ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༼གངས་ཏི་སེ་བོན་གཞུང་རིག་མཛོད༽མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
༼གངས་ཏི་སེ་བོན་གཞུང་རིག་མཛོད༽མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      ༼གངས་ཏི་སེ་བོན་གཞུང་རིག་མཛོད༽ནི་བོད་གནའ་བོའི་ཤེས་རིག་གི་ཉིང་བཅུད་གཅིག་ཏུ་བསྡུས་པའི་བོན་གྱི་དཔེ་ཚོགས་གལ་ཆེན་ཞིག་སྟེ། དེའི་ནང་དུ་དཔེ་ཚན་རིང་ཐུང་འདྲ་མིན་བརྒྱ་ལྷག་བསྡུས་ཡོད་ཅིང་། དེ་དག་ནི་སྟོན་པ་གཤེན་རབ་ནས་བཟུང་ད་ལྟའི་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བར་དུ་རིམ་པར་བྱོན་པའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་བཀའ་དང་བཀའ་བརྟེན་ཚད་མ་ལས་ཁོལ་དུ་བྱུང་བ་འབའ་ཞིག་ཡིན། བརྩམས་དུས་ལོ་ཚིགས་ཀྱི་དབང་དུ་བྱས་ན་སྟོན་པ་གཤེན་རབ་ཀྱི་བཀའ་གཙོ་རུ་བྱས་པའི་སྟོན་པ་འཆི་མེད་གཙུག་ཕུད་དང་། རྒྱལ་གཤེན་མི་ལུས་བསམ་ལེགས་སོགས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་སམ་ཡང་ན་ཁྲི་ཕྲག་གཅིག་ལྷག་གི་ལོ་རྒྱུས་ཡོད་ལ། པཎ་ཆེན་ལི་ཤུ་སྟག་རིང་དང་ལོ་ཙཱ་བ་ཆེན་པོ་བཞི། བླ་ཆེན་དྲན་པ་ནམ་མཁའ་སོགས་དུས་རབས་བདུན་པའི་ཡར་སྔོན་གྱི་མཁས་གྲུབ་ཆེན་པོའི་སྐོར་ཡིན། དུས་རབས་བརྒྱད་པའི་སྐབས་སུ་བྱོན་པའི་གཙང་གཤེན་སྙན་ངག་མཁན་པོ་ཕུད། སྤ་སྟོན་བསྟན་རྒྱལ་བཟང་པོ་དང་། མེ་སྟོན་ཤེས་རབ་འོད་ཟེར། གཤེན་སྟོན་ནམ་མཁའ་རྒྱལ་མཚན། རྨེའུ་མཁས་ཚུལ་ཁྲིམས་དཔལ་ཆེན་སོགས་ནི་དུས་རབས་བཅུ་གསུམ་དང་བཅུ་བཞིའི་ནང་དུ་བྱོན་པའི་བོན་གྱི་མཁས་པ་ཡིན་ཞིང་། སུམ་ལྡན་གཡོར་པོ་མེ་དཔལ་དང་བྲུ་ཆེན་རྒྱལ་བ་གཡུང་དྲུང་། འགྲོ་མགོན་བློ་གྲོས་རྒྱལ་མཚན་སོགས་ནི་ལོ་ངོ་དྲུག་བརྒྱའི་སྔོན་གྱི་གཡས་རུའི་མཁས་གྲུབ་བཅོ་བརྒྱད་ཀྱི་འཐུས་ཚབ་མཁས་པ་ཡིན། ཀུན་མཁྱེན་རྒྱལ་བ་གཉིས་པ་སྟེ་རྗེ་མཉམ་མེད་བླ་མ་ནས་བཟུང་སྨན་རིའི་མཁན་དཔོན་སློབ་རིམ་བྱོན་ནི་ཕྱིས་སུ་བྱུང་བའི་མཁས་གྲུབ་གྲགས་ཅན་གྱི་སྐོར་ཡིན་ནོ། །
      དཔེ་ཚོགས་ཀྱི་ནང་དོན་གཏན་འབེབས་ཐད་རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པའི་མཛེས་རྒྱན་དུ་དམིགས་ཏེ་མདོ་དབུས་ཁམས་གསུམ་གྱི་བོན་པོའི་བླ་སྤྲུལ་ཡོན་ཏན་འཛིན་པའི་སྡེ་དང་། དགེ་བའི་བཤེས་གཉེན། བོད་རིག་པའི་སློབ་དཔོན་ཆེན་མོ་ཁ་ཤས་བཅས་མཁས་པ་སུམ་ཅུ་ལྷག་ལྷན་དུ་འཚོགས་ནས་བཀའ་འགྲོས་ཡང་ཡང་བགྱིས་ཤིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྤྱི་ལ་རྒྱུག་པའི་སློབ་བསྟེན་གྱི་ཁྲིད་གཞིར་བཟུང་ཆོག་པའི་ཚད་གཞི་ལོང་བ་བྱས་ནས་བསྒྲིགས་ཡོད། དེའི་ནང་གི་དཔེ་རྒྱུན་ཕལ་མོ་ཆེ་སྣུམ་པར་རམ་ལག་བྲིས་རྐྱང་རྐྱང་ཡིན་ཞིང་ཤིང་པར་དང་ལྕགས་པར་གྱི་མ་ཕྱི་ཉུང་ཤས་ཤིག་ཀྱང་ཚུད། དཔེ་ཚོགས་གོ་རིམ་སྒྲིག་སྟངས་ནི་ཐ་སྙད་རིག་གནས་དང་། མཚན་ཉིད་མདོ། གསང་བ་སྔགས། བླ་མེད་རྫོགས་ཆེན་བཅས་ཚན་པ་བཞི་རུ་བགར་བ་དང་། དེ་དག་གི་ནང་གསེས་རིག་གནས་ཀྱི་སྐོར་ལ། སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། བརྡ་དག་སྒྲ་སྦྱོར་གྱི་སྐོར། སྙན་ངག་མངོན་བརྗོད་ཀྱི་སྐོར། བཟོ་རིག་དང་རྩིས་ཀྱི་སྐོར། གསོ་རིག་འབུམ་བཞི་བཅས་ཡོད། མདོ་ཡི་སྐོར་ལ། བསྡུས་ཚད་བློ་རྟགས་ཀྱི་སྐོར། བྱང་ཆུབ་ལམ་རིམ་བློ་སྦྱོང་གི་སྐོར། ཐེག་རིམ་དང་དབུ་མའི་སྐོར། ཐེག་པ་ཆེན་པོ་ས་ལམ་གྱི་སྐོར། ཤེར་ཕྱིན་སྔ་དུམ་གྱི་སྐོར། ཤེར་ཕྱིན་ཕྱི་དུམ་གྱི་སྐོར། སྣང་སྲིད་མཛོད་ཕུགས་ཀྱི་སྐོར། འདུལ་བ་རྒྱས་བསྡུས་ཀྱི་སྐོར། སྡེ་སྣོད་མཛོད་རྩ་འགྲེལ་བཅས་ཡོད། གསང་སྔགས་ཀྱི་སྐོར་ལ། སྤྱི་སྤུངས་བསེན་ཐུབ་ཀྱི་སྐོར། གསང་སྔགས་རྒྱུད་དྲུག་གི་སྐོར། གསང་སྔགས་བཀའ་འགྲེལ་གྱི་སྐོར། གསང་སྔགས་མ་རྒྱུད་ཀྱི་སྐོར་བཅས་ཡོད། རྫོགས་ཆེན་གྱི་སྐོར་ལ། རྫོགས་ཆེན་ཚད་མའི་སྐོར། རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར། རྫོགས་ཆེན་སྐུ་གསུམ་རང་ཤར། བྱང་སེམས་གབ་པའི་རྩ་འགྲེལ། རྫོགས་ཆེན་ཡང་རྩེ་ཀློང་ཆེན། རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་བཅས་ཡོད་ལ་ཁྱོན་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་དུ་མཛེས་པར་བྱས་པ་བཅས་སོ། །
ལོ་རྒྱུས་ཤིན་ཏུ་རིང་བའི་གཡུང་དྲུང་བོན་ནི་རིག་གཞུང་གི་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏན་ཚིགས་ཀྱི་རིགས་ལམ་ཟབ་ཅིང་བརླིང་བར་མ་ཟད། བོད་ཀྱི་ཆོས་རིག་ལོ་རྒྱུས་སྤྱི་ལ་བོན་གྱི་ཤན་ཤུགས་རྒྱ་ཆེན་པོ་ཐེབས་ཡོད་ཅིང་། འཛམ་གླིང་རིག་གནས་ནོར་བུའི་བང་མཛོད་ནང་སྙིང་རྗེ་དང་ཤེས་རབ་ཀྱི་གཏེར་དུ་གྱུར་བའི་སངས་རྒྱས་བསྟན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། དེ་བས་དཔེ་ཚོགས་འདི་སྤྱི་ཚོགས་སྟེང་ཡོངས་སུ་བཀྲམ་པ་བརྒྱུད་བོན་གྱི་གཞུང་ལུགས་ཚན་ཁག་འདྲ་མིན་གྱི་ལྟ་སྤྱོད་གང་གི་ཆ་ལ་ངེས་ཤེས་ཡང་དག་རྙེད་པ་དང་འབྲེལ། ཡ་ཐོག་ཞང་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་དམངས་སྲོལ། བསམ་བློའི་འདུ་ཤེས། མཛེས་དཔྱོད་རིན་ཐང་སོགས་ཀྱི་མུ་མཐའ་རིང་པོ་གསལ་བའི་རིག་གཞུང་གི་སྒེའུ་ཁུང་ལྟ་བུར་ཡང་བཟུང་ཆོག་ཆོག་ཡིན། 
      གཡུང་དྲུང་བོན་གྱི་ཤེས་རིག་ལོ་རྒྱུས་ཀྱི་ལུས་ཡོངས་སུ་རྫོགས་པའི་དཔེ་ཚོགས་འདི་ཉིད་གཏགས་སྒྲིག་དང་པར་བསྐྲུན་འགྲེམ་སྤེལ་བྱེད་པའི་བྱ་བཞག་བཟང་པོ་ལེགས་འགྲུབ་བྱུང་བ་འདིས། ལོ་རྒྱུས་གར་སྟེགས་སྟེང་ཡུན་རིང་སྟོང་ཆར་ལུས་པའི་བོན་གྱི་རིག་གཞུང་ལེགས་སྒྲིག་གི་ཁ་ཡོངས་སུ་སྐོང་སྟེ་བཤད་སྒྲུབ་བསྟན་པའི་དར་ཆེན་ཨ་སྔོན་དབྱིངས་སུ་བསྒྲེང་བའི་ཆ་རྐྱེན་གྱི་རྩིག་རྨང་བསྐྲུན་ཞིང་། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གི་བྱ་བཞག་ལ་མཐོ་སྒང་གི་དྲི་ངད་ལྡང་བའི་རིག་གཞུང་གི་སྐྱེད་ཚལ་ཉམས་སུ་དགའ་བ་ཞིག་རིང་དུ་བསྟར་ཡོད།
      ༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་གཙོ་སྒྲིག་གི་འགན་ལྕི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོའམ་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་ཕྲག་ཏུ་བཞེས་ཤིང་། མདོ་སྨད་བསང་ཆུ་རྫོང་གི་དཔལ་གཤེན་བསྟན་རྩེ་ཞིག་དགོན་པ་གཙོར་བྱས་རིགས་མཐུན་མཁས་དབང་རྣམས་པས་ལོ་གསུམ་ལ་ཉེ་བའི་ཐུན་མོང་གི་འབད་རྩོལ་ལ་བརྟེན་ནས་གྲུབ་པ་དང་། ལེ་ཉིན་ཐེབས་དངུལ་ཚོགས་པས་མ་རྩའི་རྒྱབ་སྐྱོར་གྱི་རོགས་རམ་མཛད་པ་བཅས་ལ་བརྟེན་དཔེ་ཚོགས་ཆེན་མོའི་འོད་སྣང་མི་རབས་ནས་མི་རབས་སུ་འགྲོ་བའི་སེམས་ཀྱི་ཁུང་བུར་སྤྲོས་པའི་ཉི་མ་གཞོན་ནུ་དེ་ཉིད་སྐྱེ་རྒུའི་རྨོངས་མུན་ཡོངས་སུ་སེལ་བའི་དཔལ་དུ་ཡུན་རིང་བཞུགས་པའི་སྨོན་འདུན་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག