ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རེབ་གོང་བོན་བརྒྱ་དགོན་དུ་བཀྲ་ཤིས་སྒོ་མང་མཆོད་རྟེན་བསྐྱར་བཞེངས་བྱེད་བཞིན་པ།
རེབ་གོང་བོན་བརྒྱ་དགོན་དུ་བཀྲ་ཤིས་སྒོ་མང་མཆོད་རྟེན་བསྐྱར་བཞེངས་བྱེད་བཞིན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

བོན་བརྒྱ་བླ་བྲང་དུ་བཞུགས་པའི་རྒྱན་མར་བཀྲ་ཤིས་སྒོ་མང་མཆོད་རྟེན།

      ༢༠༠༨ལོའི་ལུགས་རྙིང་གི་ཟླ༣ཚེས༣ཉིན། རོང་ཆེན་བཞི་ཡི་ཡ་གྱལ་བྱང་གི་ཨཀྟ་རོང་སྟེ་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད་ཕྱོགས། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་མོའི་ས་འདུལ་རྨང་འདིང་གི་མཛད་སྒོ་སྤེལ།
      མཛད་སྒོ་འདི་ལ་ཞུགས་མཁན་ནི་རེབ་གོང་རྫོང་དང་ཞོན་ཧྭ་རྫོང་། ཁྲི་ཀ་རྫོང་། ཁྲི་ལྷོ་རྫོང་། རྩེ་ཁོག་རྫོང་། སི་ཁྲོན་དམར་ཐང་སོགས་རྫོང་ཁག་བདུན་གྱི་མི་སྣ་ཡོད་ལ། གཙོ་བོ་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགེ་འདུན་པ་རྣམས་དང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བོན་གཤེན་རིག་འཛིན་རྣམས་ཡིན།
      རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གཏན་ལ་ཕབ་པའི་བོན་གྱི་བཀའ་འགྱུར་གྱི་དབུ་དུམ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་སོགས་བཀའ་ལུང་ཐམས་ཅད་ནས་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་ཡོད་པར་གསུངས་པ་དེ་ལ་བོན་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ། རྫོགས་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ། སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ་བཅས་ཡོད་པ་ལས། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་གྱི་དོན་རྟོགས་པར། ཏིང་འཛིན་ཡིད་ཀྱི་མཁའ་ལ་རྫོགས་སྐུའི་མཆོད་རྟེན་བསྒོམ་དགོས། དེ་བསྒོམ་པ་ལ་མིའི་བྱེད་རྩོལ་ལ་བརྟེན་ནས་དངོས་སུ་བཞེངས་ཐུབ་ཅིང་སེམས་ཅན་གང་ལ་གང་འདུལ་གྱི་སྤྲུལ་སྐུའི་མཆོད་རྟེན་ཆག་ཚད་དང་བཟོ་དབྱིབས་མི་འདྲ་བ་བརྒྱ་དང་ཉི་ཤུ་ཡོད་པས། དགོན་པ་འདིར་བཞེང་བའི་མཆོད་རྟེན་ནི་རྒྱལ་ཁམས་ལ་བདེ་སྐྱིད་འབྱུང་བའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཁང་བ་རྩེག་རིམ་ལྔའི་སྟེང་དུ་བཞེང་དགོས་པ་དེ་ཡིན།
      མཛད་སྒོ་འདིའི་སྟེང་དུ་བོན་བརྒྱ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་མཆོག་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་གྱི་ཞབས་ཟུང་མངོན་པར་བཀོད་ནས་འདི་ལྟར་གསུང་བཤད་གནང་། སྤྱིར་གྱི་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་ལ་བོན་སྐུའི་མཆོད་རྟེན་བརྒྱ་ཉི་ཤུ། རྫོགས་སྐུའི་མཆོད་རྟེན་བརྒྱ་ཉི་ཤུ། སྤྲུལ་སྐུའི་མཆོད་རྟེན་བརྒྱ་ཉི་ཤུ་ཡོད། བོན་སྐུ་དང་རྫོགས་སྐུའི་མཆོད་རྟེན་རྣམས་ནི་བསྒོམ་རྒྱུ་ཞིག་ལས་དངོས་སུ་བཞེང་དུ་མེད་ལ། མིས་བཞེང་ཐུབ་པའི་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ནང་དུ་ཆག་ཚད་འདྲ་མིན་སྣ་ཚོགས་ཡོད། བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ལ་སངས་རྒྱས་ཀྱི་བསྟན་པ་དར་བའི་མཆོད་རྟེན་དང་རྒྱལ་ཁམས་ལ་བདེ་སྐྱིད་འབྱུང་བའི་མཆོད་རྟེན་སོགས་ཡོད། སངས་རྒྱས་ཀྱི་བསྟན་པ་དར་བའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་དེ་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྔ་ཡུལ་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་ནས་བཞེངས་ཟིན་པ་དང་། དགོན་པ་འདིར་བཞེང་བའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ནི་རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་འབྱུང་བའི་མཆོད་རྟེན་དེ་ཡིན། སངས་རྒྱས་ཀྱི་བསྟན་པ་ཟེར་བ་ནི་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཉག་གཅིག་ཡིན་པ་ལས། སྤུན་ཟླ་མི་རིགས་དང་མི་རིགས་ནང་ཁུལ་ལ་འགལ་བ་དང་འཁྲུག་ཟིང་སློང་བ་ཞིག་གཏན་ནས་མིན། ང་ཚོས་ངེས་པར་དུ་སྤུན་ཟླ་མི་རིགས་དང་མི་རིགས་ནང་ཁུལ་ལ་མཐུན་སྒྲིལ་དམ་པོ་བཟུང་ནས་བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས། ཞེས་པ་སོགས་ཀྱི་གསུང་བཤད་གལ་ཆེན་གནང་།
      མཚམས་དེར་དགུང་ནས་འབྲུག་སྐད་བསྒྲགས་པ་ཀུན་གྱིས་ཐོས་ལ་ཆར་བ་ཟིམ་ཟིམ་དུ་བབས་པ་དང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱིངས་འདྲེན་ཆེན་མོ་རྒན་པ་མཆོད་རྟེན་ནས་གོས་དང་ལྷ་དར་སྲིད་དུ་རིང་བའི་ཐོག་དྲངས་ཏེ་དམངས་སྒོར་ཁྲི་ཕྲག་གཅིག་གི་ཞལ་འདེབས་ཕུལ་བ་སོགས་རྟེན་འབྲེལ་ཐམས་ཅད་མ་བསྒྲིགས་རང་འགྲིགས་ཀྱི་ངང་ནས་མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེང་བའི་ས་འདུལ་རྨང་འདིང་གི་མཛད་སྒོ་དེ་ལྟར་ཡོངས་སུ་གྲུབ་བོ། །
      ༢༠༠༩ལོར་མཐའ་སྐོར་གྱི་མཆོད་རྟེན་བརྒྱད་པོ་བཟོ་བཀོད་རབ་ཏུ་ལེགས་ཤིང་ནང་གི་གཟུངས་གཞུག་གང་རྒྱས་སུ་ཕུལ་ནས་དངོས་སུ་བཞེངས་གྲུབ་པ་དང་། ད་ལོའི་བོད་ཟླ༤ཚེས་༡ནས་མཆོད་རྟེན་ཆེན་མོ་བཀྲ་ཤིས་སྒོ་མང་དངོས་སུ་བཞེང་བའི་འགོ་ཚུགས་པ་ལགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག