གསར་འགྱུར་ངོ་སྤྲོད་གནང་མཁན། ཁྱུངཿསྨོན་ལམ།
༄༅།། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱི་ལོ་༢༠༠༠ལོ་ནས་བཟུང་ལོ་ལྟར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་བཀའ་དགོངས་བཞིན་བོན་ཕྲུག་དང་གཡུང་དྲུང་བོན་སྐོར་དོན་དུ་གཉེར་བའི་གཞོན་སྐྱེས་རྣམས་ནས་བོད་གངས་ཅན་པའི་ཕ་མེས་ཀྱི་གཅེས་ནོར་གཡུང་དྲུང་གྱི་བོན་རིན་པོ་ཆེ་ངོ་ཤེས་ཤིང་། གོམས་འདྲིས་ཡོང་ཕྱིར་ཆེད་མངགས་གོ་སྒྲིག་གིས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་ཚོགས་ཟིན་ཡོད་པ་དང་། ད་ལོ་༢༠༡༠ཟླ་༦ཚེས་༡༧ནས་༢༣བར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་གཅིག་པ་དེ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོར་ཚོགས་གནང་ཡོད་པ་རེད། བགྲོ་གླེང་གི་དབུ་མཇུག་མཛད་སྒོ་གཉིས་ཀར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དངོས་སུ་ཞབས་སོར་བཀོད་གནང་གིས་ལེགས་ཉེས་བླང་དོར་དང་། ཉམས་མྱོང་དགེ་ཕན་སྐོར་གྱི་ཞལ་གསུང་བཀའ་སློབ་ཀྱི་བཀའ་དྲིན་སྨིན་སོན་བྱུང་ཡོད་པ་དང་། བགྲོ་གླེང་དངོས་གཞིའི་སྐབས་གསུང་བཤད་སློབ་དཔོན་བཤད་སྒྲུབ་མཁན་པོ་དགེ་བཤེས་གཤེན་བསྟན་རབ་གསལ་དང་། བཤད་སྒྲུབ་སློབ་དཔོན་དགེ་བཤེས་ཉི་མ་དོན་གྲུབ། སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས། སྡེ་དགེ་བ་དགེ་བཤེས་སྦྱིན་པ་ཚེ་བརྟན། ཁྱུང་དཀར་དགེ་བཤེས་སྨོན་ལམ་མཐར་ཕྱིན་བཅས་ཀྱིས་གོ་རིམ་བཞིན་སྙིང་པོ་རྣམ་གསུམ་གྱི་སྐོར་དང་། བོན་གྱི་ཐུན་མོང་མ་ཡིན་པའི་འདོད་ཚུལ། ཞང་ཞུང་གི་སྐད་ཡིག་སྐོར། རླུང་རྟ་དང་དར་ལྕོག་སྐོར། ས་སྐྱ་བ་ནས་དགའ་ལྡན་ཕོ་བྲང་བར་གྱི་གཞུང་དང་བོན་གྱི་འབྲེལ་བའི་སྐོར་བཅས་ལ་ཉིན་རེ་བཞིན་འགྲེལ་བརྗོད་དང་། སློབ་མ་རྣམས་ཀྱི་དོགས་འདྲི་ལ་ལན་འདེབས་དང་གསལ་བཤད། སློབ་ཕྲུག་ནང་ཁུལ་རིག་རྩལ་འགྲན་པའི་གླེང་སྟེགས། ཆེད་དུ་གདན་འདྲེན་ཞུས་པའི་མི་སྣ་ཁག་གི་སྐབས་བསྟུན་གཏམ་བཤད། ཞང་བོད་ཡིག་གཟུགས་དང་རྩོམ་རིག་འགྲན་བསྡུར། སློབ་མ་རྣམས་ཀྱིས་བགྲོ་གླེང་གི་དགེ་ཕན་མྱོང་ཚོར་སྐོར་ཡིག་ངག་ཅི་རིགས་ནས་གླེང་བ་བཅས་སྡེ་ཚན་སྣ་མང་འཛོམས་པའི་བགྲོ་གླེང་དེ་ཉིད་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ལེགས་གྲུབ་བྱུང་ཡོད་པ་རེད། ད་ལན་གྱི་བགྲོ་གླེང་ནང་མཐོ་སློབ་དང་འབྲིང་སློབ་བཅས་ཁྱོན་སློབ་མ་༡༥༠ལྷག་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ། ཐ་ཚན་མུ་ཙུག་སྨར་རོ། །
གསར་འགོད་རྒྱས་བཤད་པ། དོན་འགྲུབ་བཀྲ་ཤིས།
བོན་དེ་བོད་ཀྱི་ཕ་ཆོས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།
ཏུན་ཧོང་གཏེར་ཡིག་གི་སྨན་དཔེའི་ཐོག་ཏུ་ཞང་ཞུང་གི་དཔྱད་ཡིག་ལ་དཔེ་བླངས་པ་གསལ་པོར་བྲིས་པ་དེས་རྒྱུ་མཚན་གལ་ཆེན་ཞིག་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན། ཞང་ཞུང་གི་དཔྱད་ཡིག་དེ་ཞང་ཞུང་གི་ཡི་གེའི་ཐོག་ནས་བྲིས་པ་སྨྲོས་མི་དགོས་ལ། ནང་དོན་ཡང་སྤྱི་ཚོགས་ཀྱི་ནད་རིགས་དང་སྨན་དཔྱད་སོགས་ཡིན་པ་བཤད་མི་དགོས། དེས་ན་ཞང་ཞུང་གི་ཡི་གེ་ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་མི་ཐུབ་པའི་བཤད་སྲོལ་དེར་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་ཟེར།
ཟླ་འདིའི་ཚེས་༡༧ནས་དེ་རིང་ཚེས་༢༣བར་གྱི་བདུན་ཕྲག་གཅིག་རིང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་༡༡པ་དེ་ཚོགས་ཡོད་པ་དང་། དབུ་འཛུགས་མཛད་སྒོའི་སྟེང་སྨན་རིའི་ཁྲི་འཛིན་མཆོག་དང་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་ཡི་མཁན་སློབ་རྣམ་གཉིས་དང་དགེ་བཤེས་རྣམ་པ། ཝ་རཱ་ན་སི་མཐོ་སློབ་དང་ཧི་མ་ལ་ཡའི་རི་རྒྱུད། ཅན་ངྷི་སྒར་བཅས་ཀྱི་མཐོ་རིམ་སློབ་མ་བཅས་ཁྱོན་བསྡོམས་མི༡༥༠ཙམ་ཚོགས་ཞུགས་གནང་ཡོད་འདུག དབུ་འཛུགས་ཀྱི་ཐོག་མར་སྨན་རིའི་དགོན་པའི་དུས་དེབ༼བོན་སྒོ༽ཡི་རྩོམ་སྒྲིག་པ་དང་བགྲོ་གླེང་གོ་སྒྲིག་པ་ཁྲི་གཡུང་དྲུང་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་དང་སྦྲགས། བོན་གྱི་བསྟན་པ་ལ་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་དང་ཁྲི་སྲོང་ལྡེ་བཙན་སྐབས། རིག་གནས་གསར་བརྗེ་སྐབས་བཅས་ཆག་འཇིག་རིམ་པ་གསུམ་བྱུང་ཡང་། ད་ཆར་སྤྱི་ནོར་༧གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་དཀྱེལ་འོག རང་དབང་དང་འདྲ་མཉམ། སོ་སོའི་བསྟན་པར་བདག་གཅེས་དགོས་པའི་ལམ་སྟོན་ལྟར། གང་ཐུབ་ཅི་ནུས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་ལ་ཤུགས་རྒྱག་དགོས་སྐོར་དང་། ཞིབ་འཇུག་པ་དང་ཆེད་མཁས་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བ་བོན་ལ་ཐུག་ཡོད་པ་དང་། བོན་དེ་བོད་ཀྱི་ཕ་ཆོས་ཡིན་ཚུལ་ལུང་དང་རིག་པས་སྒྲུབ་ཡོང་སྐབས། ཡིན་མདོག་མདོག་གིས་བསྡད་ན་མི་འགྲིག་པར། ཡིན་ན་ཡིན་ལུགས་རྒྱུ་མཚན་བཤད་རྒྱུ་ཡོད་པ་ཞིག་དང་། ཁུངས་སྐྱེལ་ར་སྤྲོད་སྟོན་རྒྱུ་ཡོད་པ་ཞིག་གི་ཐད། འབད་བརྩོན་གནང་དགོས་སྐོར་སོགས་གསུངས་འདུག
བགྲོ་གླེང་གི་ཉིན་དང་པོར་བཤད་སྒྲུབ་མཁན་པོ་དགེ་བཤེས་གཤེན་བསྟན་རབ་གསལ་མཆོག་གིས་༼སྙིང་པོ་རྣམ་གསུམ་གྱི་ཚིག་འགྲེལ་དང་དེའི་དགོས་པ༽ཞེས་པའི་བརྗོད་གཞིའི་ཐོག་སྐུ་གསུམ་གྱི་སྙིང་པོ་སྤྱི་བྱེ་བྲག་གིས་འགྲེལ་བཤད་གནང་ཡོད་པ་དང་། བགྲོ་གླེང་གི་ཉིན་གཉིས་པར་བཤད་སྒྲུབ་སློབ་དཔོན་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གིས༼གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་འདོད་སྟངས་དང་ཁྱད་བོན་སྐོར༽ཞེས་པའི་བརྗོད་གཞིའི་ཐད། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་རྟགས་གཡུང་དྲུང་སྐོར་ལ། གཡུང་ཞེས་བྱ་བ་དོན་ལས་མི་གཡོ་བ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། ལོག་ལྟའི་གཉའ་བ་ཅོག་པས་ཆག ཐར་ལམ་དྲངས་པོར་དཀྲི་བས་ཤིང༌ཞེས་གསུངས། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པ་གོས་སླག་སྔོན་པོ་བྱེད་དགོས་པའི་དོན། བོན་མི་འགྱུར་བའི་རྟགས་ལྔ་དང་འབྲེལ་ནས་བཤད་ན། དགུན་གྱི་རྒྱལ་མོ་བསེན་དུ་བཟུང་ནས། གངས་དཀར་པོ་དབྱར་མི་བཞུ་བ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས། དབྱར་གྱི་རྒྱལ་མོ་བསེན་དུ་བཟུང་ནས། རྒྱ་མཚོའི་འབྲི་མིག་དང་ཆུ་མིག་དགུན་མི་འཁྱག་པ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས། ཤིང་ཤུགས་པ་ལ་ཞལ་གྱི་ངད་པ་ཧ་བྱས་པས། ཤིང་ལ་བདུད་རྩི་ཆགས་ཏེ། ཤུག་པ་དབྱར་སྔོ་དགུན་སྔོ་དབྱར་རློན་དགུན་རློན་པ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས། མཚེ་ལ་ལྗགས་ཀྱི་འཆིལ་མ་བཏབ་པས་བདུད་རྩི་ཆགས་ཏེ། མཚེ་དབྱར་སྔོ་དགུན་སྔོ་དབྱར་རློན་དགུན་རློན་པ། གཡུང་དྲུང་གི་བོན་དུས་གསུམ་དུ་འགྱུར་བ་མེད་པའི་རྟགས། གཤེན་རབ་ཀྱི་རྫུ་འཕྲུལ་གྱི་སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པས། བོན་པོས་གོས་ལག་སྔོན་པོར་བྱེད་པ་ཡང༌། གཡུང་དྲུང་གི་བོན་དུས་གསུམ་དུ་འགྱུར་བ་མེད་པའི་རྟགས་སོ། ཞེས་ངོ་སྤྲོད་གནང་ཡོད་འདུག
ཉིན་གསུམ་པར་སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས་མཆོག་གིས༼ཞང་ཞུང་གི་སྐད་ཡིག་བྱུང་རབས་དང་དེའི་དགེ་མཚན༽ཞེས་པའི་བརྗོད་གཞི་ལས་སྨར་ཡིག་གི་བྱུང་རིམ་ཐད། མདོ་གཟེར་མིག་དང་དྲི་མེད་གཟི་བརྗིད་གཉིས་ལས་གང་གསལ་བ་རྣམས་ཡོངས་ཁྱབ་ཀྱི་བཤད་སྟངས་ཤིག་ཏུ་གྱུར་བར་བརྟེན་ནས་ཆུ་མགོ་གཅིག་པའི་ཆུ་ཕྲན་ལྟ་བུར་སོང་བ་རེད། སྟོན་པས་ཡི་གེའི་རྣམ་གཞག་མ་མཛད་པའི་སྔོན་དུ་བོད་ལ་ཡི་འབྲུ་འབུམ་གཉིས་དང་ཁྲི་གཅིག་ཡོད་པ་ལས། བདུད་ཁྱབ་པས་གཏོ་ཡི་བཀའ་སྒྲོམ་མེ་ལ་བསྲེགས་པའི་རྗེས་སུ་སྟོན་པས་དཔའ་བོ་འབྲུ་ལྔ་གཞི་རྩར་བཞག་སྟེ། འཕྲུལ་ཡིག་བཞི་བཅུའམ་ངེས་པའི་ཐོ་ཡིག་བཞི་བཅུ་གཏན་ལ་ཕབས། དེ་ཡང་འབྱུང་ཆེན་དང་འབྱུང་ཆུང་གི་ཁམས་གཉིས་སུ་དབྱེ་བར་མཛད། སྐབས་དེར་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེས་མེད་ཀྱང་། སྒྲའི་སྐྱེ་གནས་དང་སྒྲ་དྲག་ཞན་གྱི་དབང་གིས་འབྱུང་ཆུང་ལྔའི་དབྱེ་བ་མཛད་ཡོད་། དོན་གྱི་ཆ་ནས་ཀྱང་མིང་དུ་ཕོ་མོ་མ་ནིང་ཞེས་བཏགས་མ་བཏགས་ཙམ་མ་གཏོགས། དབྱེ་བ་འབྱེད་པའི་རྒྱུ་མཚན་ལ་གཞི་རྩའི་ཆ་ནས་ཁྱད་པར་གང་ཡང་མེད། ཡིག་གཟུགས་དེ་ལ་བརྟེན་ནས་རིམ་བཞིན་ཡིག་གཟུགས་སྣ་ཚོགས་འཕེལ་རྒྱས་བྱུང་སྟེ་ད་ལྟའི་དབུ་ཅན་དང་དབུ་མེད་སོགས་ཀྱི་འབྲི་སྲོལ་འདི་བྱུང་། ལོ་རྒྱུས་མཁན་པོ་མང་པོ་ཞིག་གིས་འདི་ལ་ལྡོག་ཕྱོགས་ཀྱི་ལྟ་སྟངས་ཤིག་བཟུང་ཞིང་། ཡོངས་གྲགས་སུ་གྱུར་པའི་ལྟ་སྟངས་དེ་དུས་རབས་བཅུ་གཅིག་པའི་སྐབས་ནས་དར་སྲོལ་ཅན་དུ་གྱུར་འདུག འོན་ཀྱང་ཕྱིས་སུ་ཞིབ་འཇུག་གི་གནད་འགག་འགའ་རེ་དང་ས་འོག་ནས་ཐོན་པའི་གནའ་བོའི་དངོས་རྫས་སོགས་ལ་བརྟེན་ནས་བོད་རང་ལ་མ་མཐའ་ཡང་ལོ་བཞི་སྟོང་གི་སྔོན་ནས་ཡི་གེ་ཡོད་པ་གསལ་པོར་གྱུར། འོན་ཀྱང་ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ནི་ཐོག་མར་འདི་ལ་སྨར་ཡིག་ཅེས་མིང་བཏགས་མེད་ལ། སྟོན་པས་ཀྱང་དེ་ལྟར་བཏགས་མི་འདུག དེས་ན་མིང་འདི་ཕྱིས་སུ་བཏགས་པ་ཞིག་ཡིན་པར་ཐེ་ཚོམ་མི་དགོས། ཅེས་དང་། ཁོང་གིས་མུ་མཐུད་དུ་སྨར་ཡིག་གི་རང་བཞིན་སྐོར་ལ། སྨར་ཡིག་ལ་ཁྱད་བོན་ཇི་འདྲ་ཞིག་ཡོད་མེད་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་སྤྱོད་བྱེད་རྒྱུའི་ནུས་པ་མེད་པ་དཔེར་ན་ཟ་ལར་གྱི་ཡི་གེ་དང་མཚུངས་པར་བཤད། དེ་ལྟར་ན་ཞང་ཞུང་གི་སྲིད་ལུགས་ཀྱི་ལོ་རྒྱུས་རྣམས་སྐབས་ཐོག་དེར་ཡིག་ཐོག་ཏུ་འགོད་ཐུབ་ཐབས་མེད་པ་ཞིག་རེད། མིག་སྔར་ང་ཚོས་མཐོང་དུ་ཡོད་པའི་ཞང་ཞུང་གི་ལོ་རྒྱུས་ཡིག་ཆ་རྣམས་དུས་རབས་བཅུ་གཅིག་ཡན་ཆད་དུ་འདེད་ཐུབ་པ་ཞིག་མེད་པས་རྐྱེན་གྱིས་བཤད་སྟངས་འདི་ལ་རྒོལ་རྒྱུའི་ནུས་པ་མེད་ནའང་། ཏུན་ཧོང་གཏེར་ཡིག་ནས་ཐོན་པའི་སྨན་དཔེའི་ཐོག་ཏུ་ཞང་ཞུང་གི་དཔྱད་ཡིག་ལ་དཔེ་བླངས་པ་གསལ་པོར་བྲིས་པ་དེས་རྒྱུ་མཚན་གལ་ཆེན་ཞིག་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན། ཞང་ཞུང་གི་དཔྱད་ཡིག་དེ་ཞང་ཞུང་གི་ཡི་གེའི་ཐོག་ནས་བྲིས་པ་སྨྲོས་མི་དགོས་ལ། ནང་དོན་ཡང་སྤྱི་ཚོགས་ཀྱི་ནད་རིགས་དང་སྨན་དཔྱད་སོགས་ཡིན་པ་བཤད་མི་དགོས། དེས་ན་ཞང་ཞུང་གི་ཡི་གེ་ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་མི་ཐུབ་པའི་བཤད་སྲོལ་དེར་ཡང་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། ཅེས་བསྟན་འདུག
ཉིན་བཞི་བར་དགེ་བཤེས་སྦྱིན་པ་ཚེ་བརྟན་ལགས་ཀྱིས་༼རླང་རྟ་དང་དར་ལྕོགས་ལས་འཕྲོས་ཏེ་བོན་གྱི་རིག་གཞུང་སྐོར་བཤད་པ༽ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་སྐབས། གནའ་སྲོལ་བོན་གྱི་ཐུན་མིན་རིག་གཞུང་རླུང་རྟའི་འབྱུང་ཁུངས་དང་། རྒྱུད་རིམ་ནི་སྟོན་པས་བྲག་སེང་གེ་རྒྱབ་བསྣོལ་དུ་གསལ་བ་འོད་ལྡན་སོགས་ལ་གསུངས་ཤིང་། གཡུང་དྲུང་གཙུག་གཤེན་རྒྱལ་བ་ནས་རིམ་པས་བོད་རྒྱལ་མུ་ཁྲི་བཙན་པོ་སོགས་ལ་བརྒྱུད་རྟག་གཟིགས་ནས་བོད་དུ་དར་འཕེལ་བྱུང་བ་རེད། ཅེས་དང་དར་ལྕོག་ཐད། བོད་མིའི་སྐྱ་སེར་ཐུན་མོང་གི་སྤྱི་ཚོགས་ཁྲོད་གཤིན་དགེ་དང་གསོན་རིམ་ཆེད་ཆེས་དར་ཁྱབ་ཆེ་བའི་དར་ལྕོག་ལག་ལེན་གྱི་བྱུང་ཁུངས་དང་རྒྱུད་རིམ་ནི། སྟོན་པས་སྒྲིབ་སྦྱོང་དང་རྐྱེན་སེལ་ཆེད་མངོ་གཟུངས་ཀྱི་བོན་སྡེ་བསམ་ཀྱིས་མི་ཁྱབ་པ་གསུངས་པ་རྣམས་ད་བར་བོན་གཤེན་རིག་འཛིན་རྣམས་ཀྱིས་གཅིག་ནས་གཅིག་བརྒྱུད་དེ་སྲོལ་མ་ཉམས་པར་གནས་པ་རེད། ཅེས་དང་། ཡང་ཕྱི་ཚེས་༢༢ ཉིན་བོད་མི་མང་སྤྱི་འཐུས་དང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་༼ཉེ་བའི་དུས་རབས་ནང་བོད་གཞུང་དང་བོན་གྱི་འབྲེལ་བའི་སྐོར་གྱི་ས་བོན༽ཞེས་པའི་བརྗོད་གཞིའི་ཐོག བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་སྲིད་ལུགས་གཉིས་འབྲེལ་གྱིས་དར་རྒྱས་སུ་སོང་བའི་སྤྱི་བཤད་དང་། བོད་སིལ་བུར་ཐོར་རྗེས་ས་སྐྱ་དང་ཕག་གྲུ། རིན་སྤུངས་པ། སྡེ་སྲིད་གཙང་པ་བཅས་ཀྱི་དབང་སྒྱུར་སྐབས་བོད་གཞུང་དང་བོན་གྱི་འབྲེལ་བའི་སྐོར། དེ་བཞིན་༡༦༣༤ལོ་ནས་དགའ་ལྡན་ཕོ་བྲང་བའི་དབང་སྒྱུར་རིང་གི་བོད་གཞུང་དང་བོན་གྱི་འབྲེལ་བ། རྒྱལ་དབང་ལྔ་བ་ཆེན་པོས་བོན་ཐོག་གཟུགས་ཚུལ་བཅས་ངོ་སྤྲོད་གནང་ཡོད་འདུག
དེ་རིང་གཡུང་དྲུང་བོན་གྱི་བགྲོ་གླེང་མཇུག་སྒྲིལ་མ་ཐག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བགྲོ་གླེང་གཙོ་སྐྱོང་བ་ཁྲི་གཡུང་དྲུང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ང་ཚོའི་སྨན་རི་དགོན་པར་དགེ་འདུན་པ༤༠༠ལྷག་ཡོད་ཅིང་། བཤད་སྒྲུབ་འདུས་སྡེ་ཞིག་དང་སྒྲུབ་སྡེ་ཅིག་བཅས་ཡོད། གཡུང་དྲུང་བོན་གྱི་བགྲོ་གླེང་འདི་ཐོག་མར་ཕྱི་ལོ་༢༠༠༠ལ་མགོ་བཙུགས་པ་རེད། མཐོ་སློབ་ཁག་སློབ་ཕྲུག་ཚོར་དམིགས་ཏེ། གུང་གསེང་དང་སྟབས་བསྟུན་ལོ་ལྟར་བདུན་ཕྲག་གཅིག་རིང་གོ་སྒྲིག་ཞུ་བཞིན་ཡོད། བགྲོ་གླེང་གི་བརྗོད་གཞིའི་ཐད་སྨན་རིའི་ཁྲི་འཛིན་མཆོག་གི་ལམ་སྟོན་ལྟར། བོན་དང་འབྲེལ་བའི་རིག་གནས་སྤྱི་དང་། ཞང་ཞུང་གི་ལོ་རྒྱུས་དང་སྐད་ཡིག་བཅས་ཀྱི་སྐོར་ལ་མཁས་དབང་གདུན་ཞུས་ཀྱིས་བགྲོ་གླེང་གནང་གིན་ཡོད། སྔར་ལོ་ནས་རྩོམ་ཡིག་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་བཅས་ཀྱང་ཁ་སྣོན་བྱས་ཡོད། ད་ལོའི་སྐབས་བཅུ་གཅིག་པ་དེ་ཕྱི་ཚེས་༡༧ཉིན་མགོ་འཛུགས་བྱས་ཏེ། དེ་རིང་ཉིན་གུང་ཡོངས་སུ་མཇུག་སྒྲིལ་བ་རེད། ད་ལོ་གདན་ཞུའི་མཁས་དབང་རྣམ་པའི་གསུང་བཤད་དང་། བགྲོ་གླེང་ཚོགས་ཞུགས་པའི་གྲངས་འབོར་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་རྣམ་ཆེན་པོ་འདུག ཅེས་ངོ་སྤྲོད་གནང་སོང་།