ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༡༥ཉིན་ཞོགས་པ་སྔ་མོ་ནས་ཀླུ་བྲག་བླ་མ་ཚུལ་ཁྲིམས་རིན་པོ་ཆེ་དང༌། ཟླ་བ། ནོར་བུ། ཀེ་མིའི་ཚེ་དབང༌། ཕྲན་ནག་རུ་དགེ་ལེགས་སྦྱིན་པ་བཅས་མི་རེར་རྟ་རེ་དང་བཅས་ཏེ་གློ་སྨོན་ཐང་ནས་སྨར་རྫོང་ཕྱོགས་སུ་ཆས། ས་དེར་སླེབས་ཁར་རྒྱང་རིང་ཙམ་ནས་བལྟས་པས་སྨར་རྫོང་གི་རི་བོའི་ཆགས་ཚུལ་དང༌། བཟོ་དབྱིབས་སོགས་ཤིན་ཏུ་ངོ་མཚར་ཆེ་ཞིང་མཛེས་བརྗིད་ལྡན་པ། གནའ་བོའི་ཞང་ཞུང་སྟོད་རྒྱུད་ཀྱི་མི་རིགས་འཁྲས་རྟེན་བྱེད་སའི་ཕུག་པ་མང་པོས་ཕྱོགས་ཡོངས་སུ་ཁེངས་པ་ཞིག་སྣང༌། ས་ཆའི་བབ་ལ་བརྟག་ན་རང་བཞིན་གྱིས་དྲོད་འཇམ་ལྡན་ལ་ལྷག་རླུང་མེད་པ། གཤམ་དུ་ཆུ་བོ་ཆེན་པོ་ཞིག་རྒྱུགས་པ་སོགས་ཡིད་དུ་འོང་བ་ཞིག་སྣང༌། རི་ངོས་ཀྱི་ཕུག་པ་ལ་ཡང་གོང་འོག་དུ་མ་ཡོད་པ་ལ། ཕུག་པ་གོང་མ་རྣམས་སུ་འགྲོ་ལམ་ཞིག་ནས་དེང་སང་མི་འགྲོ་བསྐྱོད་ཐུབ་ཀྱི་མི་འདུག བར་མའི་ཕུག་པ་རེ་འགའ་དང༌། འོག་མ་དང༌། རི་འདབས་ཀྱི་ཕུག་པ་རྣམས་སུ་མི་འགྲོ་བསྐྱོད་ཐུབ་པར་སྣང༌། ཕྲན་ཚོ་ཕྱི་རྒྱལ་བའི་སྒར་སར་འབྱོར་བ་དང༌། མཁས་དབང་ཆར་ལའི་སི་རམ་བྷོལ་གཙོས་ཁོང་གི་རོགས་པ་ཚོ་དང་མཉམ་འཛོམས་བྱུང༌། དེ་ནས་ངེད་ཚོས་ཕུག་པ་ནང་གི་དཔེ་ཆ་ཕྱི་ལོགས་ཏུ་ཁུར་ཏེ་དཔར་ལེན་བྱེད་པ་སོགས་གྲོས་བྱས་ཏེ། ཕྱི་རྒྱལ་བའི་རི་འཛེག་པ་དང༌། དཔར་པ། གཟུགས་མཐོང་བརྙན་འཕྲིན་གྱི་དཔར་ལེན་པ་སོགས་ཀྱིས་གྲ་སྒྲིག་བྱས་མཚམས་ང་ཚོ་ཚང་མ་ཡར་ཕུག་རྩར་ཕྱིན་པ་ཡིན། དུས་ཡུད་ཅུང་ཙམ་སོང་བ་དང་གློ་སྨོན་ཐང་ཡུལ་གྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་བྱེད་རྣམས་དང༌། ཡུལ་གྱི་ཕོ་གསར་ཚང་མ་ང་ཚོའི་སྒར་སར་སླེབས་ཏེ། ང་ཚོ་ལ་ཕུག་པ་ནང་གི་དཔེ་ཆ་རྣམས་ཕྱི་ལོགས་ལ་འདོན་མི་ཆོག་པ་མ་ཟད། པར་ཡང་རྒྱག་ཆོག་གིན་མེད་ཟེར། ངའི་རོགས་པ་ཕྱི་རྒྱལ་བ་ཚོར་ཕུག་པ་ནང་ལ་འགྲོ་ཆོག་པ་དང༌། དཔར་རྒྱབ་ཆོག་པའི་་བལ་ཡུལ་གཞུང་གིས་སྤྲད་པའི་ཆོག་མཆན་ཡིག་ཆ་རྣམས་བསྟན་ཀྱང་ཁོ་ཚོས་ངོས་ལེན་གཏན་ནས་མི་བྱེད་པ་མ་ཟད། ང་ཚོའི་མཉམ་དུ་ཡོད་པའི་བལ་ཡུལ་གཞུང་འབྲེལ་གྱི་མི་སྣ་དེ་ཚོས་སྐད་ཆ་ཁ་ཤས་བཤད་སོང་ཡང༌། ཁྱོད་ཚོ་ཕྱི་རྒྱལ་གྱིས་དངུལ་སྤྲད་ནས་ཉོས་ཟིན་པ་རེད་ཟེར་ནས་ཁ་རྡུང་བཏང་བ་མ་གཏོགས། ཁོ་ཚོས་བཤད་པ་ལ་ཉན་འཇོག་གཏན་ནས་བྱས་མ་སོང༌། ཕྲན་རང་ཕུག་པའི་ནང་ལ་དཔེ་ཆ་གང་འདྲ་ཞིག་ཡོད་མེད་ཞིབ་འཇུག་བྱེད་དུ་འགྲོ་གིན་ཡིན་པར་བཤད་པས། ཁོ་ཚོས་ཁྱོད་ཀྱིས་ཕྱི་རྒྱལ་བ་མང་པོ་ཁྲིད་ནས་འདིར་སླེབས་པ་དང༌། ང་ཚོའི་ཡུལ་མི་ལ་འབྲེལ་བ་མ་བྱས་པས་འགྲོ་ཆོག་གི་མ་རེད་ཟེར། ངས་ཁོ་ཚོར་ང་འདིར་ཡོང་བ་ལ་བལ་ཡུལ་གཞུང་གི་ཆོག་མཆན་མི་དགོས་པ་དང༌། ཕུག་པ་ནང་གི་དཔེ་ཆ་ཚང་མ་ང་བོན་པོའི་ཡིན་པས་ང་ལ་བདག་དབང་ཡོད་པའི་ཚུལ་བཤད་ཀྱང༌། ཁོ་ཚོས་གཏན་ནས་བཏང་མ་སོང༌། ཡིན་ནའང་ཁོ་ཚོས་དེ་རིང་དགོང་མོ་གློ་རྒྱལ་པོ་དབུ་བཞུགས་ཐོག་ཡུལ་གྱི་མི་མང་ཚང་མ་ལྷན་འཛོམས་ཀྱི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པས་དེར་ཤོག་དང་ང་ཚོ་གྲོས་བྱེད་ཆོག་ཅེས་བཤད་སོང་བས། ངས་ཀྱང་དེ་ལྟར་རུང་བར་ཁས་བླངས་པ་ཡིན། དེ་ནས་ཅུང་ཙམ་སོང་བ་དང༌། ཡུལ་གྱི་སྨན་པ་རྒྱ་མཚོ་དང༌། དགོན་པའི་གྲྭ་པ་བགྲེས་སོང་ཁ་ཤས་དེར་སླེབས་སོང༌། ཁོ་ཚོས་གྲོས་བྱས་ཏེ་ང་ཚོས་རོགས་པ་ཕྱི་རྒྱལ་བ་ཁ་ཤས་ཀྱི་མཉམ་དུ་ཡུལ་གྱི་ཕོ་གསར་ཁ་ཤས་འགྲོ་ནས་ཕུག་པ་ནང་ལ་དཔེ་ཆ་དང༌། དངོས་རྫས་ཇི་ཡོད་བརྟག་དཔྱད་བྱེད་དགོས་པ་ཐག་བཅད་སོང༌། ཡིན་ནའང་ཕུག་པ་ནང་ལ་འགྲོ་ནས་དཔེ་ཆ་དང་དངོས་རྫས་ཅི་ཡོད་རང་སར་བཞག་པ་ལས་ཐུག་ཆོག་གི་མ་རེད་ཟེར། དེ་ནས་མཁས་དབང་ཆར་ལའི་སི་རམ་བྷོལ་དང༌། ཕྱི་རྒྱལ་བའི་རི་འཛེག་པ་རྣམས་དང༌། དཔར་པ་ཁ་ཤས་ཕུག་པ་ནང་ལ་ཕྱིན་ཏེ་དཔར་ཁ་ཤས་རྒྱབ་འདུག་ཀྱང་གསལ་པོ་ཐེབས་མི་འདུག ཕྲན་རང་རི་བོ་དེར་སྐོར་བ་ཞིག་ཕྱིན་པས། རི་བོ་དེའི་ཕྱོགས་གང་སར་ཕུག་པ་མང་པོ་ཡོད་པ་དང༌། རྩེ་ལ་ཁང་པ་ཆགས་ཤུལ་གྱི་རྡོ་བརྩེགས་གསལ་པོར་སྣང༌། དེ་ལྟར་ན་རི་བོའི་རྩེ་ལ་མཁར་རྫོང་ངམ་དགོན་པ་ཆགས་པ་དང༌། རི་ངོས་དང༌། རི་འདབས་ཀྱི་ཕྱོགས་གང་སར་གནའ་བོའི་གློ་བོའི་ཡུལ་མི་གནས་སྡོད་བྱེད་སའི་ཕུག་པ་མང་པོ་སྣང༌། སྔར་རི་བོ་འདིའི་ནུབ་ངོས་ཀྱི་ཕུག་པ་གཅིག་གི་ནང་ལ་རྔ་དང༌། མཆོད་གཤམ་ཏིང་ངུ་སོགས་ཡོད་པར་བཤད་ཀྱང་ད་ལྟ་མི་སྣང༌། གློ་བོའི་ལོ་རྒྱུས་འགའ་ལས་སྨར་རྫོང་འདི་བོན་པོའི་དགོན་པ་ཡིན་པ་དང༌། ཆུ་ཕར་ཀ་དགོན་པ་ཞིག་ཤུལ་ཞིག་འདུག་པ་དེ་ཆོས་པའི་དགོན་པ་ཡིན་ཞིང་དེ་གཉིས་མ་འཆམ་པར་ཕན་ཚུན་མཐུ་གཏད་བྱས་པས། ཚུར་ལ་སྨར་རྫོང་གི་ཕུག་པའི་ངོས་བཤིག་པ་དང༌། ཕར་ལ་རི་ཉིལ་ནས་དགོན་པ་ས་འོག་ཏུ་གནོན་པ་རེད་ཅེས་གཏམ་རྒྱུད་དང་ཟེར་སྲོལ་གཅིག་པུ་ལ་གཞི་བཅོལ་ནས་བྲིས་འདུག་པས་ཡིད་བཏོན་རུང་བའི་གནས་མ་མཐོང༌།
ཡང་གློ་བོའི་ལོ་རྒྱུས་༼དཀར་ཆག་དྭང་ཤེལ་མེ་ལོང་༽ནང་རོང་སྒོམ་རྟོག་མེད་ཞིག་པོ་དང༌། ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གཉིས་མཇལ་འཕྲད་གནང་ས་དེ་ཉིད་ཡིན་པར་བཤད་པ་དང༌། རོང་སྒོམ་རྟོག་མེད་ཞིག་པོས་འཕོ་བ་གཅིག་རྒྱུད་ཀྱི་གདམས་པ་གནང་བ་སོགས་བྲིས་འདུག་ཀྱང་དེ་ནི་གཏམ་རྒྱུད་དང༌། བཤད་ཡམས་ཙམ་དུ་ཟད། རྒྱུ་མཚན་ནི་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ལས་བོན་སྙན་རྒྱུད་བསྟན་པའི་མངའ་བདག་ཡང་སྟོན་ཤེས་རབ་རྒྱལ་མཚན་གྱིས། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བསྟན་པའི་མངའ་བདག་ཆེན་མོ་བོན་གཅིག་རྒྱུད་བསྟན་པའི་རྐང་འཛིན་རོང་སྒོམ་རྟོག་མེད་ཞིག་པོ་མཇལ་ནས་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་གཅིག་རྒྱུད་གདམས་པ་རྫོགས་པར་ཞུས་པ་གསུངས་པ་ལས། འཕོ་བ་གཅིག་བརྒྱུད་ཀྱི་གདམས་པ་ཞུས་པ་གང་ལས་གསལ་མེད་པ་རེད། གློ་བོའི་ལོ་རྒྱུས་ཀྱི་དེབ་ཐེར་འདི་ཀློག་པ་ཙམ་གྱིས་ལོ་རྒྱུས་རྩོམ་པ་པོ་ཁོང་ནི་གྲུབ་མཐའི་འཆིང་འཛིན་གྱི་སྒྲོག་གིས་བཅིངས་པའི་སེར་གཟུགས་ཤིག་ཡིན་པ་ནི་ཁོང་གིས་བྲིས་པའི་དེབ་ཐེར་འདི་ལ་བརྟེན་ནས་ཤེས་རྟོགས་ཐུབ་པ་ཡིན།
ཉིན་གུང་ཞལ་ལག་སྐབས་ང་ཚོ་ཚང་མ་ལྷན་དུ་འཛོམས་པ་དང༌། ཕུག་པའི་ཕྱི་ལོགས་ལ་རླུང་བུས་ཁུར་བའི་ཁམས་ཆེན་ནང་གི་ལྡེབ་མ་ཁ་ཤས་ཆུ་འགྲམ་ནས་རྙེད་སོན་བྱུང་བར་བལྟས་པས། ཤོག་བུ་དང༌། ཡི་གེ་འབྲི་བྱེད་ཀྱི་སྣག་ཚ་ལ་ཆུ་དང་ཆར་པས་སྣོག་མི་ཐུབ་པ་སོགས་ཀྱི་རྒྱུ་སྤུས་ལ་ཚང་མ་ཧང་སང་སྟེ། ཤོག་བུ་ལག་པས་བཟུང་བཞིན་ཚང་མས་ཤོག་བུའི་རྒྱུ་ཆ་དང༌། སྣག་ཚའི་རྒྱུ་ཆ་སོགས་ཚུལ་ཅི་ལྟར་བཟོས་ཡོད་མེད་སྐོར་ལ་བགྲོ་གླེང་བྱས་ཀྱང༌། དོན་དངོས་གནས་ཚུལ་འདི་ལྟར་བཟོས་པ་རེད་འདུག་ཅེས་ཚོད་དཔག་ཐུབ་མཁན་མ་བྱུང༌། དགོང་མོ་དེར་ང་ཚོ་ཡར་གློ་སྨོན་ཐང་ལ་ལོག་སྟེ་ཚོགས་འདུ་སོང་བ་ཡིན། ཚོགས་འདུའི་དབུ་བཞུགས་སུ་གློ་རྒྱལ་པོ་དང༌། ས་སྐྱ་དགོན་པའི་མཁན་པོ་གཙོས་ཡུལ་གྱི་མི་དྲག་དང༌། བླ་མ་དང་གྲྭ་པ། མི་མང་བཅས་ཚང་མ་འཛོམས་སོང༌། མཐར་ཚོགས་འདུའི་ཐོག་དགོན་པའི་གྲྭ་པ་དང༌། ཡུལ་གྱི་གཞོན་ནུའི་ལྷན་ཚོགས་གཉིས་སྨར་རྫོང་གི་དཔེ་ཆ་དེ་ཡུལ་དང༌། དགོན་པ་གང་ལ་ཐོབ་མིན་དང༌། སྨར་རྫོང་གི་དཔེ་ཆ་དེ་ས་ཆ་གང་ལ་འཇོག་མིན་སྐོར་ལ་ཕན་ཚུན་ཁ་མ་འཆམ་པར་འཁྲུག་པ་ཤོར་བས་ཚོགས་འདུ་མཇུག་མ་རྫོགས་པར་གྲོལ་སོང༌། ཕྲན་དགོང་མོ་དེར་གློ་རྒྱལ་པོ་དང༌། དགོན་གྱི་མཁན་པོ་གཉིས་མཇལ་བཅར་ཞུས་ཏེ་ང་བོན་པོ་ཡིན་པ་དང༌། འདིར་ཡོང་དགོས་པའི་གནས་ཚུལ་རྣམས་སྦས་གསང་མེད་པར་ཞུས་པས། ཁོང་གཉིས་ནས་ཕྲན་ཕུག་པའི་ནང་ལ་འགྲོ་ཆོག་པ་དང༌། དཔེ་ཆ་ཚང་མ་དཔར་ལེན་བྱེད་པའི་ཆོག་མཆན་ཚང་མ་གནང་སོང་བས་ཁོ་བོ་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང༌།
ཕྱི་ཉིན་༡༦ཉིན་ང་ཚོ་སླར་སྨར་རྫོང་དུ་ཕྱིན་ཏེ་ཕུག་པ་ནང་གི་དཔེ་ཆ་ཕྱིར་འདོན་པའི་གྲྭ་སྒྲིག་ཚང་མ་ཚར་བ་དང༌། གསེར་སྐྱེམས་རྒྱས་པ་ཤིག་བཏང་ནས། ང་ཚོའི་རོགས་པ་ཕྱི་རྒྱལ་བའི་རི་འཛེག་པ་རྣམས་ཡར་ཕུག་པར་འཛེགས་ཏེ། དཔེ་ཆ་རྣམས་ཕུག་པ་ནས་ཕྱིར་བཏོན་པ་དང༌། ང་ཚོའི་སྒར་སར་མར་ཁུར་ཏེ་གཙང་མ་བཟོས་ཤིང་དཔེ་ཆའི་རིགས་ཅི་ལྟར་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་པ་ཡིན། སྨར་རྫོང་གི་ཕུག་པ་ནང་ནས་དཔེ་ཆ་ཁྱོན་བསྡོམས་དོ་པོ་བཅུ་བདུན་ལྷག་ཙམ་ཐོན་པ་དང༌། ཐོན་པའི་དཔེ་རྙིང་ནང་ལ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་པོད་བཅུ་དྲུག་གི་བདག་ཉིད་ཅན་དང༌། གཙང་མའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་པོད་གསུམ་གྱི་བདག་ཉིད་ཅན་ལ་གསར་རྙིང་མི་འདྲ་བ་གསུམ་དང༌། མདོ་གཟེར་མིག་ལེའུ་བཅོ་བརྒྱད་པ་པོད་གཉིས། ཁྲོ་བོ་རྒྱུད་དྲུག་གི་འགྲེལ་བ་དང༌། ཁྲོ་བོ་དབང་ཆེན་གྱི་གཞུང་གཉིས། གཞན་ཡང་ལེའུ་ཕྲན་ཁ་ཤས་བཅས་ཐོན། ང་ཚོས་དཔེ་ཆ་རྣམས་ཐལ་རྡུལ་ཕྱིས་པ་དང༌། གཙང་མ་བཟོས་ནས་པོད་སོ་སོར་ཕྱེས་ཏེ་བསྒྲིགས་པས་དཔེ་ཆའི་དབུ་ཤོག་ཚང་མ་གཏོར་བརླགས་སོང་ནས་མི་སྣང༌།
དང་པོ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ནི། གནས་ཕུན་སུམ་ཚོགས་པ་གཡུང་དྲུང་གསལ་བ་འོད་ཀྱི་གླིང་ལས་སོགས་གནས་རིགས་ཁྱད་པར་ཅན་བརྒྱད་ཀྱི་གནས་དེར། འཁོར་ཕུན་སུམ་ཚོགས་པ་ཡིད་ཀྱི་ཁྱེའུ་ཆུང་ལ་སོགས་ཁམས་བརྒྱད་ཞུ་བའི་གཤེན་བརྒྱད་ཀྱིས་ཞུས་ནས། སྟོན་པ་ཕུན་སུམ་ཚོགས་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་ཞལ་གཙང་མ་ནས་གསུངས་པའི་ཟབ་མོ་ཤེར་ཕྱིན་གྱི་འབུམ་སྡེ་ལ། བསྒྲགས་པ་སྐོར་གསུམ་ཡོད་པའི་ནང་ནས་བར་མི་ཡུལ་དུ་བསྒྲགས་པའི་བཀའ་ཡིན། འདི་ལ་དུམ་པ་བཅུ་དྲུག ལེའུ་བརྒྱ་བཅུ་རྩ་གཅིག བམ་པོ་སུམ་བརྒྱ་དྲུག་བཅུ། ཕྱག་རྒྱའི་ཡན་ལག་སྟོང་དང་རྩ་བརྒྱད། ཚིག་ལ་སྤྲོས་ན་བྱེ་བ་ས་ཡ་འབུམ། ཤོ་ལོ་ཀ་འབུམ་ཡོད་པས་འབུམ་ཞེས་གྲགས་པ་ཡིན། བརྗོད་དོན་གྱི་ཆ་ནས་བཤད་ན་ཁམས་བརྒྱད་ཞུ་བའི་གཤེན་བརྒྱད་ཀྱིས་ཞུས་པའི་གཞི་ལམ་འབྲས་བུའི་ཁམས་ཆེན་པོ་བརྒྱད་ཀྱིས་བསྡུས་པའི་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བ་ཞིག་བསྟན་པ་ཡིན་ནོ། །གསུང་རབ་འདི་ནི་བོན་ཐེག་པ་རིམ་དགུའི་ནང་ཚན་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པའི་འདོད་གཞུང་གི་ཁོངས་སུ་གཏོགས་པ་ཡིན་ཞིང༌། བརྗོད་དོན་གྱི་ཆ་ནས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པའི་བཀའ་ཡིན།
བྱུང་རིམ་གྱི་དབང་དུ་བྱས་ན་ཁམས་ཆེན་སྟོང་ཕྲག་བརྒྱ་པ་འདི་ཉིད་དང་པོ་བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གནས་མཆོག་དམ་པ་འོལ་མོ་ལུང་རིང་དུ་གསུངས་པ་དང༌། སྟོན་པ་སངས་རྒྱས་སྐུ་ཞི་བར་གཤེགས་པའི་རྗེས་སུ་གདུང་ཚོབ་སྟོན་པ་མུ་ཆོ་ལྡེམ་དྲུག་གི་དུས་སུ་ཁོང་གི་སློབ་མ་འཛམ་གླིང་བསྟན་པའི་རྒྱན་དྲུག་དང༌། དེ་དག་གི་སློབ་བརྒྱུད་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ཀྱིས་བསྟན་པ་འདི་ཉིད་སྟག་གཟིག་དང༌། ཞང་ཞུང་ལ་སོགས་འཛམ་གླིང་གི་ཡུལ་གྲུ་དུ་མར་དར་སྤེལ་མཛད་པའོ། དེ་ནས་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐུ་དུས་སུ་ཞང་ཞུང་ནས་བོན་གྱི་མཁས་པ་མང་པོ་གདན་དྲངས་ནས་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་བོན་སྡེ་མང་པོ་ཞིག་ཞང་སྐད་ནས་བོད་སྐད་དུ་བསྒྱུར་བའི་སྐབས་དེར་བསྟན་པ་འདི་ཉིད་གནས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོ་རུ། ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང༌། བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གཉིས་ཀྱིས་ཞང་སྐད་ལས་བོད་སྐད་དུ་བསྒྱུར་བར་གསུངས། འབུམ་སྡེ་འདིའི་དབུར་ཞང་ཞུང་གི་སྐད་ཡོད་པ་ནི་བྱུང་བའི་ཁུངས་བཙུན་པའི་ཕྱིར་དུའོ། །
དེ་རྗེས་བོད་རྒྱལ་གྲི་གུམ་བཙན་པོས་བོན་གྱི་བསྟན་པ་བསྣུབས་པའི་སྐབས་སུ་མཁས་པ་མི་བཞིས་བསྟན་པ་རིན་པོ་ཆེ་འདི་ཉིད་འབྲི་མཚམས་མཐའ་དཀར་ལ་གཏེར་དུ་སྦས་པ་དང༌། བོན་བསྟན་ཕྱི་དར་གྱི་སྐབས་སུ་སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགས་མེ་སྦྲེལ་ལོར་༼ཕྱི་ལོ་༩༩༦༡༠༣༤༽འབྲི་མཚམས་མཐའ་དཀར་ནས་ཟབ་མོ་གཏེར་༼ཕྱི་ལོ་༡༠༡༤༽ལས་གདན་དྲངས་ཏེ། ཅོག་ལ་གཡུ་སྐྱིད་ལ་བཀའ་བབས་ནས་བསྟན་པ་འདི་ཉིད་དར་ཞིང་རྒྱས་པའོ། །
ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི། སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི་འབུམ་སྡེ་ལ་བསྒྲགས་པ་སྐོར་གསུམ་ཡོད་པའི་ནང་ནས་འདི་ནི་བསྡུས་པ་ནོར་བུ་ལྟ་བུ་འོག་ཀླུ་ཡུལ་དུ་བསྒྲགས་པའི་འབུམ་སྡེ་ཡིན་པར་གསུངས། འབུམ་སྡེ་འདི་ནི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་འདོད་གཞུང་དུ་གཏོགས་པ་ཡིན། དེ་ཡང་དྲང་དོན་གཙོ་བོར་སྟོན་པའི་ཆ་ནས་ཀླུ་འབུམ་ནག་པོ་དང༌། དྲང་ངེས་ཟུང་འབྲེལ་གཙོ་བོར་སྟོན་པའི་ཆ་ནས་ཀླུ་འབུམ་ཁྲ་བོ། ངེས་དོན་གཙོ་བོར་སྟོན་པའི་ཆ་ནས་ཀླུ་འབུམ་དཀར་པོ་ཞེས་འདོགས་པའོ། །དེ་ཡང་རྣམ་རྒྱལ་ལས། མ་ཐུལ་བ་འདུལ་བའི་ནག་པོ། ཐུལ་བ་བཀྲིད་དྲང་གི་ཁྲ་བོ། བཀྲིད་དྲང་རྟོགས་པའི་དཀར་པོ་བསྟན་པའོ། །ཞེས་གསུངས། འབུམ་སྡེ་འདི་རྣམས་ཀྱི་ལོ་རྒྱུས་དང་སྔོན་རབས་ཀྱི་བརྒྱུད་ཚུལ་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལས་སོགས་ཀླུ་ཡི་བོན་པོ་རྣམས་ལ་ཀླུ་ཡུལ་ན་ར་སེང་སྔོན་ལས་སོགས་ཀླུ་ཡི་གནས་རིགས་ཁྱད་པར་ཅན་རྣམས་སུ་གསུངས་པ་དང༌། ལྷ་ཀླུ་མི་ཡི་གཤེན་གསུམ་༼ལྷ་ཡི་གཤེན་པོ་ཡོངས་སུ་དག་པ་དང༌། ཀླུ་ཡི་གཤེན་པོ་ཡེ་ཤེས་སྙིང་པོ། མི་ཡི་གཤེན་པོ་མི་ལུས་བསམ་ལེགས།༽གྱི་སྐུ་དུས་སུ་བར་མི་ཡུལ་དུ་དར་བའོ། །
ཕྱིས་སུ་སྤུ་རངས་ཤེལ་མཚོ་མུ་ལ་ཧད་ཀྱི་འགྲམ་ནས་མར་པ་འཕེལ་བཟང་ལ་སོགས་ཁྱི་ར་བ་མི་གསུམ་གྱིས་འབུམ་སྡེ་ཟབ་མོ་འདི་ཉིད་གཏེར་ལས་གདན་དྲངས་ཏེ། ཤུ་བོན་དགེ་བསྙེན་ལ་བཙོང་ནས་བསྟན་པ་འདི་ཉིད་དར་ཞིང་རྒྱས་པར་གསལ། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟེར་མིག་ལེའུ་བཅོ་བརྒྱད་པ་ནི། བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ནང་ནས་འབྲིང་པོ་དེ་ཉིད་ཡིན་ཞིང༌། མདོ་སྡེ་འདི་ཉིད་དུས་གསུམ་གཤེན་རབ་འབྱུང་ཁུངས་ཀྱི་མདོ་ཡིན་པར་གསུངས། མདོ་འདི་སྟོན་པ་སངས་རྒྱས་ཀྱིས་ཞལ་ནས་གསུངས་པ་དང༌། སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་གདུང་ཚོབ་སྟོན་པ་མུ་ཆོ་ལྡེམ་དྲུག་དང༌། ཁོང་གི་སློབ་བརྒྱུད་འཛམ་གླིང་མཁས་པའི་རྒྱན་དྲུག་གིས་སོ་སོའི་ཡུལ་གྲུར་བསྒྱུར་ནས་དར་བར་མཛད། དེ་ནས་བོད་ལ་མཁས་པ་ལྡེ་བོན་གྱིམ་ཚ་རྨ་ཆུང༌། མེ་ཉག་ལྕེ་ཚ་མཁར་བུ། སེ་ཤ་རི་དབུ་ཆེན་སོགས་ཀྱིས་ཞང་སྐད་ལས་བོད་སྐད་དུ་བསྒྱུར་ནས་བོད་དུ་དར་བའོ། །དེ་ནས་བསྟན་པ་རིན་པོ་གཏེར་ལ་སྦས་པ་དང༌། ཕྱིས་སུ་སྤྲུལ་པའི་གཏེར་སྟོན་དྲང་རྗེ་བཙུན་པ་གསེར་མིག་གིས་ལྷོ་བུགས་ཀྱི་ཁྲི་དང་དུར་ཁྲོམ་ནས་རྙེད་པའོ། ཞེས་ཟབ་མོ་གཏེར་ལས་དྲངས་པ་གསུངས་ཀྱང༌། ད་བར་ཞིབ་འཇུག་པ་རྣམས་ཀྱིས་བོན་སྡེ་འདི་ཉིད་གཏེར་ལས་དྲངས་པའི་དུས་རབས་ངེས་པ་ཅན་ཞིག་གཏན་ཁེལ་བྱུང་མེད་པ་རེད།
ད་ལྟ་ང་ཚོས་མཇལ་ཡུལ་དུ་བཞུགས་པ་མཇའ་མེན་གྱི་རྒྱལ་ས་བྷ་ལེན་གྱི་དཔེ་མཛོད་ཁང་ནང་བཞུགས་པའི་མདོ་གཟེར་མིག་དང༌། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེར་བཞུགས་པའི་མདོ་གཟེར་མིག ཀླུ་བྲག་བླ་མ་ཚུལ་ཁྲིམས་ཀྱི་བླ་བྲང་ནང་ལ་བཞུགས་པའི་མདོ་གཟེར་མིག གློ་བོ་གཡུང་དྲུང་ལྕང་ར་ཤར་ལ་བཞུགས་པའི་མདོ་གཟེར་མིག དོལ་པོའི་དགོན་པ་ས་ལེ་འོད་བཅས་ལ་བཞུགས་པའི་མདོ་གཟེར་མིག་དཔེ་རྙིང་འདི་རྣམས་ཀྱི་ཡི་གེ་འབྲི་སྟངས་དང༌། ནང་གི་དབུ་ཤོག་གི་ལྷའི་གཟུགས་དབྱིབས་དང༌། དཔེ་རིས་སོགས་མཇལ་བ་ཙམ་གྱིས་བསྟན་པ་འདི་ཉིད་དུས་རབས་བཅུ་པའི་ཡར་སྔོན་དུ་བྱུང་ཡོད་པ་ཚན་རིག་གིས་ཞིབ་འཇུག་དང་འབྲེལ་བའི་ཐོག་ནས་ཁ་ཚོན་གཅོད་ནས་བཤད་ཐུབ་པར་མཐོང༌། དཔེ་ཚོགས་འདི་རྣམས་ཀྱི་ནང་སྐབས་འགར་ལི་ཡུལ་ནས་ཐོན་པའི་དཔེ་ཚོགས་ནང་བཞིན་གི་གུ་ཕྱིར་ལོག་ཅན་དང་ཀློག་པར་དཀའ་བའི་བརྡ་རྙིང་དུ་མ་སྣང༌། གང་ལྟར་བསྟན་པ་རིན་པོ་ཆེ་འདི་ཉིད་བོན་བསྟན་ཕྱི་དར་གྱི་དུས་སུ་དྲང་རྗེ་བཙུན་པ་གསེར་མིག་ནས་དར་ཞིང་རྒྱས་པའོ། །
ཁྲོ་བོ་དབང་ཆེན་གྱི་གཞུང་ལ་ཡིག་གཟུགས་གཟབ་ཅན་དང༌། འབྲུ་མ་གཉིས་སུ་སྣང་ལ། འབྲུ་མ་འདི་ནི་བརྡ་དག་དང་ཡི་གེའི་ཚིག་ཚོགས་སོགས་བརྡ་རྙིང་གིས་ཕྱུག་པ་ཞིག་འདུག་པས་ཀློག་རྒྱུར་དཀའ་ཙམ་སྣང༌། འདི་ནི་གཤེན་གཏེར་གྱི་ཁུངས་སུ་གཏོགས་པས་བརྒྱུད་ཚུལ་དང༌། གཏེར་གྱི་ལོ་རྒྱུས་ཕལ་ཆེར་གོང་གི་ཁམས་ཆེན་དང་མཚུངས་པ་ཡིན། ཁྲོ་བོ་རྒྱུད་དྲུག་གི་འགྲེལ་བ་ཐོར་བུ་འདི་ཆ་ཚང་བ་མི་འདུག་ཀྱང༌། ལྡེབ་མ་ཁ་ཤས་བཀླགས་པས་སྔགས་ཀྱི་ལམ་རིམ་སོགས་ཧ་ཅང་ཁ་གསལ་པོ་བྲིས་འདུག ཡིན་ནའང་མཛད་པ་པོའི་མཚན་མ་གསལ་བས་འདི་ཡིན་ཞེས་བཤད་དཀའ་བར་སྣང་ངོ༌། །གཞན་ཡང་སྨར་རྫོང་ནས་རྙེད་སོན་བྱུང་བའི་དཔེ་ཆའི་མཇུག་བྱང་སྤྱི་སྡོམ་ལྟ་བུ་ཞིག་འདུག་འདིའི་ནང་གསལ་ལྟར་ན། ད་དུང་གསེར་དངུལ་གྱིས་བྲིས་པའི་སྲིད་པ་སྲིད་པའི་གསས་འབུམ་དཀར་པོ་དང༌། མཚན་འབུམ་དང༌། གཟུངས་འདུས་རྒྱས་པ་སོགས་དཔེ་ཆ་མང་དག་ཅིག་ཡོད་པ་མཚན་འཁོད་འདུག་ཀྱང་གཏོར་བརླག་སོང་ཟིན་ནས་མི་འདུག་གོ།
གང་ལྟར་དཔེ་ཚོགས་འདི་རྣམས་སྨོན་ཐང་ཕོ་བྲང་མ་ཆགས་གོང་དུ་བོན་འཁོར་དགོན་པའི་ནང་ལ་གློ་བོའི་ཡུལ་མིས་བཞེངས་པ་ཞིག་ཡིན་པ་ནི་མཇུག་གི་མཚན་བྱང་ལས་གསལ། གསུང་རབ་འདི་རྣམས་བོན་འཁོར་གྱི་ཡིན་པ་ནི་མཇུག་བྱང་ལས། །གནས་ལ་ཁྱད་འཕགས་གངས་ཅན་ཏི་སེ་ཤར། །པག་ཤུ་ཤར་དུ་འབབ་པ་གཙང་པོའི་ལྷོ། །འབྲུ་བཅུད་སྐྱེས་པ་གློ་བོ་ཡུལ་གྱི་དབུས། །འབུར་དུ་དོད་པའི་བོན་འཁོར་གནས་ཆེན་འདིར། ཞེས་གསུངས་པས་ངེས་པ་ཡིན། གློ་སྨོན་ཐང་ཕོ་བྲང་མ་ཆགས་གོང་དུ་བྱུང་ཡོད་པ་ནི། སྔར་ཆོས་རྒྱལ་ཨ་མགོན་བཟང་པོ་གུང་ཐང་རྒྱལ་པོའི་དྲུང་ཆེ་ཡིན་པ་དང༌། ཁོང་གི་སྐུ་དུས་སུ་སྨོན་ཐང་ཕོ་བྲང་བཏབ་ནས་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ཁོང་གློ་བོའི་རྒྱལ་པོ་གྱུར་བ་ནས་བཟུང་ཁོང་གི་མཚན་ཟུར་དུ་དྲུང་ཆེ་ཞེས་པའི་ཚིག་བརྗོད་མི་སྲིད་པས། དཔེ་ཆ་འདིའི་ནང་ཁོང་གི་མཚན་ཟུར་ལ་དྲུང་ཆེ་ཞེས་བྲིས་པས་རྒྱུ་མཚན་ལ་བརྟེན་ནས་དཔེ་ཚོགས་འདི་རྣམས་སྨོན་ཐང་ཕོ་བྲང་མ་ཆགས་གོང་ནས་བྱུང་ཡོད་པ་ཤེས་རྟོགས་ཐུབ་པ་ཡིན། དེ་ཡང་མཇུག་བྱང་ལས། ཀྱེ་མ། མི་དཔོན་ཆེན་པོ་སྟོབས་ལྡན་གྲགས་པའི་རྒྱུད། །སངས་རྒྱས་བསྟན་པ་རྒྱ་ཆེར་རབ་སྤེལ་ཞིང༌། །ཕྱི་རོལ་དགྲ་ལས་རྣམ་པར་རབ་རྒྱལ་བ། །མ་རུང་རྩད་གཅོད་ཁྲིམས་ལ་རབ་བརྩོན་པ། །དྲུང་ཆེན་ཨགྷོན་བཟང་པོ་སྐུ་མཆེད་བསྟོད། ཅེས་ཆོས་རྒྱལ་ཨ་མགོན་བཟང་པོ་དྲུང་ཆེེ་ཡིན་པ་གསལ། གོང་བཤད་ལྟར་ཁམས་ཆེན་གསུང་པོད་བཅུ་དྲུག་དང༌། ཀླུ་འབུམ་པོད་གསུམ། མདོ་གཟེར་མིག་པོད་གཉིས་བཅས་ཀྱི་དབུ་ཤོག་ཚང་མ་གཏོར་བརླག་སོང་ནས་མི་འདུག རྒྱུ་མཚན་ནི། མཇུག་བྱང་ལས་དབུ་ཤོག་ཚང་མ་གསེར་དང་དངུལ་གྱིས་བྲིས་ཡོད་པ་གསུངས་པའི་དབུ་ཤོག་ཚང་མ་ཁུར་ཏེ་བཙོང་ཡོད་པར་ངེས། དེ་ཡང་མཇུག་བྱང་ལས། ༼རྒྱབ་བྱང་གི་སྣེ་མོ་རལ་ནས་མི་འདུག༽་་་་་མེད་པའི་ཡོ་བྱད་རབ་སྦྱར་ནས། ཡབ་ཡུམ་བཀའ་དྲིན་ལན་གྱེས་བསབ་པ་དང༌། རིད་ཕྱིའི་ཚོགས་གཉིས་རབ་ཏུ་རྫོགས་བྱའི་ཕྱིར། གསུང་རབ་ཁམས་བརྒྱད་ཏན་ལ་ཕབ་པའི་འབུམ། དུམ་པ་བཅུ་དྲུག་གསེར་མགོའི་རྟགས་ཅན་ལ། ཕྱི་རི་བདོང་རྐོས་ནང་གི་ལེ་ལྷ་སོགས། ༼དབུའིཕྱོགས་རལ་ནས་མི་སྣང༌། ༽་་་་་་་བསྟན་པའི་གཙོ་བོ་ཞུ་འཁོར་གཤེན་དང་བཅས། མཆོད་གཏོར་ལྷ་ལྔ་མཆོད་རྟེན་སོ་གཉིས་ལ། རྒྱལ་སྲིད་བདུན་གྱིས་མཆོད་པ་འབུལ་མ་དང༌། སངས་རྒྱས་མཚན་འབུམ་གཟུངས་འདུས་རྣམ་པ་གསུམ། རིན་ཆེན་གསེར་གྱིས་བཞེངས་པའི་རྗེས་ཡིད་རངས། ཅེས་གསུངས། ཁམས་ཆེན་གྱི་ཤོག་ལྡེབ་ཁ་ཤས་ནང་གི་ལེ་ལྷ་དང་མཆོད་རྟེན་གྱི་་རི་མོ་རྣམས་དྲས་ནས་ཤོག་བུ་གཡུག་པ་ཡང་མང་པོ་སྣང་བས། ངའི་རོགས་པ་ཕྱི་རྒྱལ་བའི་ཞིབ་འཇུག་པ་དེ་ཚོས་མཐོང་བ་དང་རྦད་དེ་ཧང་སོང་སྟེ། ང་ལ་སེམས་གསོའི་ཆེད་དུ་ཡུལ་གྱི་མི་ལ་ཤེས་ཡོན་མེད་པ་དང༌། རང་གི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང་སོགས་ཀྱི་གལ་འགངས་མ་རྟོགས་པ་སོགས་ལ་བརྟེན་ནས་བྱུང་བ་ཡིན་པ་འགྲེལ་བརྗོད་བྱས་སོང༌། གང་ལྟར་དཔེ་ཚོགས་འདི་ནི་གློ་དོལ་གཉིས་ཀྱི་དཔོན་ཆེན་དང༌། མི་དྲག་ཐུན་མོང་ནས་བཞེངས་པ་ཞིག་ཡིན་པ་ནི། མཇུག་བྱང་ལས། །ཞང་སྐད་ཁ་གང་དབུ་ཐ་བར་དུམ་དང༌། །མཚན་འབུམ་དབུ་དང་གཟུངས་འདུས་རྒྱས་པ་འདི། །མང་དུ་སྦྱངས་པའི་བང་ཆེན་ཚེ་བརྟན་དང༌། བློ་༼གློ་༽དོལ་གཉིས་ཀྱི་དཔོན་ཆེན་མཁས་བཏུས་ཀྱིས། །ཡུན་དུ་སྦྱངས་ནས་ཟབ་པ་བསྒྲུབས་པ་ཡིན། ཞེས་དང༌། དེ་བཞིན་དཔེ་ཚོགས་འདིའི་སྦྱིན་བདག་གི་མིང་ལ་བཙུན་མོ་དང༌། དཔོན་མོ་སོགས་ཀྱི་མིང་དུ་མ་བྱུང་བས་དེ་རྣམས་སྐབས་དེ་དུས་གུང་ཐང་རྒྱལ་བློན་དང༌། གློ་བོའི་དཔོན་བློན་སོགས་ཀྱི་བཙུན་མོ་དང༌། དཔོན་མོ་སོགས་ཡིན་སྲིད་པ་ཞིག་རེད་སྙམ། སྤྱིར་གློ་བོའི་ཡུལ་འདིར་སྔར་ཞང་ཞུང་གི་དུས་སུ་བོན་དར་བ་དང༌། དེ་རྗེས་སུ་ཆོས་དར་བ་ཡིན་པ་ནི་གློ་བོའི་ལོ་རྒྱུས་ཐོག་གསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་གལ་ཆེ་ཞིག་ཡིན། དང་པོ་བོན་དར་ཞེས་པའི་བོན་ནི་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་བོན་སྡེ་ཆ་ཚང་ཞིག་དར་བ་ཡིན་པ་ནི་མིས་འགྲེལ་བཤད་མི་དགོས་པར་ད་ལན་ང་ཚོས་སྨར་རྫོང་ནས་རྙེད་སོན་བྱུང་བའི་དཔེ་ཆ་འདིས་ཁ་གྲགས་པ་ཡིན་པས། འདི་ལས་ལྷག་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་མི་དགོས་སོ། །
གནས་ཚུལ་འདི་ཉིས་སྟོང་བརྒྱད་ལོར་ཐོན་པའི་གནས་ཚུལ་ཞིག་ཡིན་པས་ད་སྔོན་གློག་བརྙན་HIDDEN TREASURE OF
BON SECRETS OF MUSTANGབརྒྱུད་ནས་འཛམ་གླིང་གང་སར་ཁྱབ་སྤེལ་བྱས་ཡོད་ཀྱང་ད་བར་བོད་ཡིག་གི་འཕྲིན་ལམ་བརྒྱུད་ནས་ཁྱབ་སྤེལ་
བྱེད་རྒྱུ་བྱུང་མེད་པས་འདི་ནི་རང་རེ་གཡུང་དྲུང་བོན་ལ་ལྟོས་ན་ཧ་ཅང་གི་གནས་ཚུལ་གལ་གནད་ཆེན་པོ་ཞིག་ཏུ་རྩིས་ནས་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་བ་ཡིན།
དགེ་བཤེས་བསྟན་འཛིན་སྦྱིན་པས་མཁོ་སྤྲོད་གནང་།