ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> ཁྲི་ཀའི་སེ་བརྒྱ་གསང་སྔགས་བདུད་འདུལ་མེ་རི་གླིང་།
ཁྲི་ཀའི་སེ་བརྒྱ་གསང་སྔགས་བདུད་འདུལ་མེ་རི་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།] [ཟླ་ཚེས། 10-12-08] [ཀློག་གྲངས། ]

སེ་བརྒྱའི་བོན་དགོན་དང་འབྲེལ་བའི་ཁྲི་ཀའི་གནས་ཀྱི་བཀོད་པ་ཅུང་ཙམ་གླེང་བ།

      མདོ་སྨད་བྱང་བརྒྱུད་ཀྱི་སྒྲུབ་སྡེ་ཆེན་པོ་སེ་བརྒྱ་གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་བོན་གླིང་ནི། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཁྲི་ཀ་གཡང་ལུང་ར་གསུམ་གྱི་ཡ་གྱལ་ཏེ། རྫོང་མཁར་ནས་ཤར་སྨད་དུ་སྤྱི་ལེ་བཅུ་དྲུག་ཙམ་ན་སེ་བརྒྱ་གྲོང་ཚོ་རོང་འབྲོག་གཉིས་སུ་ཕྱེས་པའི་ཁྱིམ་གྲངས་བརྒྱ་དང་དྲུག་ཅུ་ལྷག་གི་དབུས་ན་གྲོང་ལས་དགོན་པའི་ཚུལ་དུ་མངོན་པར་འཕགས་པ་ཡིན། དགོན་སྡེ་འདི་ཡི་བྱུང་ཁུངས་ནི། སྲིད་ན་འགྲན་པའི་ཟླ་དང་བྲལ་བ་འཛམ་གླིང་མཁས་པ་མི་བཞི་རུ་གྲགས་པ་སྟེ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རྒྱུད་འདེབས་པདྨོ་སྟོང་བརྩེགས་ལས། “སྟོང་རྒྱུང་མཐུ་ཆེན་ཤ་རི་དབུ་ཆེན་དང་། །གྱིམ་ཚ་རྨ་ཆུང་ལྕེ་ཚ་མཁར་བུ་སྟེ། །མཁས་པ་མི་བཞིའི་སྐུ་ལ་གསོལ་བ་འདེབས། །”ཞེས་གསུངས་པ་ལྟར། སྒྲ་སྒྱུར་སྨྲ་བའི་དབང་བོ་སེ་བོན་ཤ་རི་དབུ་ཆེན་ནམ་དཔལ་ལྡན་གསང་ཆེན་གྱི་གདུང་རབས་ལས་བྱུང་བར་བཞེད་དེ། དམ་པ་ཁོང་གི་གནས་ཡུལ་ནི། རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་གསོལ་འདེབས་ལས། “ཁྱུང་ལུང་དངུལ་མཁར་བོན་གྱི་སྒྲུབ་གནས་སུ། །སེ་བོན་ཤ་རི་དབུ་ཆེན་ལ་གསོལ་བ་འདེབས། །”ཞེས་གསུངས་པ་ལྟར། སྟོད་ཀྱི་གངས་དཀར་ཏི་སེ་དང་མང་མཁར་ལྕགས་འཕྲང་། གཡའ་རི་གངས་བྲག མཚོ་འགྲམ་ནགས་ཚལ་སོགས་བོན་གྱི་འདུ་གནས་སོ་བདུན་རྣམས་སུ་སྒྲུབ་པ་མཛད་པས་གྲུབ་པའི་གོ་འཕང་མཆོག་ཏུ་བསྙེམས་ཤིང་། སྤྲིན་དཀར་གྱི་ན་བཟའ་སྐུ་ལ་གསོལ་ཞིང་ཡེ་ཤེས་རྣོ་དབལ་གྱི་རྩལ་དང་། དགོངས་པ་དམིགས་འཛིན་གྱི་རྩལ། ཤེས་རབ་རྒྱས་འཕེལ་གྱི་རྩལ། དད་པ་རྒྱུན་ཆགས་ཀྱི་རྩལ། བརྩོན་འགྲུས་གཞན་འདེབས་ཀྱི་རྩལ། ལྡོག་མེད་ལྟ་བ་ཡི་རྩལ་ལ་སོགས་རྩལ་དྲུག་ཁྱུང་ཆེན་ནམ་མཁའ་ལྡིང་བ་བཞིན་དུ་ཐོགས་མེད་རྫུ་འཕྲུལ་གྱིས་གཤེགས་པ། ས་ཆུ་མེ་རླུང་འབྱུང་བ་བཞི་ལ་ཐོགས་རྡུགས་མེད་པར་ཆུ་རྟར་བཅིབས་ནས་གཡུ་བུན་མཚོ་རུ་ལན་གྲངས་བསྐྱོན་པ། སྒྲ་སྐད་ཕུལ་དུ་ཕྱིན་པས་སྡེ་སྣོད་གཞུང་བརྒྱའི་དཀའ་གནད་བཀྲོལ་ཅིང་ཕས་ཀྱི་རྒོལ་བ་ཚར་ཐག་བཅད་པ་སོགས་ཐུན་མོང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། མཆོག་གི་དངོས་གྲུབ་གདོས་བཅས་ཀྱི་ཕུང་བོ་ལྷག་ལུས་མེད་པར་འོད་དུ་ཡལ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུ་རུ་ལྷུན་གྱིས་གྲུབ་པ་ཡིན་ཏེ། བླ་མ་ལི་ཤུའི་ཞལ་ནས། “བདག་གི་ལུས་ནི་འོད་དུ་གནས། །འོད་ནི་ཁ་དོག་མཚན་མ་བྲལ། །བདག་གི་གསུང་ནི་བོན་དུ་སྤྲོ། །བོན་ནི་སྡེ་སྣོད་གསུམ་དུ་སྤྲོ། །བདག་གི་ཐུགས་ནི་ཡེ་ཤེས་ཉིད། །ངོ་བོ་རང་བཞིན་ཐུགས་རྗེ་གནས། །”ཞེས་གསུངས་པ་ལྟར། མགོན་པོ་གང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་སྒྱུ་འཕྲུལ་གྱིས་བཀོད་པ་ལས། བསྟན་འགྲོའི་ཕྲིན་ལས་ཞང་བོད་ཀུན་ཏུ་སྤེལ་ཅིང་མཛད་འཕྲིན་ཉི་མའི་འོད་ཟེར་ཡངས་པའི་ས་ཆེན་ཀུན་ཏུ་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་བདལ་དུ་སྤེལ་བ་ནི། གཞུང་ལས། “བོན་གྱི་སྐུ་ལས་མ་གཡོས་པར། །གང་གི་འཁོར་བ་ཇི་སྙེད་པ། །ཐུགས་རྗེ་རྒྱུན་མི་ཆད་པ་ནི། །ཕྲིན་ལས་རྣམ་པར་དག་པར་འདོད། །”ཅེས་པ་ལྟར། སེ་བོན་ཤ་རི་དབུ་ཆེན་གྱི་གདུང་རབས་ལས་རིམ་གྱིས་འཕེལ་ཞིང་སྲོལ་འཛིན་སེ་དཀར་སྟོན་པའི་བོན་རབས་ལས་གྱེས་པས་སེ་བོན་བརྒྱ་ཕྲག་ངང་གིས་འཕེལ་བའི་རྟེན་འབྲེལ་དུ་སེ་བརྒྱ་ཞེས་པའི་མིང་ཐོགས་པ་ཡིན་ལ། ཕྱིས་སུ་ཡུལ་སྐད་རང་སྐད་རང་བཞིན་དུ་ཟུར་ཆགས་ཏེ་སེར་བརྒྱ་ཞེས་ཀྱང་འབྲི་སྲོལ་ཡོད་པ་བཞིན་ནོ། །

      ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་སེ་བོན་ཤ་རི་དབུ་ཆེན་དུས་ནམ་གྱི་ཚེ་སྐུ་འཁྲུངས་པའི་བཞེད་ཚུལ་ལ་མི་མཐུན་པ་རེ་འགའ་སྣང་ཡང་། བསྟན་འགྲོའི་ཕྲིན་ལས་བསྐྱངས་པའི་དུས་ཚིགས་ནི་བསྟན་འབྱུང་རིག་པའི་ཤན་འབྱེད་ལས། “ལྷ་ཐོ་ཐོ་རི་སྙན་ཤལ། དེའི་སྲས་ཁྲི་གདགས་གཟུགས་བཙན། སྟག་གུང་སྙན་གཟིགས། འབྲོང་བདག་ལྡེ་རུམ། གནམ་རུ་གོང་བཙན་དང་ལྔ་ཡི་རིང་ལ་མཁས་པ་མི་བཞིའི་བོན་དར་ལ། བསྟན་འཛིན་སྐུ་གཤེན་ཡང་སྟོང་རྒྱུང་མཐུ་ཆེན་ལ་སོགས་མཁས་པ་གཤེན་བཞིས་མཛད་པའོ། །”ཞེས་གསུངས་པ་ལྟར་ངེས་ཤིང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བན་བོན་གྱི་གྲུབ་མཐའི་རྩོད་པ་རྒྱུན་མ་ཆད་པར་རིམ་གྱིས་བྱུང་བས་ན། སྒྲུབ་པ་སྙིང་བོར་འཛིན་པའི་བོན་གཤེན་རྣམས་ཆགས་སྡང་གི་རྩོད་པར་ཐུགས་སུན་བྱུང་སྟེ་མདོ་སྨད་ཀྱི་ཕྱོགས་འདིར་བྱོན་པ་ནི། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། “སུམ་པ་ཁ་ཁྱེར་ལ་སོགས་འགའ་ཞིག་ནི་བོན་རྣམས་ཟངས་ཀྱི་གའུར་བཅུག་ནས་ཀུ་ཧྲང་ལ་བཀལ་ཏེ་སོག་པོ་སྤྲེལ་སླག་ཅན་གྱི་ཡུལ་དུ་བྱོན།” ཞེས་གསུངས་པའི་ཚུལ་དེར་གཞིགས་ན། བོན་གྱི་མཁས་པ་སེ་ལྡེ་མེ་གསུམ་དང་རིག་འཛིན་ཆེན་པོ་རྣམས་ཀྱི་སྐྱེས་རྒྱུད་ལས་མཆེད་པའི་བོན་རབས་དུ་མ་ཁྲི་ཀའི་ཡུལ་འདིར་བྱོན་པ་ཡིན་ཏེ། སྦྲ་སར་པཎྚི་ཏའི་རྣམ་ཐར་ལས། “སྦས་པའི་གཤེན་ཆེན་དགུ་རྒྱུད་ལ་སོགས་པས། །ཕྱོགས་འདིར་བྱིན་རླབས་ཆར་གྱིས་རབ་བརླན་ཞིང་། །མཐུ་རྩལ་གྲུབ་པའི་རྟགས་ཀྱིས་བཀང་བར་བྱས། །”ཞེས་གསུངས་པའི་གཤེན་ཆེན་དགུ་རྒྱུད་ནི། མཚེ་བོན་དབུ་དཀར། བཙོ་བོན་ཕྱག་དཀར། རྔོག་བོན་མཐུ་ཆེན། དཔྲ་བོན་རེ་རྒན། བས་ཐང་ཟླ་མིག གྲུབ་ཆེན་སྐར་མིག སེ་བོན་ཤེལ་སྤྱན། སྦ་བོན་དགུ་རྒྱུད། སྤ་བོན་རྒྱལ་འབར་སོགས་ཀྱིས་གསང་བ་སྔགས་ཀྱི་བསྟན་པ་ཕྱོགས་འདིར་རབ་ཏུ་སྤེལ་ཞིང་དར་བ་དང་། དེང་དུས་ཁྲི་ཀ་རྫོང་མཁར་གྱི་ཉེ་འགྲམ་གནས་ཆེན་བོན་པོ་གདོང་སྣ་ལྟེ་བ་ཡིན་པར་གྱུར་བས། ཤར་ན་སེ་བོན་ཤ་རིའི་རྒྱུད་འཛིན་སེ་བརྒྱ་དང་རྨེའུ་ཚང་། ལྷོ་ན་སྟང་ཆེན་དམུ་ཚའི་རྒྱུད་འཛིན་སྟོང་ཆེ་རྒྱ་བདུན་དང་བོན་སྐོར། ནུབ་ན་མེ་ཉག་ལྕེ་ཚའི་རྒྱུད་འཛིན་མི་ཉག་གི་རྒྱལ་རྒྱུད། བྱང་ན་ལྡེ་བོན་གྱིམ་ཚའི་རྒྱུད་འཛིན་ལྡེ་ཚ་དང་སུམ་པ་སོགས་སུ་དར་བ་ནི། རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཀྱི་རོལ་བ་མ་འགག་ཅིང་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་རྟེན་འབྱུང་གི་མཐུ་ལས་ཡུན་ནས་ཡུན་དུ་ད་ལྟའི་བར་དུ་གནས་པ་ཡིན་ཏེ། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། “མངའ་རིས་དབུས་གཙང་མདོ་ཁམས་ཞིང་རྣམས་སུ། །བཞུགས་པའི་གདུང་འཛིན་དམ་པའི་སྐྱེས་བུ་རྣམས། །མི་རྒྱུད་ལྷ་ལས་གྲོལ་བས་རིགས་རུས་བཟང་། །རིག་འཛིན་གདུང་ལས་ཆད་པས་རྒྱུད་ཁུངས་བཙན། །བདེར་གཤེགས་བྱིན་རླབས་འགྲོ་དོན་ཐོགས་མེད་དེ། །བཀའ་ལུང་རྣམས་ནས་ལན་གཅིག་མིན་པས་བསྔགས། །”ཞེས་ཀྱང་འབྱུང་ངོ་། །

         གཤེན་ཆེན་གྲུབ་ཐོབ་དགུ་རྒྱུད་ཀྱི་རིང་ལ། གྲུབ་གནས་དང་ས་གནས་གལ་ཆེན་བདག་གིར་མཛད་དེ། སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་གཞོལ་ཟེར་བའི་ས་གནས་ནི། འདུལ་བསྟན་མེ་རོ་བསླངས་པའི་གནས་ཁྱད་པར་ཅན་རྨ་རི་དེའུ་གསུམ་ཕུག་པ། གཉན་ལུང་བྲག་དཀར་རྩེ་འདུས། ན་ལུང་དཔལ་གྱི་གྲུབ་གནས། མཚམས་ངོས་འོད་གསལ་ཁོར་ཡུག ཀོ་ར་གཡང་འཁྱིལ་མཚོ་དམར། ཟོ་དོར་བྲག་དཀར་སྒོམ་ཁང་། གནས་ཆེན་བོན་པོ་གདོང་སྣ། བ་ཡན་རི་ཕྱོར་ཕུག་པ། རྨ་ཀླུང་ཆུ་ཆེན་རབ་ཁ། རྒོད་རྩེ་ཁུང་གི་ར་བར་བཅས་སུ་བཞུགས་ཤིང་། ཁྱད་པར་དུ་སྒྲ་སྒྱུར་སྨྲ་བའི་དབང་བོ་སེ་ཤ་རི་དབུ་ཆེན་གྱི་རྒྱུད་འཛིན་གྲུབ་ཐོབ་སེ་བོན་ཤེལ་སྤྱན་གྱིས་ས་དཔྱད་ལེགས་པའི་གནས་འདིར་ཞབས་ཀྱི་འཁོར་ལོ་ངང་གིས་བསྒྱུར་ཅིང་། ཡེ་ཤེས་སྤྱན་གྱིས་ཉེ་བར་གཟིགས། ཐུགས་དཀྱེལ་ཆེ་བས་རབ་ཏུ་དགོངས་པ་ནི། རྒྱུད་ཏིང་མུར་གཡུ་རྩེ་ལས། “འཕྲལ་དུ་ཉམས་དགའི་གནས་དེ་ནི། །སྒྲུབ་ལ་བརྩོན་འགྲུས་བརྩོན་པ་ན། །གསང་སྔགས་འགྲུབ་པར་ཐེ་ཚོམ་མེད། །”ཅེས་པ་ལྟར། སྟོད་ན་མ་བརྩིགས་པ་གཡའ་རི་གངས་བྲག་གཟེངས་སུ་མཐོ་བ། བར་ན་མ་སྒྲུབ་པ་རང་བྱུང་ཕུག་པ་ལྷུན་གྱིས་གྲུབ་པ། སྤང་ལ་མ་བཏབས་པ་མེ་ཏོག་སྣ་ཚོགས་ལྷམ་མེར་བཀྲ་བ། མཚམས་ན་མ་ལས་པ་གཉན་གྱི་གཏོར་མ་བརྗིད་དང་ལྡན་པ། ཁས་ན་མ་བསྐུལ་བ་བཙན་གྱི་རྒྱུག་ལམ་ཟུར་དུ་དོད་པ། ཕྱིན་ཅི་མ་ལོག་པ་ཉི་ཟླ་གཟའ་སྐར་ཁྲིག་གེར་གསལ་བ། མཐའ་ན་བག་ཡངས་ཀྱི་གཅན་གཟན་རི་དྭགས་དལ་གྱིས་རྒྱུ་བ། མདུན་རི་རིན་ཆེན་སྤུངས་པས་དཔལ་འཛོམས་པ། རྒྱབ་རི་གླང་ཆེན་འགྱིང་བས་གཞི་བརྟན་པ། གཡས་རི་ཁྱུང་ཆེན་རླབས་ཀྱིས་རྩལ་རྒྱས་པ། གཡོན་རི་གཡུ་འབྲུག་འཁྱུག་པས་ཉམས་སྒེག་པ། གཏའ་རྒ་གཞུང་ཆུས་སྨན་གྱི་བཅུད་སྡུད་པ། ཀོ་རའི་མཚོ་དམར་རཀྟས་རླབས་འཕྱོ་བ། གཡས་འཁྱིལ་རྨ་ཀླུང་སྒེ་མོ་ལྟས་བཟང་བ། ས་དབྱིབས་མཆོད་རྟེན་བཞེངས་འདྲའི་ཉམས་དགའ་སྟེ། ལྷ་གཉེན་ཤེལ་སྒོང་ལས། “སྔ་ཕྱི་གདུང་བརྒྱུད་ཀྱི་གྲུབ་ཐོབ་རྣམས་དང་མཁས་བཞིའི་སྒྲུབ་གནས་སོགས་རྙེད་ན་ནི་ཆུ་ཤུར་དུ་ཆུ་འབབ་པར་སླ་བ་ལྟར་དངོས་གྲུབ་ལ་ཉེ་བ་ཡིན་ནོ། །”ཞེས་གསུངས་པ་ལྟར། གསང་བ་སྔགས་ཀྱི་ཆ་རྐྱེན་རྩོལ་མེད་ལྷུན་གྲུབ་ཏུ་ཆ་ཚང་བའི་གནས་འདིར་སྡེ་འདིའི་རྨང་གཞི་བཏིངས་ཤིང་། དེ་ལས་ཤར་ཕྱོགས་གཏེར་ལུང་མངོན་དགའི་ངོས་སུ་ཀུན་གྱི་མཆོད་གནས་སུ་གྱུར་བ་ཨ་དགོན་སྔགས་ཀྱི་སྒྲུབ་སྡེ་བཙུགས། ཕྱིས་སུ་སྒྲུབ་སྡེ་དེ་ཉིད་རིམ་གྱིས་གནས་སྤར་ཏེ་གྲོང་སྡེ་འདི་ཡི་དབུས་སུ་སེ་ཁུང་ལྷ་ཁང་ཟེར་བ་བཞེངས་པར་གྲགས་སོ། །

      བོད་རབ་བྱུང་ལྔ་བ་ས་འབྲུག་སྤྱི་ལོ་༡༢༦༨ལོར་གཙང་གཡས་རུ་དབེན་སའི་མཁན་ཆེན་མཐའ་བྲལ་བསོད་རྒྱལ་སྐུ་འཁྲུངས་ཤིང་། གང་གི་ཞལ་སློབ་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་ཁྲི་ཀའི་ཕྱོགས་འདིར་ཐོག་མར་ཕེབས་སྐབས་གནས་འདིར་ཞབས་ཀྱིས་བཅགས་ཤིང་སེ་ཁུང་ལྷ་ཁང་དུ་བྲག་བཙན་ཨ་བསྭེ་རྒྱལ་བའི་རྟེན་སྐལ་རྟེན་འཛུག་གི་བཀོད་པ་གནངས། བོན་སྐྱོང་རྗེས་གནང་དང་བསྟན་པ་གཉེར་གཏད་མཛད་དེ། ཕྱི་རབས་རྗེས་འཇུག་རྣམས་ལ་ལུས་དང་གྲིབ་བཞིན་བརྩེ་བའི་ཐ་ཚིག་གཡུང་དྲུང་གི་རིས་སུ་བཀོད། དེ་དུས་དགོན་བདག་འདི་ཡིན་ཞེས་བླ་སྤྲུལ་ངེས་ཅན་ཞིག་མེད་ནའང་། གཞི་རྒྱུད་ལས། “ཚོགས་ལམ་དངོས་སུ་གྲུབ་པས་གཞི་རྨང་བརྟན། །སྦྱོར་ལམ་དངོས་སུ་གྲུབ་པས་བསྐྱེད་རིམ་གསལ། །”ཞེས་གསུངས་པ་ལྟར། བསྙེན་སྒྲུབ་ལས་གསུམ་གྱི་བསྐྱེད་རིམ་ཟབ་མོར་མངའ་བརྙེས་ཤིང་དག་པ་གསུམ་གྱི་འཁྱེར་སོ་དང་མ་བྲལ་བའི་རིག་པ་འཛིན་པ་མང་དུ་བྱུང་བས་གསས་མཁར་བཀྲ་ཤིས་འོད་འབར་གྱི་ལྷ་ཁང་བཞེངས། རྒྱུད་འཛིན་ལ་གྲགས་ཆེ་བའི་རིག་འཛིན་ར་ངོ་ཡོན་བོན་པོ་དབོ་ལུགས་དང་། སྔགས་འཆང་སྟག་ལྷ། ཡག་ཉིས་བོན་པོ་ཀུན་བཟང་ཀློང་གྲོལ་སོགས་སྔ་རྗེས་སུ་རིམ་གྱིས་བྱོན་ཞིང་བསྟན་འགྲོའི་འཕྲིན་ལས་བསྐྱངས། དུས་འགྱུར་གྱི་དབང་གིས་གསས་ཁང་སྔ་མ་རྒྱ་བསྐྱེད་དེ་ཞོར་དུ་བསྟན་སྲུང་བྲག་བཙན་ཆེན་པོའི་སྒྲུབ་གནས་ཐེག་ཆེན་བསྟན་རྒྱས་ལྷ་ཁང་བཞེངས། རབ་བྱུང་བཅུ་གསུམ་པའི་སྟོད་ཙམ་དུ་གཏེར་སྟོན་ནམ་མཁའ་དབང་ལྡན་སྐུ་འཁྲུངས་ཤིང་གང་གི་གཏེར་ཡུམ་མཁའ་འགྲོ་འོད་ལྡན་གཉིས་ཀྱིས་བོད་ཡུལ་དུ་སྟོད་སྨད་ཀུན་ལ་གཤེན་བསྟན་ཉི་འོད་བཞིན་དུ་གསལ་བའི་བྱས་རྗེས་རླབས་ཆེན་བཞག ལྕགས་སྟག་ཅེས་པ་སྤྱི་ལོ༡༨༩༠ལོར་བྱ་བཏང་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་བསྟན་འཕེལ་རབ་རྒྱས་སྐུ་འཁྲུངས་ཤིང་། ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་རིན་པོ་ཆེ་ལ་སོགས་སྐྱེས་ཆེན་དུ་མའི་ཞབས་བསྟེན་ཏེ་དོན་རྒྱུད་དགོངས་པའི་བྱིན་རླབས་ཐུགས་རྒྱུད་ལ་བླངས། སྐར་ཚོགས་ལྟར་གྱི་སློབ་བུ་མང་དུ་བྱུང་། ལྷག་པར་དུ་དགོན་འདིའི་བསྟན་བདག་མཛད་དེ་ཀ་རིང་གཉིས་ཅན་གྱི་གསས་ཁང་གསང་སྔགས་ཐེག་ཆེན་རྣམ་རྒྱལ་གླིང་ཞེས་པའི་འདུ་ཁང་ཆེན་མོ་བཞེངས། ཆོ་ག་ཕྱག་ལེན་དང་བཅའ་ཁྲིམས་སྒྲིག་ཞུགས་སོགས་རྒྱལ་བ་བྲུ་ཡི་རིང་ལུགས་བཞིན་དག་ཐེར་མཛད་པས་བསྟན་ལ་སྨན་པའི་བཀའ་དྲིན་རྨད་དུ་བྱུང་།

      ༡༩༥༦ལོར་འདུས་པ་སྤྱི་ནས་སྔར་གྱི་འདུ་ཁང་ཀ་རིང་བཞི་ཅན་དུ་རྒྱ་བསྐྱེད་དེ་ཕྱི་ནང་གི་རྟེན་བཞེངས་ལེགས་པར་གྲུབ་ཅིང་བོན་གཤེན་རིག་པ་འཛིན་པ་བརྒྱ་ཕྲག་ཏུ་འཕེལ། རིག་གསར་གྱི་སྐབས་ལྷ་ཁང་ཐམས་ཅད་རྨང་ནས་གཞིལ་ཏེ་ཤུལ་ལས་ཙམ་ཡང་མེད་པར་གོད་ཆག་ཚབས་ཆེན་བྱུང་ན་ཡང་། ༡༩༨༠ལོར་རིམ་པ་གོང་མས་དངོས་སུ་ཆོག་མཆན་ཐོབ་སྟེ། བོན་གྱི་སྒོ་མོ་གཏན་པ་མེད་པར་རང་དབང་གིས་སྤྱོད་པའི་སྐལ་བ་བྱུང་། ཡང་དར་བསྟན་པའི་དབུ་བརྙེས་ནས་ད་ལྟའི་བར་དུ་ཀ་རིང་བཞི་ཅན་གྱི་འདུ་ཁང་ཆེན་མོ་དང་། བརྩན་ཁང་། གཟིམ་ཁང་། གཉེར་ཁང་། ཇ་ཁང་བཅས་ལེགས་གྲུབ་བྱུང་བ་མ་ཟད། ཕྱི་ནང་གི་རྟེན་དང་བརྟེན་པ་ཐམས་ཅད་སྒྲིག་བཀོད་མཛེས་ཤིང་སྲོལ་ཉམས་ལྡན་པ་དང་། ཁོར་ཡུག་གཙང་ཞིང་ཞིབ་ཚགས་ལྡན་པ། སྐུ་གསུང་ཐུགས་རྟེན་བྱུར་བུར་གཏམས་པ། མཆོད་རྫས་ཡོ་བྱད་མཚར་དུ་མངར་བ། ལུགས་གཉིས་ཁྲིམས་སྐྱོང་དམངས་ལ་ཕན་པ། བོན་སྤྱོད་བྱ་བཞག་གོང་དུ་འཕེལ་བ་བཅས། མདོར་ན་བོན་གཤེན་རིག་འཛིན་བརྒྱ་དང་ལྔ་བཅུ་ལྷག་གིས་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱིས་དུས་འདའ་བར་བཞུགས་ལགས་སོ། །

༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་བདུན་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག