ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> ཁྲ་དགོན་གཡུང་དྲུང་ཀུན་གྲགས་གླིང་།
ཁྲ་དགོན་གཡུང་དྲུང་ཀུན་གྲགས་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་དྲུག་ཤེས་རབ་རྣམ་རྒྱལ།] [ཟླ་ཚེས། 10-12-15] [ཀློག་གྲངས། ]

 དགོན་འདི་ནི་དུས་རབས་བཅུ་གཅིག་པའི་ནང་གྲྭ་ས་ཡ་བཞིའི་ནང་ཚན་ཞུ་རི་ཞིང་ནས་ཞུ་སྲས་གཉིས་མདོ་སྨད་ལ་བསྟན་པ་སྤེལ་དུ་ཕེབས། སྐབས་དེར་རྟེན་འབྲེལ་གྱི་ཚུལ་དུ་དགོན་གྱི་འཚོགས་ཁྲོ་ཞིག་མཐིལ་དང་ཁ་ར་གཉིས་སུ་ཕྱེས་ནས་ཁ་ར་ཞུ་སྲས་ཚུལ་ཁྲིམས་རྒྱལ་མཚན་གྱིས་རྟེན་སྐལ་དུ་བསྣམས་ནས་འཛུ་ཁ་ར་དགོན་ཕྱག་བཏབ་སྟེ་བསྟན་འགྲོའི་དོན་མཛད་པས་དེང་མདོ་སྨད་སྡེ་དགེའི་ཕྱོགས་སུ་ཡོད་པའི་འཛུ་ཁ་ར་དགོན་པ་ཡིན། མཐིལ་ཞུ་སྲས་གཅིག་གིས་ཁྱུང་ཡུལ་ཁམས་ཕྱོགས་སེང་སྟག་གནས་འདབས་སུ་ཁྱེར་ནས་དགོན་པ་བཏབས་པས་ཁྲོ་དགོན་ཞེས་པའི་མིང་ཐོག་པར་བཤད་སྲོལ་འདུག་ཅེས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་གྱིས་གསུངས་རྒྱུན་ལས་ལོ་རྒྱུས་ཡིག་ཆ་གསལ་པོ་མ་རྙེད། དེ་རྗེས་༡༣༩༩ལོར་གླིང་ཞིག་པ་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་ཉམས་གསོ་བྱས་པ་ནས་ཁྲ་དགོན་ཞེས་མིང་ཐོག ལྷག་པར་དམ་པ་ཁོང་གིས་དགོན་འདིའི་རྒྱབ་རི་སེང་སྟག་ཁྲོ་བོ་དབང་ཆེན་གྱི་གནས་རི་ཡིན་པ་དང་།

གནས་ཀྱི་སྐུ་རྒྱབ་ཏུ་ཡོད་པའི་དབལ་མོའི་གཟུགས་བརྙན་ལྡན་པའི་བྲག་རི་དག་དབལ་མོ་ཉེར་བདུན་རེ་རེའི་གནས་དང་། སེང་སྟག་གནས་ཀྱི་གཡོན་མདུན་དུ་ཡོད་པའི་རི་དེ་ཕྱྭ་ཚེ་མཐིང་ནག་དབུ་དགུའི་གནས་རི་ཡིན་པ་བཅས་ངོས་འཛིན་གནང་། གཞན་ཡང་ངོ་མཚར་དང་ལྡན་པའི་ཞུ་ཉི་ཕུག་ཞེས་པའི་སྒྲུབ་ཕུག་དེའི་ནང་ཁྲ་ཆགས་ཀྱིས་ཕྱག་བཟོ་ཁྲོ་བོའི་རྡུལ་ཚོན་གྱི་དཀྱིལ་འཁོར་མཐོ་ཚད་སྐར་༦༠ཐད་ཞེང་སྐར་༡༥༠ལྡན་པ་ས་ཡི་པག་རུལ་ན་ཐིག་ཚོན་མཐོང་ཐུབ་པ་ཞིག་ད་ལྟ་ཡང་བཞུགས་ཡོད། དེ་ནས་དགོན་འདིར་སྔར་ཞུ་ཚང་བླ་མས་སྐྱོང་བའི་སྲོལ་རྒྱུན་ལྟར་ཁྲ་ཆགས་མེད་མཆོག་གིས་ཞུ་ཚང་བླ་མ་བློ་གྲོས་བསྟན་རྒྱལ་མཆོག་ལ་རེ་ཞུས་ལྟར་རྗེས་སུ་ཞུ་སྲས་གཅིག་གདན་དྲངས་པ་ནས་བཟུང་དུས་རབས་༡༩བའི་བར་ཞུ་བླ་རྒྱུན་མ་ཆད་བར་བཞུགས་ཐུབ་པ་རེད། དགོན་དེ་མེ་སྐྱོན་གྱིས་ཐེངས་གྲངས་འཇིག་ཀྱང་ཚབ་ཆེ་ཤོས་ཤིག་དུས་རབས་༡༩པའི་ནང་དགོན་ཁང་ཚང་མ་འཇིག་པ་མ་ཟད་འཚོགས་ཁྲོ་ཡང་མེས་ཞུན་ཁུ་རུ་བཟོས་ནས་ཡིད་སྐྱོ་བའི་གནས་ཚུལ་བྱུང་སྟེ། དེར་མི་དྲག་ཁ་གཅིག་གིས་དགོན་པ་སྤོ་རྒྱུ་ལབ་གླེང་བྱས་ཀྱང་རྩེ་དྲུག་ཁྱུང་དཀར་བླ་མ་གཡུང་དྲུང་ཕེབས་ནས་དགོན་གནས་རྩ་ཆེན་ཡིན་པས་སྤོ་མི་ཉན། མ་འོངས་པར་དགོན་པ་ཆགས་ཐུབ་པ་སོགས་ཀྱིས་ཞལ་གསུངས་གནང་བ་མ་ཚད་ཉིད་ཀྱིས་གཙོར་འགན་བཞེས་ནས་༡༩༣༡ལོར་སླར་ཡང་ཉམས་གསོ་གནང་སྟེ་དགོན་གྱི་དབུ་འཛིན་བླ་མ་བ་འོ་མཚམས་པ་རིན་པོ་ཆེ་ཁྲི་ལ་མངའ་གསོལ་གནང་། དེ་ནས་དགོན་དེར་རྩེ་དྲུག་དགོན་གྱིས་གཟིགས་སྐྱོང་གནང་ནས་བསྟན་པ་བསྐྱངས་པ་མ་ཟད་དེ་སྔོན་ཁྲོ་བོ་མཆོད་སྒྲུབ་ཞན་པས་དགོན་པ་ཉམས་རྒུད་སོང་བ་མཁྱེན་ནས་ཁྱུང་དཀར་རྩེ་བླ་གཡུང་དྲུང་མཆོག་གིས་གནས་འདི་ཉིད་ཁྲོ་བོ་དབང་ཆེན་གྱི་གནས་རི་ཡིན་པར་བརྟེན་ཁྲོ་བོ་དབང་ཆེན་གྱི་སྒྲུབ་ཆེན་ཞིག་ཚུགས་ན་མ་འོངས་པར་བསྟན་པ་རྒྱས་པའི་ཐུན་མིན་གྱི་རྟེན་འབྲེལ་དུ་དགོངས་ནས་ཐེངས་གཉིས་ལ་ཁྲོ་བོའི་གར་འཆམ་དང་དབང་བཅས་སྒྲུབ་བའི་མཛད་སྒོ་གྲུབ་རྗེས་བསྟན་པ་འཕེལ་རྒྱས་སུ་སོང་བ་རེད། དམ་པ་ཁོང་གིས་མ་འོངས་པ་ཡང་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ་འཛུག་དགོས་པའི་བཀའ་སློབ་རྒྱས་གནང་མཛད། དེ་རྗེས་ཁྲ་དགོན་མཁན་སྐལ་བཟང་གཡུང་དྲུང་རྩེ་དྲུག་སྒྲུབ་གྲྭར་ལོ་གསུམ་རིང་བཞུགས། དེ་ནས་མདོ་སྨད་ཤར་ཁོག་བརྒྱུད་ལ་ཕེབས་ནས་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་སོགས་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་པས་ཟབ་སྦྱོང་མཐར་ཕྱིན་གནང་མཚམས་ཤར་རྫའི་རྒྱལ་ཚབས་བློ་གྲོས་རྒྱལ་མཚོའི་དགོངས་བཞེད་ལྟར་རྩེ་བླ་ཕུན་ཚོགས་དབང་རྒྱལ་དང་བ་འོ་མཚམས་པ་རྣམ་གཉིས་ཀྱིས་༡༩༤༣ལོར་ཁྲ་དགོན་སྒྲུབ་གྲྭའི་མཁན་པོའི་ཁྲི་ལ་མངའ་གསོལ་ནས་སྒྲུབ་གྲྭ་གསར་དུ་ཚུགས་པས་སྔར་ལྟར་བསྟན་པ་རྒྱས་ཀྱང་དུས་འགྱུར་གྱིས་ཉམས་རྒུད་སོང་བ་གཅིག་མཚུངས་རེད། དེ་རྗེས་༡༩༨༤ལོར་མཁན་སྐལ་བཟང་གཡུང་དྲུང་རིན་པོ་ཆེས་ཐུགས་འགན་བཞེས་ཏེ་དགོན་པ་བསྐྱར་བཞེངས་གནང་བ་མ་ཟད་སྔར་སྲོལ་ལྟར་སྒྲུབ་གྲྭ་ཉམས་གསོ་གནང་ནས་ཕྱོགས་ཕན་ཚུན་གྱི་སློབ་མ་མང་པོ་ཞིག་ངང་གིས་འདུ་བ་ལ་དམ་པ་ཉིད་ནས་ཟབ་ཁྲིད་རྒྱས་གནང་མཛད་པས་སྨིན་གྲོལ་གྱི་བུ་སློབ་མང་པོ་འཕེལ་བ་སྟེ། སྟེང་ཆེན་དགོན་གྱི་བླ་མ་རྒྱ་མཚོ་རིན་པོ་ཆེ་དང་། རི་ཁྲོད་བླ་མ་འཆི་མེད་རྣམ་རྒྱལ་དང་མཁན་པོ་གཙུག་གཤེན། ཀོ་རྒྱལ་དགོན་གྱི་མཁན་པོ་དགེ་ལེགས། དེ་བཞིན་ད་ལན་དགོན་པ་ཁག་ལ་བསྟན་འགྲོའི་བྱ་བ་མཛད་པའི་བླ་མ་དང་མཁན་པོ་མང་པོ་ཡོད་པ་དང་། ལྷག་པར་ཉིད་ཀྱི་རྒྱལ་ཚབ་དམ་པ་གསུམ་སྟེ། མཁན་པོ་བསམ་གཏན་ཚུལ་ཁྲིམས། གཡུང་དྲུང་ཚུལ་ཁྲིམས། ཚུལ་ཁྲིམས་མཐར་ཕྱིན་བཅས་ཡིན། སྐབས་དེར་དམ་པ་ཉིད་ཀྱིས་དགོན་གྱི་བླ་མཁན་གཅིག་ཆོག་གི་ཐུགས་འགན་བཞེས་པས་ཁྲ་དགོན་ལ་ལོ་རྒྱུས་ཐོག་བསྟན་པ་རྒྱས་ཆེ་ཤོས་ཞིག་ཏུ་གྱུར་ཀྱང་བསྙུང་གཞིས་རྐྱེན་ནས་༡༩༩༡ལོར་དམ་པ་ཉིད་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ཤུལ་ལུས་ཀྱི་བུ་སློབ་དག་དྭ་ཕྲུག་བཞིན་ཡིད་སྐྱོ་བའི་གནས་ཚུལ་བྱུང་། ལོ་དེའི་བོད་ཟླ་༨པའི་ནང་སྔར་སྲོལ་ལྟར་རྩེ་དྲུག་མཆོག་སྤྲུལ་༧རིན་ཆེན་རྒྱལ་མཚན་དབུས་པའི་བླ་གྲྭ་མང་པོ་ཞིག་གདན་འདྲེན་ཞུས་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྦྱིན་རྒྱས་འབུལ་གྲུབ་མཚམས་སྐུ་གདུང་ཞུགས་ལ་ཕུལ་བ་དང་ངོ་མཚར་བའི་རྟེན་འབྲེལ་གྱི་ལྟས་བཟང་མང་པོ་བྱུང་། དུས་དེར་དགོན་གྱི་བླ་གྲྭ་དང་ལྷ་སྡེ་མང་པོས་༧མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་མཆོག་ལ་དམ་པའི་རྒྱལ་ཚབ་ངོས་འཛིན་གནང་རོགས་ཞུས་པས་དམ་པ་ཉིད་ཀྱི་དགོངས་པས་བརྟག་པ་མ་ཟད་སྐུ་གཤེགས་པའི་ཐུགས་ཀྱི་ཉིང་བཅུད་ལོན་པའི་སློབ་མ་དགུང་གྲངས་བདུན་ཅུར་ཕེབས་པའི་མཚམས་བླ་རྒན་སྐལ་བཟང་དགེ་ལེགས་ནས་སྐུ་གཤེགས་པའི་ཞལ་ཆེམས་ཞུས་པ་བཅས་ལ་བསྟེན་ནས་རྒྱལ་ཚབ་རྣམ་པ་གསུམ་ཁྲི་ལ་མངའ་གསོལ་བ་སྟེ། བསམ་གཏན་ཚུལ་ཁྲིམས། གཡུང་དྲུང་ཚུལ་ཁྲིམས། ཚུལ་ཁྲིམས་མཐར་ཕྱིན་གསུམ་ཡིན། དེའི་ནང་བསམ་གཏན་ཚུལ་ཁྲིམས་དང་ཚུལ་ཁྲིམས་མཐར་ཕྱིན་གཉིས་ནས་དགོན་གྱི་རྟེན་བཞེངས་དང་ལྷག་པར་དགོན་འདིའི་རྟེན་སྔར་ཁྲ་ཆགས་མེད་སྐབས་ནས་བཞུགས་པ་ཁྲོ་བོ་དབང་ཆེན་དང་མ་རྒྱུད་ཕུར་པ་འབྲུག་གསས་གསུམ་གྱི་ལི་སྐུ་རྙིང་པ་ལིའི་རྨིས་༢༠ལྡན་པ་གསུམ་བཞུགས་ཡོད་པ་དེ་རྟེན་གསུམ་ནང་ནས་རྒྱུ་བཟང་ཞིང་མཚན་དཔེ་ལེགས་པའི་སྙན་གྲགས་ཆེ་ཤོས་ཞིག་རེད། སྔར་ཞུས་འཚོགས་ཁྲོ་ཞུན་ཁུ་དེ་ཕྱིས་ཁྲོ་འགའ་བླུག་ནས་དགོན་པར་ཡོད་པ་བཅས་རྒྱུན་སྐྱོང་དང་གསར་བཞེངས་སོགས་གནང་བས།

 ད་སྐབས་དགོན་ལ་འདུ་ཁང་། སྒྲུབ་གྲྭ་ཁང་། ཇ་ཁང་། སྣེ་ལེན་ཁང་། འཁོར་ཁང་སོགས་དང་གྲྭ་ཤག་སུམ་ཅུ་གྲྭ་པ་༩༠་ཡས་མས་དང་སྒྲུབ་གྲྭ་རྒྱུན་ཚུགས་གནང་ནས་བཞུགས།

འདིའི་སྒྲུབ་གྲྭ་ནི་ཀུན་མཁྱེན་༧ཤར་རྫ་པའི་ལམ་སྲོལ་ལྟར་དབྱར་ཁར་འཆད་ཁྲིད་དང་དགུན་ཁར་རྩ་རླུང་བསྙེན་སྒྲུབ་ལ་འབད་པ་ཡིན་ལ་ཡིག་ཆ་ཤར་རྫའི་མཛོད་ལྔ་ཡིན་པ་བཅས་དང་། ཡིད་ཕམ་པ་ཞིག་ལ་རྒྱལ་ཚབ་གཡུང་དྲུང་ཚུལ་ཁྲིམས་སྤ་ཚང་དགོན་དང་ཨ་ཀྲོང་རི་ཁྲོད་གཙང་སྨན་རི་བཅས་ལ་རིམ་པར་ཕེབས་ནས་ཟབ་སྦྱོང་གནང་བཞིན་པའི་སྐབས་གློ་བུར་བསྙུང་གཞི་བཞེས་ནས་༧དཔལ་གཤེན་བསྟན་སྨན་རིར་ཞིང་གཟིགས་པ་རེད། འོན་ཀྱང་ཁོང་ཐུགས་དམ་བཞུགས་སྟངས་དང་གདུང་སྲེག་སྐབས་ཀྱི་རྟེན་འབྲེལ་ངོ་མཚར་བ་ལ་དེར་ཡོད་ཀྱི་བླ་གྲྭ་མང་ཚོགས་རྣམས་ཧ་ལས་པ་བྱུང་བ་དེང་ལབ་ཀྱི་ཡོད། སྐུ་བཞུགས་པ་གཉིས་ཀྱི་འབུར་དུ་ཐོན་པའི་མཛད་འཕྲིན་༡༩༩༦ལོར་ཁྲོ་བོའི་སྨན་སྒྲུབ་དང་ཁྲོ་བོའི་གར་འཆམ་དབང་དང་། ཕུར་པའི་ལས་མཐའ་བཅས་ལ་འཚོགས་བཞུགས་བླ་གྲྭ་ཁྲ་དགོན་སྟེང་ཆེན་དགོན་རྩེ་དྲུག་དགོན་གཙོས་པའི་བླ་གྲྭ་༡༠༠ལྷག་ཙམ་ཟབ་རྒྱས་འཚོགས་ཐུབ་པ་དང་། དེའི་གཙོ་སྐྱོང་བ་རྒྱལ་ཚབ་རྣམ་གཉིས་དང་རྩེ་བླ་ཐེག་མཆོག་འོད་ཟེར་རྒྱལ་མཚན་སྟེང་ཆེན་དགོན་གྱི་བླ་མ་རྒྱ་མཚོ་རིན་པོ་ཆེ་བཅས་ཡིན། དེ་རྗེས་༢༠༡༠ལོའི་ཟླ་བ་༦པའི་ཚེས་༡ནས་བཅོ་བརྒྱད་བར་ཁྲོ་བོའི་སྨན་སྒྲུབ་དང་ཁྲོ་བོའི་གར་འཆམ་དབང་བཅས་དང་།

སྲིད་རྒྱལ་ཚོགས་འཁོར་རྒྱས་འབུལ་གྱི་མཛད་སྒོ་གཉིས་ལ་འཚོགས་བཞུགས་བླ་གྲྭ་རྩེ་དྲུག་དང་ཁྲ་དགོན་གཙོས་པའི་དགོན་ཁག་བདུན་གྱི་བླ་གྲྭ་༢༠༠ཡར་ལྷག་ཡོད་ལ།

 

སྐབས་དེའི་གཙོ་སྐྱོང་བ་ཁྲ་དགོན་རྒྱལ་ཚབ་རྣམ་གཉིས་དང་རྩེ་བླ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་མཆོག་དང་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་བཅས་ཡིན།

 གཞན་ཡང་དགོན་འདིར་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་ནས་ཞུ་བསྟན་པ་གཡུང་དྲུང་རྒྱལ་པོ། ཞུ་བསྟན་འཛིན་གྲགས་པ་སོགས་ནས་རིམ་པར་བརྒྱུད་པའི་བླ་རབས་སོ་བརྒྱད་པ་མཁན་སྐལ་བཟང་གཡུང་དྲུང་དང་། སོ་དགུ་པ་གཡུང་དྲུང་ཚུལ་ཁྲིམས། བཞི་བཅུ་པ་བསམ་གཏན་ཚུལ་ཁྲིམས། ཞེ་གཅིག་པ་ཚུལ་ཁྲིམས་མཐར་ཕྱིན་བཅས་ནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སྒོ་ནས་བསྟན་པ་རྒྱུན་སྐྱོང་གནང་བཞིན་པ་ཡིན།

 གཞན་དགོན་ནས་ཤར་ཕྱོགས་སུ་ལེ་བར་བཅུ་བརྒྱུད་མཚམས་འབོ་མདོ་ཟེར་བའི་ས་ཆར་ཐང་ཆེན་པོ་ཡོད་པའི་ཐང་སྟོད་ལ་ཁྱུང་པོ་དཀར་ནག་གི་གདན་སའི་ཞིག་ཤུལ་དང་། ཐང་སྨད་ལ་ཆོ་ག་བཅུ་གཉིས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཡོད་པར་ལབ་པས་དེང་དེར་དཀྱིལ་འཁོར་ཁ་ཟེར་གྱི་ཡོད། མ་ཟད་དགོན་གྱི་ནུབ་ཕྱོགས་སུ་ལེ་བར་བཅུ་བརྒྱུད་མཚམས་བཙན་བྲག་ཟེར་བའི་རི་ཡི་མདུན་ཟུར་དུ་སྤྲུལ་སྐུ་བློ་ལྡན་སྐུ་གཤེགས་སའི་མལ་དུ་སྐུ་ཤུག་དང་སྟག་ལ་མེ་འབར་སྟག་ཏུ་སྤྲུལ་པའི་སྟག་གི་རྐང་རྗེས་ཕ་བོང་ཞིག་གི་སྟེང་ལ་ཡོད་པས་བཙན་བྲག་སྟག་ལའི་གནས་རི་ཡིན་ཟེར། དེ་ནས་མར་ལྷོ་ཕྱོགས་སུ་སྤྱི་ལེ་༥བརྒྱུད་པའི་བྲག་རི་ལ་སྤྲུལ་སྐུ་བློ་ལྡན་དང་། སངས་གླིང་གིས་གཏེར་བཏོན་སའི་གནས་རི་བྱིན་ཅན་འགའ་ཡོད། ས་ཆ་དེའི་ཉེ་སྐོར་ལ་དགོན་པ་ཆེན་པོའི་ཞིག་ཤུལ་ཡོད་ཀྱང་ལོ་རྒྱུས་ཤེས་མཁན་ཞིག་མ་མཇལ། གཞན་ཡང་སྐལ་བཟང་གཡུང་དྲུང་ཡན་ཆད་ཀྱི་བླ་རབས་རིམ་བྱོན་ཁག་གི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་དཀོན་པས་དེ་ཙམ་ལུས། དགོན་པ་དེའི་ལྷ་སྡེ་ནི་ས་མ་འབྲོག་ཡིན་པས་དུད་ཚང་ཆེ་ཤོས་ལ་ནོར་ནག་བརྒྱ་ལྷག་ཡོད་པའི་ཕྱུག་པོ་མང་པོ་དང་ནགས་ཚལ་སོགས་ཆ་རྐྱེན་མང་པོ་འཛོམས་པའི་ས་ཆ་ཞིག་རེད། དགོན་འདི་བོད་ལྗོངས་ཆབ་མདོ་ལྷོ་རོང་རྫོང་གི་ཤར་ཕྱོགས་སྟེང་ཆེན་སྡེ་དང་འདབས་འབྲེལ་དུ་ཡོད་པ་བཅས་སོ། །ཁྲ་དགོན་བླ་མ་རྣམ་གཉིས་ནས་འདི་ལྟར་དགོས་ཞེས་པའི་གསུངས་ལ་བརྟེན་ནས་རྩེ་སློབ་བསྟན་པའི་རྒྱལ་མཚན་མཆོག་གིས་མཛུབ་སྟོན་ལྟར་རྩེ་དྲུག་ཤེས་རབ་རྣམ་རྒྱལ་ནས་མཚམས་སྦྱོར་ཞུས་པ་དགེ།།

ཁྲ་རྒན་སྐལ་བཟང་བཀྲ་ཤིས་ལགས་གྱིས་རེ་བ་བཞིན་དུ་རྩེ་སློབ་བསྟན་པའི་རྒྱལ་མཚན་མཆོག་ནས་མཁོ་འདོན་གནང་བར་ལྟར་དུ་བཀོད་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག