ཆེན་རྒྱལ་མཚན། གཡུང་དྲུང་བསྟན་པ་དར་རྒྱས། ཕུན་ཚོགས་དབང་རྒྱལ། བློ་གྲོས་ཐོགས་མེད། བསྟན་པའི་ཉི་མ། གཡུང་དྲུང་བསྟན་འཛིན། ནམ་མཁའ་བློ་གྲོས། བསྟན་པའི་རྒྱལ་མཚན། རྒྱལ་དབང་བསྟན་འཛིན། བསྟན་པ་རབ་རྒྱས། ད་ལྟ་ཞལ་བཞུགས་པ་མཆོག་སྤྲུལ་ནམ་མཁའ་བློ་ལྡན་ནོ། །དེའི་ནང་ནས་བཀྲ་ཤིས་གཡུང་དྲུང་གླིང་གི་གསེར་ཁྲིའི་རྒྱུད་རིམ་ནི། དང་པོ་རིན་ཆེན་རྒྱལ་མཚན། དེའི་བློ་གྲོས་ཐོགས་མེད། དེའི་བསྟན་པའི་ཉི་མ། དེའི་ནམ་མཁའ་བློ་གྲོས། དེའི་བསྟན་པ་རབ་རྒྱས་ཏེ་གསེར་ཁྲི་ལྔ་བའོ།། སྣང་ཞིག་བླ་རབས་ཀྱི་གྲངས་འདི་ནི་བླ་མ་གོང་མའི་རྣམ་ཐར་དང༌། དགེ་བའི་བཤེས་གཉེན་དམ་པའི་ཞལ་རྒྱུན་ལས་བཀོད་དོ།། ཞེས་པའི་སྣང་དགོན་དཀར་ཆག་བློ་གསར་མགུལ་རྒྱན་འདི་ནི་མཆེད་གྲོགས་བསོད་ནམས་གཡུང་དྲུང་གིས་བསྐུལ་བས། སྣང་དགོན་རབ་འབྱམས་ཡོངས་ཀྱི་ཐ་ཤར་བ་ནམ་མཁའ་ཚུལ་ཁྲིམས་མིང་གིས་སྦྱར་བར་ཉེས་འགལ་བཤགས་ཤིང་དགེ་སྲིད་མ་གྱུར་འགྲོ་ལ་བསྔོ།བཀྲ་ཤིས་སོ།། དགེའོ།།

སྨྲས་པ།
ལེགས་བྱས་མིག་མི་འཛུམ་གྱི་སྐྱེད་ཚལ་ལས། །
ལེགས་སྨིན་ཤེས་བྱའི་འདབ་མ་ཡོངས་རྫོགས་པ། །
ལེགས་འབྲས་སྦྲང་རྩི་འཛིན་པའི་སྨྲ་དབང་གིས། །
ལེགས་པའི་མཛོད་འཛིན་ཁྱོད་ལ་སྲུང་གྱུར་ཅིག །

སྔོན་བྱོན་རྒྱལ་དང་དེ་སྲས་རྣམ་པར་ཐར། །
སྔོན་གྱི་མཁས་གྲུབ་དུ་མའི་ཞལ་གྱི་རྒྱུན།- །
སྔོན་ནས་བཞུགས་མོད་དཀར་ཆག་འདི་ལྟ་བུ། །
སྔོན་མེད་གསར་སྤེལ་ཨེ་མ་སྨད་དུ་བྱུང༌། །

རབ་ཡངས་བསོད་ནམས་ཏི་མའི་གྲོང་ཁྱེར་ལས། །
རབ་བསྐྲུན་མཆོད་ཞིང་བཅུ་དྲུག་ལང་ཚོའི་དཔལ།།
རབ་རྫོགས་ཆ་ཤས་རང་ཞལ་ངོམ་པ་དེ། །
རབ་རྨོངས་སྒྲ་གཅན་གྱིས་སྒྲིབ་སྐལ་པ་དམན། །

མཐོང་ན་ཡིད་འཕྲོག་རེ་བའི་དོན་ལྡན་ཞིང༌། །
མཐོང་བའི་སྐལ་བཟང་ཤེས་ལྡན་སྲིད་དོ་ཅོག །
མཐོང་བ་ཙམ་གྱིས་གྲོལ་བྱེད་གློ་བུར་དུ། །
མཐོང་རྒྱུ་མེད་འདིས་བདག་ལུས་དམྱལ་བ་བ། །

འགོག་མེད་དུཿཁའི་མིག་ནས་མཆི་མའི་རྒྱུན། །
འགོག་མེད་ཡུན་རིང་བབས་ཚེ་དཀར་ཆག་འདིས། །
འགོག་ཏུ་མེད་པའི་ལེགས་འབྲས་ངོ་མཚར་གཟུགས།།
འགོག་མེད་ཤར་བས་བདག་ཡིད་ལྷའི་བདེ་བའང༌།།

བདེ་སྡུག་གཉིས་འདྲེས་འཇིག་རྟེན་བྱ་བཞག་ལ། །
འཕེལ་འགྲིབ་གཉིས་པོ་དབྱར་དགུན་གཙང་བོའི་ཆབ།།
དཀར་དམར་ཆ་གཉིས་རི་བོང་ཅན་ལ་ཡང༌། །
ཞིག་གསོ་གཉིས་ནི་དམིག་ཡུལ་འདི་ལ་ཡོད། །

རང་སེམས་གཙང་མ་དྭངས་ཤེལ་མེ་ལོང་ལ། །
ཚུལ་ཁྲིམས་གཙང་མས་ཕྱི་དོར་བྱ་བ་ལས། །
ཚུལ་འཆལ་གཙང་མེད་ལུས་ཕྲའི་བཞིན་གྱི་སྣོད། །
བྱེད་ན་གཙང་མ་འོང་བའི་བསྐལ་བ་ཕྲ། །

སྡོམ་གསུམ་རིན་ཆེན་གཙང་མའི་ནོར་བུ་དེ། །
སྒོ་གསུམ་རྒྱལ་མཚན་རྩེ་མོར་མཆོད་པ་ལ། །
གཞི་གསུམ་ཆོ་གའི་ཡུ་བ་མ་བརྟན་ན། །
ཚུལ་གསུམ་གོས་ཀྱིས་མཛེས་ཀྱང་དོན་གྱིས་སྟོང༌། །
སླད་མར་ཡང༌།
རྒྱལ་བསྟན་སྤེལ་ལ་རེ་འབྲས་དོན་ཡོད་གྱིས། །
རྒྱལ་བསྟན་སྤེལ་ལ་རེ་འབྲས་དོན་ཡོད་གྱིས། །
རྒྱལ་བསྟན་སྤེལ་ལ་རེ་འབྲས་དོན་ཡོད་གྱིས། །
རྨད་བྱུང་འཆད་རྩོད་རྩོམ་པའི་ཚུལ་འདི་ལའོ། །
མཛེས་མཛེས་རབ་དཀར་སྲིད་ན་རིང་བའི་ལྷ་གོས་དར་དཀར་དཀར། །
དཀར་དཀར་ལྷག་བསམ་དཀར་པོའི་ལྗགས་རིང་སྐྱོང་བའི་སྨྲ་མཁས་མཁས། །
མཁས་མཁས་མང་པོའི་དབུས་ན་དངོས་གསུམ་གདེང་ཐོབ་བློ་གསལ་གསལ། །
གསལ་གསལ་བཤེས་གཉེན་མདུན་དུ་གཏང་རག་ཕུལ་བའི་དར་མཛེས་མཛེས། །

ཞེས་པ་འདི་ཡང་ཚུལ་མིང་ཤེལ་ཞིན་ཧ་རའམ་མིང་གཞན་མཚོ་བྱུང་དགའ་བའི་བློ་གྲོས་སུ་འབོད་པ་བདག་ལ་གཟིགས་མོར་ཕུལ་སྐབས། དཀར་ཆག་འདི་ལ་ཡིད་ཆས་ཆེར་ཆེས་པས་ངང་ནས་ཅུང་ཟད་འདོད་བློ་མ་བསྐང་པས་ཁ་བསྐང་སྟེ། སྙན་ངག་རྒྱ་མཚོའི་རྒྱུད་ནས་ཉེ་བར་དྲངས་པའི་སྙན་ཚིག་གཡས་འཁྱིལ་དཀར་པོ། སྲིད་ན་རིང་བའི་རྒྱ་དར་དཀར་པོས་བརྒྱན་ཏེ། རྒྱལ་བར་གྱུར་ཅིག་ཅེས་ལྷག་བསམ་དཀར་པོས་དཀར་ཕྱོགས་ཀྱི་ཚེས་ལ་ཕུལ།། །། བཀྲ་ཤིས་སོ།། དགེའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག