ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> གཡས་རུ་དཀར་པོ་བྲག་གི་སྒྲུབ་གནས།
གཡས་རུ་དཀར་པོ་བྲག་གི་སྒྲུབ་གནས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་དཔལ་བཟང་།] [ཟླ་ཚེས། 10-11-26] [ཀློག་གྲངས། ]



 

      བོད་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་གི་གཡས་དངོས་སུ་སྤྱི་ལེ་གསུམ་ཙམ་ན་དཀར་པོའི་ཤངས་ནས་གཡས་རུ་དཀར་པོ་བྲག་མཇལ་ཐུབ། གནས་མཆོག་འདིར་སྔོན་བྱོན་གྱི་སྐྱེས་ཆེན་དུ་མ་ཞིག་སྒྲུབ་གནས་མཛད་སའི་གནས་མཆོག་དམ་པ་ཞིག་ཡིན། དཔེར་ན་དགོངས་མཛོད་རི་ཁྲོད་ཆེན་པོ་སོགས་མཁས་གྲུབ་གང་མང་ཞིག་སྒྲུབ་གནས་མཛད་པ་དེ།༼རབ་བྱུང་དང་པོའི་ནང་༽རྗེ་བཙུན་དམ་པ་དགོངས་མཛོད་རི་ཁྲོད་པ། དང་པོ་སྐུ་འཁྲུངས་ཡུལ་ནི། གཡས་རུ་ཤངས་ཀྱི་གུར་ཞོགས་སུ་ཡབ་རྨེའུ་ཤག་བསྟན་དང་། ཡུམ་རྡོ་རྗེ་འཚོ་གཉིས་ལ་སྲས་བཞི་ཡོད་པའི་གཅེན་པོ་ཡིན་སྐད། དེ་ཡང་སྔོན་སྦྱངས་ཀྱི་ལས་འཕྲོ་བཟང་པས། ཆུང་ནས་མི་དགེ་སོགས་རང་བཞིན་གྱི་བྲལ། གཉིས་པ་ལམ་ལ་དཀའ་བ་སྤྱད་ཚུལ་ནི། བླ་མ་ཞུ་སྐྱེ་སེའི་དྲུང་དུ་སྔགས་སེམས་ཀྱི་བོན་མང་དུ་ཞུས་ཤིང་ཐུགས་སྦྱོངས་མཛད། དེ་ནས་སློབ་དཔོན་བྲུ་ཞུ་གཉིས་ལས་དབང་འགའ་ཞིག་དང་། དགེ་བསྙེན་གྱི་སྡོམ་པ་ཞིག་ཞུས་ནས་མཚན་ཡང་གཡུང་དྲུང་རྒྱལ་པོར་བཏགས། དེ་ནས་སློབ་དཔོན་ཇོ་གཡུང་གིས་ལུང་བསྟན་ནས་གཙང་དུ་རི་ཁྲོད་འགྲིམས་ལ་སྒོམ་སྒྲུབ་མཐར་ཐོན་ཅིག་གསུང་པ་ལྟར་ཡར་བྱོན་ནས་གཡས་རུ་དཀར་པོའི་བྲག་ལས་སོགས་རི་ཁྲོད་འགྲིམས་ཤིང་། ཤངས་ཀྱི་དཀར་པོ་བྲག་ལ་བྱོན་ནས་ཏྲེ་སྟོན་གོ་ཆ་དང་རྗེ་བཙུན་ཁྲོ་ཚང་གཉིས་ཀྱི་ཞལ་གདམས་ལས་སོགས་ཉམས་ལེན་ལོ་འགར་སྒོམ་མཛད་ནས་བཞུགས། འཁྲུལ་སྣང་བོན་ཉིད་དུ་གྲོལ་ལོ། གསུམ་པ་གཞན་དོན་ཤེས་རྒྱུད་གྲོལ་ཚུལ་ནི། དེ་ལྟར་དམ་པ་ཤངས་ཀྱི་བློན་པོ་སྟེངས་སུ་ཕྱག་ཕེབས་པའི་དུས། འཁོར་དང་ཡོན་བདག་བུ་སློབ་མང་དུ་འདུས་ཏེ། ཁྱད་པར་ཐུགས་ཀྱི་སྲས་བཞི། ལྕམ་གཉིས། གཅུང་བརྒྱད་སོགས་དང་། དོན་ལྡན་སྒོམ་ཆེན་དང་། བསྙེན་སྒྲུབ་མཐར་རུ་ཕྱིན་པའི་གསང་སྔགས་པ་དང་། འདུལ་ཁྲིམས་སྤངས་རྟོགས་མཐར་རུ་ཕྱིན་པ་བཙུན་པའི་འཁོར་དང་། སེམས་བསྐྱེད་སྨོན་འཇུག་དང་ལྡན་པའི་འཁོར་སོགས་རབ་ཏུ་མང་ངོ་། གཞན་ཡང་ཉིད་ཀྱིས་མཛད་པའི་རྗེས་སུ་བཞག་གདམ་སོགས། སྒོམ་རིམ་ཆེ་འབྲིང་ཆུང་གསུམ། གེགས་སེལ་གཅོད་དང་སྦྱིར་གདམས། བཀའ་འཁོར་ཚིག་བཞི་པ། སེམས་ལ་གྲོས་འདེབས་ལས་སོགས་མང་དུ་མཛད་དོ། བཞི་བ་བསྟན་པ་རྗེས་བཞག་སྤེལ་ཚུལ་ནི། སྤྱིར་གདུལ་བྱ་དང་བུ་སློབ་བསམ་དུ་མེད་པ་ཞིག་འཕེལ་ན་ཡང་། ཁྱད་པ་དུ་བཀའ་བབས་ཐུགས་ཀྱི་སྲས་བཞི། ལྕམ་གཉིས། གཅུང་བརྒྱད། ཐ་ཆུང་གཉིས། དེ་ལས་སོགས་གྲུབ་པ་ཐོབ་པ་ལྔ་བཅུ་རྩ་བརྒྱད། སྤྱིར་གྱི་རི་ཁྲོད་འགྲིམ་ཞིང་ཕྱག་ཕྱིར་འབྲེང་བ་སུམ་བརྒྱ་ཙམ་རེ་བྱུང་། རི་ཁྲོད་ཉམས་ལེན་པ་ཐམས་ཅད་དེ་ནས་དར་ཏེ། བསྟན་པའི་སྒྲོན་མེ་ལྟར་བུར་གྱུར། ལྔ་བ་དབྱིངས་སུ་མྱ་ངན་འདས་ཚུལ་ནི། དགུང་ལོ་ལྔ་བཅུ་རྩ་དགུ་བཞེས་སྐབས་འཁོར་བའི་འཕྲེང་ཐག་ཆོད། བར་དོའི་འཁྲུལ་ཐག་ཆོད། མེ་ཕོ་བྱི་བའི་ལོ། དགུན་ཟླ་འབྲིང་པོའི་ཚེས་བཞིའི་ཐོ་རངས་སྐྱ་རེངས་ཤར་ཙམ་ནས། སྒྲ་འོད་ཟེར་གསུམ་དུ་བྱུང་ནས། དབྱིངས་སུ་མྱ་ངན་ལས་འདས་པ་ལགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག