ཐེངས་གསུམ་པའི༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱིས་ཚོགས་མི་དག་ལ་འོས་འགན་དུ་སྤྲད་པའི་ལས་བྱ།
༡༽སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཀྱི་སྐུ་གདུང་བཞུགས་སར་སྐུ་གདུང་མཆོད་རྟེན་ཞིག་བཞེངས་རྒྱུ། ལོ་ངོ་གཉིས་ཀྱི་རིང་ལ་བསྒྲུབས་ཚར་རྒྱུ། འགན་ཁུར་མཁན་དགའ་མལ་དགོན་ཆེན་གྱི་ཀྲུའུ་རེན་ནས་འགན་བཞེས་རྒྱུ།
༢༽དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ཁང་གསར་བསྐྲུན་བྱེད་རྒྱུ། ལོ་ངོ་གསུམ་གྱི་རིང་ལ་བསྒྲུབས་ཚར་རྒྱུ། འགན་ཁུར་མཁན་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་བླ་མ་ཚེ་རིང་ནས་འགན་བཞེས་རྒྱུ།
༣༽རྫོང་གསུམ་ལ་གསོ་རིག་འབུམ་བཞིའི་སློབ་གཉེར་བ་གསོ་སྐྱོང་བྱེད་རྒྱུ། ་དགེ་རྒན་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། སྨན་པ་ཤེས་རབ་ཚུལ་ཁྲིམས་རྣམ་གཉིས་ནས་གསོ་རིག་འབུམ་བཞིའི་སློབ་གཉེར་བ་གསོ་སྐྱོང་གནང་རྒྱུ།
༤༽རྫོང་གསུམ་ལ་བཟོ་རིག་ཐང་ག་འབྲི་མཁན་ལྷ་བཟོ་བ་སྐྱེད་བསྲིངས་བྱེད་རྒྱུ། གཙོ་ཚང་དགོན་བཀྲེན་སྐྱང་སྨད༼ཟིང་ཆུ་བོན་གྱི་ཐང་ག་སྒྱུ་རྩལ་ཁང་༽དུ་བཟོ་རིག་པ་སྐྱེད་བསྲིངས་གནང་རྒྱུ། འགན་ཁུར་མཁན་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་ནམ་སྤྲུལ་སྐུ་ངག་དབང་ལགས་ནས་གནང་རྒྱུ།
༥༽རྫོང་གསུམ་གྱི་གྲྭ་བཙུན་དག་ཕྱོགས་སོ་སོར་སློབ་གཉེར་ལ་ཕེབས་མཁན་ཚོ་ལ་འཚོ་བ་སོགས་ཀྱི་ཐད་ལ་རོགས་རམ་གང་ཐུབ་རེ་གནང་རྒྱུ། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ངོས་ནས་གནང་རྒྱུ།
༦༽རྫོང་གསུམ་གྱི་གནས་རི་གལ་ཆེན་སྟེ་ཤར་དུང་རི་གཙོ་བོར་བྱས་པའི་གནས་རི་གལ་ཆེན་ཁག་དང་དགོན་པ་དག་གི་ལོ་རྒྱུས་མདོར་བསྡུས་ཤིག་ཚོན་རིས་ཅན་བོད་རྒྱ་དབྱིན་གསུམ་སྒོ་ནས་བསྒྲིགས་ཏེ་པར་བསྐྲུན་བྱེད་རྒྱུ། ལོ་ངོ་གཅིག་གི་ནང་དུ་འབྲི་ཚར་བ་བྱེད་རྒྱུ་དང་ལོ་གཉིས་པའི་ནང་པར་བསྐྲུན་གྱི་གྲ་བསྒྲིགས་བྱེད་རྒྱུ། དུང་རི་བླ་མ་དང་ཨ་ དཔལ་བཟང་གཉིས་ནས་འགན་བཞེས་རྒྱུ།
༧༽རྫོང་གསུམ་གྱི་ཅུང་ཉག་ཕྲ་བའི་དགོན་པ་དག་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་རྒྱུ། ཚོགས་གཙོ་ཆེན་མོ་དགའ་མལ་དགོན་ཆེན་གྱི་མཁན་པོ་ལགས་ནས་གཙོ་འགན་གནང་རྒྱུ།
༨༽བོན་གྱི་བཀའ་བརྟེན་གྲགས་ཅན་ཤར་རིའི་སྒྲ་མདོ་དོན་དངོས་ལ་འདིའི་ཕྱོགས་སུ་ཡོད་མེད་རྩད་གཅོད་བྱ་རྒྱུ། ཚོགས་མི་ཚང་མས་རྩད་གཅོད་གནང་རྒྱུ།
༩༽གྲྭ་བཙུན་འགའ་ཞིག་གི་སྤྱོད་པ་ལ་གཙང་གཤེར་བྱེད་རྒྱུ།དགོན་པ་སོ་སོའི་བླ་མ་དང་སྤྲུལ་སྐུ་སོགས་ནས་སློབ་གསོ་རོགས་གནང་རྒྱུ།
༡༠༽རྫོང་གསུམ་གྱི་སྔོན་བྱོན་སྐྱེས་ཆེན་ཚོའི་རྣམ་ཐར་ཕྱོགས་བསྒྲིགས་བྱས་ཏེ་པར་བསྐྲུན་བྱེད་རྒྱུ། དགོན་བདག་སོ་སོའི་ཤེས་ལྡན་མི་སྣ་དག་གིས་འགན་བཞེས་གནང་རྒྱུ།
ཐེངས་གསུམ་པའི༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱི་ཚོགས་མི་ཡོངས་ནས་༢༠༡༠་༨་༥ཉིན་ལ་དགའ་མལ་དགོན་ཆེན་དུ་ཐེངས་གསུམ་པའི་ཚོགས་འདུ་འཚོགས་སྐབས་ལ་བྲིས་པའོ། །