ཐེངས་གསུམ་པའི༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱི་ཚོགས་འདུ་དེ་ཟིང་ཆུ་བྱང་བྱ་དུར་དགའ་མལ་དགོན་ཆེན་ནས་འཚོགས་པ།
དྲུང་ཆེ་བ་རིན་སྤུངས་ཚུལ་བསྟན་ནས་ཐེངས་འདིའི་ཚོགས་འདུ་སྤྱིའི་གཙོ་སྐྱོང་གནང་བ་རེད།
ཚོགས་ཞུགས་པ་ཚང་མའི་དྲན་རྟེན་འདྲ་པར་ལེན་པ།
ཚོགས་གཙོ་རྒན་གཞོན་དང་བློ་འདྲི་རྣམ་པ།
ཚོགས་གཙོ་ཆེན་མོ་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་མཁན་ཆེན་ལགས་ནས་གསུང་བཤད་གནང་བཞིན་པ།
ཚོགས་གཙོ་གཞོན་པ་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་དཔོན་སློབ་ཤེས་རབ་མཐར་ཕྱིན་ལགས་ནས་གསུང་བཤད་གནང་བཞིན་པ།
ཚོགས་གཙོ་གཞོན་པ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་ལགས་ནས་གསུང་བཤད་གནང་བཞིན་པ།
ཚོགས་ཞུགས་པ་ཚོ་ཉིན་དགུང་དུས་ཚོད་དང་བསྟུན་ནས་དགའ་མལ་གླིང་གི་ཚོགས་ཁང་སོགས་ལ་གཟིགས་སྐོར་དང་མཆོད་མཇལ་ཞུས་བཞིན་པ།
དགའ་མལ་གླིང་ཕྱི་ནང་ཁོར་ཡུག་ལ་གཟིགས་སྐོར་གནང་བཞིན་པ།
ཚོགས་འདུའི་ནང་དོན་གནད་བསྡུས།
དེང་གི་ཆ་ལ་མཚོན་ན་རང་རེའི་ལུང་བ་འདི་ཕུད་པའི་མདོ་དབུས་ཁམས་གསུམ་གྱི་གཡུང་དྲུང་བོན་གྱི་གདན་ས་ཁག་དང་དགོན་སྡེ་ཀུན་ལ་བཤད་སྒྲུབ་བསྟན་པའི་སྲོལ་བཟང་ཚུགས་པ་མ་ཟད་དར་རྒྱས་ཀྱང་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པའི་གནས་ཚུལ་གཏམ་བཟང་རིགས་ཀུན་གྱི་སྒྲ་འཛིན་བུ་གར་འབྱོར་གྱི་ཡོད།
རང་རེའི་ཡུལ་ལུང་འདི་གཉིས་ལ་མཚོན་ནའང་བོན་གྱི་དགོན་སྡེ་ཁག་མང་བ་དང་འབངས་མི་སེར་ཕལ་ཆེར་བོན་བསྟན་ལ་དད་གུས་ལྡན་པ་དང་བསྟན་པ་དེ་ཉིད་སྤྱོད་པའི་བོན་བསྟན་དར་བའི་ས་གནས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། རིས་མེད་བསྟན་པའི་གཞུང་ལུགས་ཀུན་ལ་བློ་གྲོས་ཀྱི་སྤོབས་པ་ཐོབ་པ་དང་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་མཐའ་དག་ལ་འཆད་རྩོད་རྩོམ་གསུམ་འཛིན་སྐྱོང་སྤེལ་གསུམ་སྒོམ་སྒྲུབ་ཉམས་ལེན་གྱི་གདམས་པ་ཡོངས་སུ་རྫོགས་པའི་མཁས་དང་གྲུབ་པའི་བདག་ཉིད་ཆེན་པོ་དུ་མ་ཞིག་བྱུང་བ་ང་ཚོར་ལོ་རྒྱུས་ཀྱི་བདེན་དཔང་ཡོད་མོད། ཉེ་ཆར་སྤྱིར་ང་ཚོའི་ཡུལ་ལུང་འདི་གཉིས་ལ་མཚོན་ན་བོད་ཀྱི་རིག་གནས་དང་དམངས་སྲོལ། ཁྱད་པར་དུ་གཡུང་དྲུང་བོན་བསྟན་འདི་ཉིད་ཅུང་ཉམས་དམས་སུ་འགྲོ་བཞིན་པ་དེ་ང་ཚོ་ཚང་མས་མཐོང་ཆོས་སུ་གྱུར་བ་དེ་རེད། སྐྱ་སེར་སུ་ཡིན་ཡང་བོན་གྱི་ལ་རྒྱ་སོགས་འཛིན་མཁན་ཆེས་ཉུང་ཉུང་ལ་ཆགས་འདུག་པས། དེའི་ཕྱིར་ང་ཚོ་ཚང་མས་ཚེ་འདི་དང་ཕྱི་མ་གཉིས་ཀྱི་དོན་ལ་ཐུགས་བསམ་རེ་བཞེས་ནས་དོན་དུ་བོན་པོ་ཡིན་ན་བོན་གྱི་གྲུབ་མཐའ་འཛིན་པའི་གང་ཟག་དང་། གྲྭ་བ་ཡིན་ན་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་བུར་བཞུགས་ཏེ་བསྟན་པ་ལ་ཞབས་ཕྱི་འབུལ་དགོས་པ་ངོས་ཟིན་གྱི་མེད་པའི་དུས་ཉེས་གཅིག་ཏུ་སླེབས་ཡོད་ཅིང་།
དེས་ན་ད་ལེན་རྣམ་ཀུན་བསྟན་ལ་ལྷག་བསམ་དཀར་བའི་དགོན་བདག་རྣམ་པ། བསྟན་པའི་མངའ་བདག་བླ་མ་དང་སྤྲུལ་སྐུ། བསྟན་འཛིན་སྐྱེས་མཆོག་མཁན་པོ་དང་དགེ་བཤེས། བསྟན་པའི་མཛེས་རྒྱན་གྲྭ་བཙུན་དང་དགོན་སྡེའི་ལས་སྣེ། བསྟན་པའི་བྱ་བ་ལ་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་གི་ལས་བྱེད་མི་སྣ། བསྟན་པའི་སྦྱིན་བདག་སྡེ་གྲོང་སོ་སོའི་སྡེ་དཔོན། དེ་བཞིན་དུས་རྣམ་ཀུན་ཏུ་གཡུང་དྲུང་བོན་ལ་དད་འདུན་དང་མོས་གུས་ལྡན་པའི་འབངས་མི་བཅས་ཀྱིས་རང་བསྟན་རང་གིས་འཛིན་པའི་འགན་འཁྲི་རུ་བབས་པ་ཤེས་ཤིང་། རང་ཉིད་བོན་པོ་མིང་དོན་མཚུངས་པ་ཞིག་བྱེད་ཕྱོགས་ཐད་ལ་ཚང་མས་ཐབས་བརྒྱ་གྲོས་སྟོང་གིས་བསམ་འཆར་བསྡུ་རུབ་བྱེད་དེ་ཚོགས་འདུ་འདིས་བསྟན་དོན་ལ་ཕན་འབྲས་ཐོན་པ་ཞིག་གནང་དགོས།
མཐར་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་འདི་ཉིད་རྗེས་ཕྱོགས་ཀྱི་བྱ་བ་དང་ཚོགས་མི་དག་གིས་ལོ་ངོ་གཅིག་གི་རིང་ལ་ལས་འགན་གང་དག་བསྒྲུབ་དགོས་པའི་གནས་ལ་འཆར་གཞི་དང་བཀོད་བསྒྲིགས་གནང་བ། སླར་ཡང་ལོ་རྗེས་མ་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་བྱ་བའི་སྐོར་ལ་གྲོས་མོལ་གནད་བསྡུས་གནང་བ།
མདོར་ན། སྐྱེས་མཆོག་བསྟན་པའི་རྐང་འཛིན་བླ་མ་དང་སྤྲུལ་སྐུ་སོགས་ཀྱིས་འཛིན་སྐྱོང་སྤེལ་བའི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ་བ། དགེ་བའི་བཤེས་གཉེན་ཡོངས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་པ་དང་། ཤེས་ཡོན་དང་བློ་གྲོས་ལྡན་པ་རྣམས་ཀྱིས་ཐབས་ཇུས་ཀྱི་སྒོ་ནས་བསྟན་ལ་སྲི་ཞུ་བྱེད་ཅིང་། རླབས་ཆེན་དཔོན་རིགས་རྣམས་དང་རྒྱུ་ནོར་ལོངས་སྤྱོད་ལྡན་པའི་བསྟན་པའི་སྦྱིན་བདག་ཀུན་གྱིས་བསྟན་པའི་ལས་དོན་ལ་རྒྱབ་སྐྱོར་གནང་དགོས་ཚུལ་གྱི་གནས་ལ་བགྲོ་གླེང་ཚད་ལྡན་བྱས་པ་རེད།