ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ནུབ་གླིང་ཁུལ་དུ་བོན་ཇི་འདྲ་བྱས་ནས་དར་སྤེལ་བྱུང་ཚུལ།
ནུབ་གླིང་ཁུལ་དུ་བོན་ཇི་འདྲ་བྱས་ནས་དར་སྤེལ་བྱུང་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་གསས།] [ཟླ་ཚེས། 10-09-23] [ཀློག་གྲངས། ]

      ༄༅།། དེ་ཡང་བདེ་བར་གཤེགས་པའི་ཐུགས་རྗེ་དང་སེམས་ཅན་གྱི་ལས་གང་ཟག་གི་མོས་པ་སྣ་ཚོགས་ལ་བརྟེན་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་༡༩༦༡ལོ་ནས་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་བསྟན་འཛིན་རྣམ་དག་མཆོག་དང་དགེ་བཤེས་སངས་རྒྱས་བསྟན་འཛིན་༼ད་ལྟའི་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སོ་གསུམ་པ་ཆེན་པོ་མཆོག་༽བསམ་གཏན་རྒྱལ་མཚན་༼ད་ལྟའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་༽བཅས་རྣམ་པ་གསུམ་གྱིས་ཐོག་མར་ནུབ་ཕྱོགས་རྒྱལ་ཁམས་སུ་གསར་དུ་ཁྱབ་སྤེལ་གནང་། ལྷག་པར་དུ་༸སྐྱབས་རྗེ་ཡོངས་འཛིན་མཆོག་གིས་མཁས་དབང་David Snellgroveསེ་ནེལ་དགེ་རབ་ལགས་དང་ལྷན་དུ་བོན་ཐེག་པ་རིམ་དགུ་THE NINE WAYS OF BON ཞེས་པའི་དཔེ་དེབ་ཅིག་དབྱིན་སྒྱུར་གནང་བ་དེ་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོན་དར་སྤེལ་བྱས་ཞེས་པའི་མཚན་གཞི་དང་པོ་ཞིག་དང་། ༡༩༦༤ལོར་སེ་ནེལ་དགེ་རབ་ལགས་ཀྱི་ཁང་པའི་མདུན་ཐང་གི་ལྡུམ་རའི་ནང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་མི་གཟུགས་ཙམ་ཞིག་བཞེངས་བསྐྲུན་གནང་ཡོད་པ་དེ་ནི་ནུབ་ཕྱོགས་རྒྱལ་ཁམས་སུ་བཞེངས་བསྐྲུན་གནང་བའི་གཡུང་དྲུང་བོན་གྱི་མཆོད་རྟེན་ཐོག་མ་དེ་ཆགས་ཡོད།

     སླར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སོ་གསུམ་པ་ཆེན་པོ་མཆོག་དང་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་ནས་ནུབ་ཕྱོགས་རྒྱལ་ཁབ་གང་སར་བོན་གྱི་ཆོས་ཚོགས་ཁག་དངོས་སུ་དབུ་ཚུགས་པ་ནས་བཟུང་མཐར་༢༠༠༡ལོར་ཕ་རན་སིར་ཡོད་པའི་གཤེན་བསྟན་དར་རྒྱས་གླིང་ཞེས་པའི་ཚོགས་སྡེ་འདི་གྲུབ་ཐུབ་པ་བྱུང་ཡོད། ཨ་རི་སོགས་བོན་གྱི་ཚོགས་སྡེ་གཞན་རྣམས་དྲ་བ་དང་བརྒྱུད་ལམ་ཁག་ནས་གསལ་ཤེས་ཐུབ་པ་འདུག་པས་ཁོ་བོས་སྐབས་འདིར་ཕྱོགས་ཙམ་ལས་གསལ་བཤད་ཞུ་རྒྱུ་བྱུང་མེད།

༢༠༡༠ ཕྱི་ཟླ་༨པའི་ནང་དབྱར་དུས་སུ་བོན་འཆད་ཁྲིད་སྐབས་བསྐྱོན་པའི་སྣང་བརྙན། 

     ཕ་རན་སིའི་ཚོགས་སྡེ་འདི་ནི་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་གྱི་ནུས་མཐུ་ལས་གྲུབ་པའི་ནུབ་ཕྱོགས་ཡུ་རོབ་ཁུལ་གྱི་བོན་གྱི་ཚོགས་སྡེ་ཆེ་ཤོས་ཤིག་ཡིན་པ་རེད། དེ་ལྟར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྟོན་འཁོར་རྣམས་ཀྱིས་ཐུགས་ཁུར་ཆེ་བཞེས་དང་སྐུ་ངལ་འཛེམས་མེད་ངང་ནུབ་ཕྱོགས་པའི་དད་ལྡན་འཁོར་སློབ་རྣམས་ལ་བོན་གྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་དང་དད་པ་སྙིང་རྗེ་ནས་དབུ་བཙུགས་ཏེ་དངོས་གཞི་རྫོགས་པ་ཆེན་པོའི་བཀའ་ལུང་འཆད་ཁྲིད་བསྟར་ཆགས་སུ་གནང་བཞིན་ཡོད་པ་དང་། འཁོར་སློབ་རྣམས་ཀྱང་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བོན་གྱི་བདེན་པའི་དེ་ཉིད་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་དམ་འཛིན་གནང་སྟེ་དུས་བཞིའི་དུས་ཚིགས་ནང་ཕྱོགས་གཅིག་ཏུ་འཛོམས་ནས་རྫོགས་པ་ཆེན་པོའི་བོན་ལ་ཐོས་བསམ་གྱིས་བརྡར་ཤ་གཅོད་བཞིན་ཐུན་བཞིའི་ཉམས་ལེན་དང་སྦྱིན་བཞིའི་བོན་སྤྱོད་ལག་ལེན་གནད་དུ་ཁེལ་བ་གནང་བཞིན་ཡོད་པའི་ཚུལ་དུ་གནས།

བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་སྐྲུན་གནང་ཚུལ།

      དེ་ཡང་བདེར་བར་གཤེགས་པའི་ཐུགས་དམ་ཉམས་སུ་ལེན་པར་ལས་སླ་པོ་མ་ཡིན་ཞིང་དད་པ་རྩ་བ་རུ་བཟུང་ནས་བླ་མའི་རྣལ་འབྱོར་ལ་འབད་དགོས་པ་དང་། དད་པ་མི་ཉམས་པའི་དམིགས་རྟེན་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བཞེངས་སུ་གསོལ་ནས་དེ་ལ་བཀུར་བསྟི་དང་རིམ་འགྲོ་གཟབ་དགོས་པ་གལ་ཆེ་བ་མདོ་གཞུང་གི་དགོངས་དོན་ཡིན་པ་ལྟར་ས་གནས་འདི་ལ་ཡང་བསྟན་པ་བཞུགས་པའི་རྟགས་སུ་རྟེན་གསུམ་ཚད་ལྡན་རེ་བཞེངས་སྐྲུན་གནང་ཐུབ་པ་བྱུང་ཡོད་པ་རེད། དེ་ཡང་ཚུལ་ནི་སྐུ་རྟེན་དུ་བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་སུ་གསོལ་ཏེ་དེ་ལ་བཀུར་བསྟི་དང་ཕྱག་སྐོར་མཆོད་འབུལ་བྱེད་ནས་བོན་ཉམས་ལེན་གྱི་བྱིན་རླབས་ཞུ་ཞིང་ལུས་ཀྱི་སྡིག་སྒྲིབ་སྦྱོང་ཐབས་ལ་འབད་པ་དང་། གསུང་རྟེན་དུ་བདེ་བར་གཤེགས་པའི་གསུང་རབ་ཡི་གེ་བཞེངས་ཏེ་དེ་ཀློག་པ་དང་འདོན་པ་སྦྱོང་བ་སོགས་བྱེད་ནས་ངག་གི་སྡིག་སྒྲིབ་སྦྱོང་ཐབས་སུ་འབད་ཅིང་བདེ་བར་གཤེགས་པའི་གསུང་གི་གོ་དོན་བཙལ་ནས་བྱིན་རླབས་རང་རྒྱུད་ལ་སྨིན་ཐབས་བྱེད། ཐུགས་རྟེན་དུ་བདེ་བར་གཤེགས་པའི་སྐུ་གདུང་མཆོད་རྟེན་བརྩེགས་ཏེ་དེ་ལ་མཆོད་བསྟོད་མོས་གུས་ཀྱི་སྒོ་ནས་བདེ་བར་གཤེགས་པ་དྲན་སོས་པར་བྱེད་དེ་རང་རྒྱུད་ཀྱི་ཐུགས་དམ་ཉམས་ལེན་ལ་བར་ཆོད་མི་འབྱུང་བའི་གསོལ་བ་འདེབས་པ་སོགས་སྒོ་གསུམ་གྱི་བྱེད་ཐབས་རྣམ་པ་སྣ་ཚོགས་ཤིག་ཡོད། འདིར་ཡང་དགོས་སོ་ཅོག་གི་རྟེན་མཆོག་དེ་དག་མེད་ཐབས་མེད་པ་ཞིག་ཡིན་པར་བརྟེན་ད་སྔོན་༸སྐྱབས་རྗེ་ཡོངས་འཛིན་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་སྨིན་པ་སྐུ་རྟེན་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཡུམ་ཆེན་ཐུགས་རྗེ་བྱམས་མ་དང་སྟོན་པ་ལོངས་སྤྱོད་རྫོགས་སྐུ་གཉིས་ཀྱི་སྐུ་བརྙན་མི་ཚད་ཅན་རེ་དང་།

      གསུང་གི་རྟེན་དུ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་གསུང་སྟེ་བཀའ་འགྱུར་ཚར་གཉིས་དང་། རྗེས་འཇུག་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་རྒྱལ་བའི་བཀའ་ལ་བརྟེན་ནས་མཛད་པའི་བརྟེན་འགྱུར་རིན་པོ་ཆེ་ཚར་གཉིས།

      དེ་བཞིན་གསུང་འབུམ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་དཔེ་དེབ་གང་མཚམས་ཤིག་བཞུགས་ཡོད། ཐུགས་རྟེན་དུ་རྒྱུ་གསེར་ཟངས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་མི་ཚད་གཅིག་བཅས་རྟེན་གསུམ་གྱི་དཔེ་མཚོན་ཚད་ལྡན་རེ་བཞེངས་བཞུགས་ཐུབ་པ་བྱུང་ཡོད།

ཕྱི་རུ་རྒྱུ་ས་རྡོ་ལས་བསྐྲུན་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཇི་ལྟར་བཞེངས་སྐྲུན་གནང་ཚུལ། 

      ལྷག་པར་ཉམས་ལེན་པ་རང་ཉིད་ཀྱིས་དད་མདུན་དང་འབྱོར་དངོས་ཀྱིས་ཐེག་ཚོད་ལྟར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་ཆེ་ཆུང་ཅི་རིགས་བཞེངས་སྲོལ་ཡོད་པ་ལྟར། ད་ལམ་ཕ་རན་སིའི་སློབ་མ་མེ་ཤེལ་གྱིས་དད་སྦྱིན་གནང་དོན་ལྟར་གཤེན་བསྟན་དར་རྒྱས་གླིང་གི་ནུབ་ཀྱི་གླིང་ཟུར་ལྗོན་ཤིང་གི་ནགས་ཚལ་སྟུག་པོས་བརྒྱན་པའི་མདུན་ངོས་སུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཐོག་ཚད་གཉིས་ལྷག་ཅན་ཞིག་བཞེངས་སྐྲུན་གནང་བཞིན་ཡོད་པའི་གནས་ཚུལ་ལམ་དཀར་ཆག་རགས་བསྡུས་སུ་འགོད་དགོས་པའོ། །དེ་ཡང་འཆར་གཞི་ལྟར་སྔ་ལོ་༢༠༠༨གཟའ་སྐར་འཛོམས་པའི་དུས་བཟང་ཉིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱིས་མཆོད་རྟེན་ཀྱི་རྩ་བའི་ཚིག་ཚད་སྐོས་བཏབ་ཅིང་ཐོག་མའི་ས་བསླངས་དང་འོག་གཞིའི་རྨེང་བཏིངས་ཟིན་ནའང་བཟོ་པ་དང་མཐུན་རྐྱེན་འགའ་ཞིག་མ་འཛོམས་པའི་དབང་གིས་ད་བར་ནར་འགྱངས་སུ་ལུས།
      ༢༠༠༩འདི་ལོར་ཕྱི་ཟླ་བརྒྱད་པའི་དབྱར་གྱི་འཆད་ཁྲིད་ཆེན་མོ་མཇུག་གྲུབ་མཚམས་བླ་གྲྭ་སྟོན་འཁོར་རྣམས་དང་ཚོགས་པའི་ལས་འཛིན་བཅས་ཀྱིས་གཙོར་བྱས་ཐོག་ཕ་རན་སིའི་སློབ་མ་དད་ལྡན་རྡོ་རྗེ་དང་། མིག་ཤེལ། སེར་ཞི། བལ་ཡུལ་གྱི་དཔལ་འབྱོར་ནོར་བུ་བཅས་མཆོད་རྟེན་གྱི་དངོས་གཞིའི་ལས་དོན་འགོ་མཇུག་སྐྱོང་མཁན་རྣམས་དང་རམ་འདེགས་ཞུ་མཁན་ཐམས་ཅད་ཀྱིས་ཕྱར་གྲུ་མཉམ་འདེགས་གནང་སྟེ། ཐོག་མར་མཆོད་རྟེན་གྱི་ནང་གི་སྲོག་ཤིང་རྣམ་པ་སྣ་ཚོགས་དང་གཟུངས་གཞུག་བཅས་གཞོག་པ་དང་སྒྲིལ་རྒྱུའི་ལས་འགོ་བརྩམས་ཏེ་མཁན་ཆེན་ཉི་མའི་གཟུངས་གཞུག་གི་ལག་ལེན་ལྟར་རྩ་བའི་སྲོག་ཤིང་༼སྲོག་ཤིང་ཆེ་བ་༽གི་རྩེ་རུ་དེ་བཞིན་གཤེགས་པའི་རིང་སྲེལ་གྱི་དོད་དུ་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གདུང་རུས་དང་། དམ་རྫས་བརྒྱ་རྩའི་རིལ་བུ། རིན་ཆེན་དང་པོ་གསེར་ནག་དུམ་བུ་ཁ་ཤས་དང་སྨན་སྣ་བཅས་དར་རས་ཀྱི་ནང་དུ་དྲིལ་ཏེ་རྩེ་རུ་སྒྲིལ་ཡོད།


དེ་བཞིན་འཛབ་ཆེན་བཅུ་གཉིས་ཀྱི་གཟུངས་གཞུག་རྣམས་བཟང་དྲུག་གཙོས་སྨན་རྫས་རྣམས་ཀྱི་ལྷན་དུ་གནས་སོ་སོར་སྒྲིལ་ཡོད་པ་དང་། མཆོད་རྟེན་གྱི་རྟ་བབ་བང་རིམ་དང་པོ་ཡན་ཆོད་ཀྱི་གནས་ལྔ་དང་ཏོག་དང་བྱ་རུ་བྱ་གྲི་བཅས་པའི་གཟུངས་གཞུག་རྣམས་མཆོད་རྟེན་གྱི་གནས་སོ་སོར་མ་ནོར་བར་རྩ་བའི་སྲོག་ཤིང་ལ་སྒྲིལ་ཞིང་སྲོག་ཤིང་གི་བུམ་གཤམ་ཐད་གསེར་ཐག་དྲྭ་བ་ཅན་གྱི་གསེར་ཉ་མཐོ་གང་ཙམ་ཞིག་དར་རས་ཀྱི་ན་བཟས་སྲོག་ཤིང་དང་ལྷན་དུ་ཟུར་ནས་དྲིལ་ཏེ་བཞག་ཡོད། སྲོག་ཤིང་གི་རྩ་བར་ཤེལ་རྡོ་མར་དཀར་རིལ་བུ་ཙམ་ཞིག་ལ་མཚལ་གྱི་སྣག་ཚའི་གཡུང་དྲུང་གིས་བརྒྱན་པ་ཞིག་བཅིངས་ཏེ་རྩ་བའི་སྲོག་ཤིང་ལ་དགོས་སོ་ཅོག་གི་གཟུངས་གཞུག་དང་སྨན་སྣ་རིན་ཆེན་གྱི་དངོས་པོ་སོགས་ཕུན་སུམ་ཚོགས་པ་བྱས་ཐོག་ཕྱི་ནས་འགྱིག་ཤོག་གིས་བསྐྲིད་དེ་ཆར་ཆུའི་རླན་གྱིས་འཇིགས་པ་སྲུང་ཐབས་བྱས་ཡོད། དེ་བཞིན་རི་རབ་ནང་དུ་འཇོག་རྒྱུར་རྣམ་པར་རྒྱལ་བའི་གཏེར་བུམ་སྤུས་ལེགས་གཉིས་ཀྱི་ནང་དུ་རྣམ་པར་རྒྱལ་བའི་གཟུངས་གཞུག་རྒྱས་པ་ཚར་ལྔ་དང་འབྲིང་པོ་ཚར་བཞི་བཅས་ཁྱོན་གཟུངས་གཞུག་ཚར་དགུ་ཕུལ་ཡོད་པ་དང་། དེ་དང་ལྷན་དུ་བོན་ཚོགས་ཀྱི་དད་ལྡན་མི་སྣ་རྣམས་ཀྱིས་དངོས་འབྱོར་མཆོད་སྤྲིན་དུ་ཕུལ་བ་གསེར་དངུལ་གྱི་མཛུབ་ལོང་དང་། མགུལ་རྒྱན་རྣམ་པ་སྣ་ཚོགས། ཕ་ལམ་རྡོག་པོ་ཁ་ཤས། གསེར་ནག་དུམ་བུ་དང་ནར་མོ། དེ་མཚུངས་སུ་གཡུ་དང་བྱུ་རུའི་ཕྲེང་བ་དང་སྐེ་རྒྱན་རྣམ་པ་སྣ་ཚོགས་ཕུལ་འབྱོར་བྱུང་བ་རྣམས་བཅུགས་ཤིང་དད་ལྡན་རང་རང་གིས་རེ་འདོད་ཇི་ཡོད་འདོད་གསོལ་སྨོན་ལམ་བྲིས་ཏེ་འབྲུ་རིགས་རྣམ་པ་སྣ་ཚོགས་དང་བཟང་དྲུག་སྨན་སྣ་བཅས་ཀྱི་ལྷན་དུ་བུམ་པའི་ནང་བཞུགས་སུ་གསོལ་ཡོད།


      དེ་བཞིན་གནོད་སྦྱིན་ཕོ་འཁོར་མོ་འཁོར་དང་། རྟགས་བརྒྱད། ནོར་བདུན། དྲེགས་པ་ཟིལ་གནོན་བཅས་ཀྱི་འཁོར་ལོ་རྣམས་ལྟེབས་ཆག་མ་ནོར་བར་བྱས་ཐོག་སྨན་རྫས་ཀྱི་བྱུག་པ་དང་སྦྲགས་པང་ཅལ་གྱི་ཐོག་ཏུ་སྟེང་འོག་མ་འཆུག་བར་སྦྱར་ཞིང་འབྱུང་ལྔ་དང་།

      བོན་སྐྱོང་སྲུང་མ། སྲུང་བ་དང་ཟློག་པ་བཅས་ཀྱི་གཟུངས་སྔགས་རྣམས་སྲོག་ཤིང་སོ་སོར་སྒྲིལ་ཏེ་མཆོད་རྟེན་ནང་འཇོག་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་བྱས། བོད་ཟླ་དགུ་བའི་ཉེར་དགུ་ཉིན་མཆོད་རྟེན་གྱི་དངོས་གཞིའི་ལས་འགོ་དངོས་སུ་བརྩམས་ཏེ་ཐོག་མར་སྟག་ལའི་སྲུང་ཟློག་བསད་གསུམ་གྱི་ལས་མཐའ་བཏང་ཞིང་འབྱུང་ལྔའི་འོག་གི་ཧོམ་ཁུང་ནང་དུ་དུག་གསུམ་གྱི་ཆོ་འཕྲུལ་དུ་ཤར་བའི་ཕྱི་ནང་གསང་གསུམ་གྱི་དགྲ་བགེགས་ལིང་ག་མནན་གཟིར་བྱས་པ་དང་། དེའི་ཐོག་ཏུ་འགྲོ་བའི་ཚེ་སྲོག་འཕྲོག་བྱེད་མཚོན་ཆ་མདའ་གཞུ་དང་། གྲི་རིང་ཐུང་སྣ་ཚོགས། དམག་ཆེན་གཉིས་པའི་སྐབས་སུ་བེད་སྤྱོད་བཏང་བའི་རིང་མདའ་དང་མདེའུ་བཅས་ཧོམ་ཁུང་གི་ཐོག་རྒྱ་གྲམ་དུ་བསྣོལ་ཏེ་ཁ་སྲུང་བྱས་ནས་བཞག་ཅིང་སྔགས་ཐུན་གྱིས་བྲུབ་པ་དང་བྲོ་བརྡུང་སོགས་ཆོ་གའི་ལག་ལེན་ཚུལ་མཐུན་གྱི་སྒོ་ནས་ལས་རིམ་དང་པོའི་ལས་དོན་ལེགས་གྲུབ་བྱུང་ཡོད། དེ་རྗེས་གོ་རིམ་ལྟར་རྣམ་རྒྱལ་གཡང་སྒྲུབ་ཆེན་མོ་བཅའ་བཟོ་བྱས་ཏེ་ཉིན་འགའི་རིང་གཟུངས་དང་འདོད་གསོལ་སྨོན་ལམ་བཅས་ཀྱི་སྒོ་ནས་གཟུངས་གཞུག་རྣམས་བསྒྲུབས་ཏེ་བྱིན་རླབས་འཇུག་པའི་སྒྲུབ་མཆོད་ཡང་དག་བྱས། དེ་ནས་མཆོད་རྟེན་གྱི་འབྱུང་ལྔའི་རྩིག་པའི་ནང་དུ་འབྱུང་ལྔའི་གཟུངས་སྔགས་དང་འདོད་གསོལ། སྨོན་ལམ་བཀྲ་ཤིས་བཅས་ཀྱི་གཟུངས་གཞུག་རྣམས་བཞག་སྟེ་ཕྱི་རུ་ཤུག་ཤུན་དང་དྲི་བཟང་གི་བསང་སྣ་སྤོས་སྣས་བཏམས་ཤིང་ཚྭ་ཚྭ་དང་སྨན་སྣ་སོགས་ཇི་ལྟར་དགོས་པ་རྣམས་ཚང་བར་བྱས་ཐོག་བླ་གྲྭ་གཙོ་འཁོར་རྣམས་ཀྱིས་རིས་དྲུག་རང་སྦྱོང་དང་སྨོན་ལམ་བཀྲ་ཤིས་བཅས་ཀྱིས་མཚམས་སྦྱར་བྱས་ནས་ལས་རིམ་གཉིས་པའི་ལེགས་ཚོགས་ཀྱི་འདོད་དོན་གྲུབ་པར་བྱས།
དེ་རྗེས་མཆོད་རྟེན་རི་རབ་ཀྱི་སྨད་ཆར་གནོད་སྦྱིན་འཁོར་ལོ་ཁ་སྦྱར་བའི་ཐོག་ཏུ་རྣམ་རྒྱལ་གྱི་གཏེར་བུམ་རྣམས་བཞག་སྟེ་སྟེང་དུ་རྟགས་བརྒྱད་དང་ནོར་བདུན་འཁོར་ལོ་ཁ་སྦྱར་ཞིང་ཕྱོགས་མ་ནོར་བར་བྱས་ནས་བཞག་པ་དང་། ཕྱོགས་བཞི་རུ་ཟློག་པའི་གཟུངས་གཞུག་སོ་སོར་དྲིལ་ཡོད་པ་རྣམས་བཞག་ཅིང་དྲི་བཟང་གི་སྨན་སྣ་སྤོས་སྣས་གནོད་སྦྱིན་བང་མཛོད་བཀང་སྟེ་བླ་གྲྭ་སྟོན་འཁོར་རྣམས་ཀྱིས་རྣམ་རྒྱལ་བུམ་གཏེར་འཛུགས་ཐབས་ཀྱི་ཆོ་གའི་འདོན་དབྱངས་དང་སྦྲགས་ལས་རིམ་གསུམ་པའི་ལས་དོན་ལེགས་བསྒྲུབས་བྱས།

      དེ་རྗེས་མཆོད་རྟེན་གྱི་གདུང་ཆེན་ནང་དུ་བོན་སྐྱོང་སྲུང་མའི་གཟུངས་གཞུག་རྣམས་བཞུགས་སུ་གསོལ་ཞིང་དེ་དང་ལྷན་དུ་དམ་ཅན་རྒྱ་མཚོའི་ལྷ་འཁོར་ཆ་ཚང་ཞིག་དང་། དེ་བཞིན་དྲགས་སྔགས་དབལ་མོ་དང་སྲིད་རྒྱལ་དྲེའུ་དམར་ནག མི་བདུད། ཨ་བསེ་བཅས་བོན་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་དལ་དང་སྐུ་བརྙན་རྣམས་པང་ཅལ་ཐོག་ལེགས་པར་སྦྱར་ཏེ་གདུང་ཆེན་ནང་གི་གཡས་གཡོན་ཕྱོགས་མཚམས་རྣམས་སུ་བཀོད་ཚོགས་ཡིད་དུ་འོང་བ་བྱས་ཐོག་དམ་ཅན་རྒྱ་མཚོ་དང་ཨུད་དཔལ་རྒྱན་ཕྲེང་སོགས་འཕྲིན་བཅོལ་དང་འདོད་གསོལ་གྱི་སྒོ་ནས་བསང་དང་གསེར་སྐྱེམས་ཡིད་ཚིམ་པ་ཞིག་བྱས་མཐར་ལས་རིམ་བཞི་པའི་ལས་དོན་གྲུབ།
            དེ་རྗེས་གདུང་ཆེན་གྱི་ཐོག་ནས་རྟ་བབ་བང་རིམ་གསུམ་ཙམ་བརྩེགས་མཐར་རྩ་བའི་སྲོག་ཤིང་སྟེང་གཟུངས་གཞུག་རྣམས་སྔར་ནས་བསྒྲིལ་ཡོད་ཀྱང་བུམ་དཀྱིལ་ཐད་དུ་སླར་ཡང་ཡོངས་འཛིན་མཆོག་གིས་རྫོགས་པ་ཆེན་པོ་བཀའ་རྒྱུད་སྐོར་བཞི་དཔེ་ཆུང་སྤུས་ལེགས་ཅན་ཞིག་བཅིངས་གནང་མཛད་ཡོད་པ་དང་། དེ་ནས་སྲོག་ཤིང་གི་མར་སྣེ་གདུང་ཆེན་ཐོག་གི་དབུས་སུ་བཞག་སྟེ་རྩེ་མོ་མཆོད་རྟེན་གྱི་དབུ་དང་མཉམ་པའི་ཚད་གཞི་ཡོད་པ་ལྟར་དྲང་པོར་བསླངས་ཤིང་དེའི་རྩ་བ་ནས་རིམ་བཞིན་གསུང་རབ་རྣམས་ཞལ་ཕྱི་ལ་གྱུ་ནས་ཀློག་པའི་ཚུལ་དུ་བཞུགས་ཡོད།སྡེ་བརྒྱད་དྲེགས་པ་ཟིལ་གནོན་གྱི་སྲུང་འཁོར་དེ་ཉིད་སྲོག་ཤིང་གི་མདུན་ཐད་ནས་ཡར་བསླངས་ཏེ་ཁ་ཤར་དུ་བསྟན་ནས་བཞུགས་ཡོད། སྐབས་འདིར་མཆོད་རྟེན་གྱི་གཟུངས་གཞུག་ཚུལ་དུ་བཞུགས་པའི་གསུང་རབ་ནི། ༡༽བཀའ་རྒྱུད་སྐོར་བཞི་ཚར་གཉིས། ༢༽འབུམ་དུམ་དྲུག་མ་པོད་གཅིག ༣༽ཁྲོ་བོ་རམ་པ་པོད་གཅིག ༤༽ལྷ་གཉན་ཤེལ་སྒོང་པོད་གཅིག ༥༽ནམ་མཁའ་འཕྲུལ་མཛོད་པོད་གཅིག ༦༽གསང་བའི་མཁའ་འགྲོ་བཅུ་གཅིག་རོལ་བའི་ལེའུ་པོད་གཅིག ༧༽མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་པོད་སྟོད་སྨད་ཆ་ཚང་། ༨༽སུ་ལ་སྐལ་བཟང་བསྟན་རྒྱལ་གྱི་གསུང་འབུམ་པོད་གཅིག ༩༽ཡོངས་འཛིན་རིན་པོ་ཆེ་བསྟན་འཛིན་རྣམ་དག་གི་གསུང་འབུམ་པོད་བཅུ་བཞི་བཅས་བཞུགས་སུ་གསོལ་ཡོད།

     དེའི་ཕྱི་རིམ་དུ་སྲུང་བའི་གཟུངས་སྔགས་ཀྱིས་དྲིལ་བའི་གཟུངས་གཞུག་རྣམས་ཕྱོགས་བཞི་རུ་བཞག་ཡོད་པ་དང་མཐའ་ནས་མཆོད་པ་རྣམ་ལྔ་སྟེ་དབུས་སུ་མཛེས་པའི་མེ་ཏོག ཤར་དུ་གསལ་བའི་མར་མེ། བྱང་དུ་དྲི་བཟང་བདུག་སྤོས། ནུབ་ཏུ་དག་པ་ཁྲུས་ཆབ། ལྷོ་རུ་ལྷ་སངས་ཞལ་ཟས་བཅས་ཀྱིས་བསྐོར་ཞིང་ཡིད་དུ་འོང་བའི་མཆོད་བཤམས་ལེགས་པར་བྱས་ཐོག་སྟོན་འཁོར་རྣམས་ཀྱིས་རྣམ་ལྔ་མཆོད་པའི་ཆོ་གའི་མཆོད་འབུལ་དང་བཅས་ལས་རིམ་ལྔ་པའི་མཇུག་གྲུབ།       དེ་ནས་མཆོད་རྟེན་གྱི་སྟོབས་འཁོར་བཅུ་གསུམ་དང་རྩེ་མོ་ཏོག་བཅས་ཐོག་འོག་བར་གསུམ་ཆ་ཚང་བཞེངས་གྲུབ་པ་དང་ཉེ་གནས་ཕུན་ཚོགས་དབང་རྒྱལ་གྱིས་ཚོན་རྩི་གསོལ།       མདུན་གྱི་བུམ་གཤམ་གསས་ཁང་གི་ནང་དུ་རྒྱུ་གསེར་ཟངས་ལས་བསྐྲུན་པའི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་སྐུ་བརྙན་ཁྱད་འཕགས་ཞིང་ཞལ་ཕྱི་ལ་གྱུ་ནས་གསེར་འོད་ལྷམ་མེར་བཞུགས་སུ་གསོལ་ཡོད་པ་དང་། དེ་ལྟར་དགོས་སོ་ཅོག་གི་ལས་དོན་ཡོངས་སུ་གྲུབ་མཐར་བླ་གྲྭ་སྟོན་འཁོར་ལྷན་གྱིས་སྟོན་པ་སངས་རྒྱས་ཀྱི་འདས་མཆོད་ཆེན་མོ་སྟེ་བོད་ཟླ་དགུ་པའི་གནམ་སྟོང་དང་བསྟུན་བྱམས་ལྡན་དང་ཀུན་དབྱིངས་ཀྱི་ཆོ་གའི་སྒོ་ནས་བཀྲ་ཤིས་རབ་གནས་ཀྱི་མཐའ་གྲུབ་པའོ།།

ལས་ཀྱི་གོ་རིམ་དང་འབྲེལ་བའི་ཕན་ཡོན་མདོ་ཙམ་སྨོས་པ།

     རྟེན་མཆོག་འདི་ཉིད་བཞེངས་པའི་རྒྱུ་རྐྱེན་དང་ལས་ཀྱི་གོ་རིམ་བཅས་གཞུང་དོན་དང་མཐུན་པའི་མཛད་སྲོལ་བླ་མེད་དུ་གྲུབ་ཡོད་པའི་ཚུལ་འདི་ནི་ད་སྔོན་ནུབ་གླིང་པའི་ཡུལ་གྲུ་རུ་ཐེངས་དང་པོ་ཞིག་མིན་ནམ་སྙམ་ཡོད། གཞན་ད་སྔོན་སྐུ་གདུང་དང་མཆོད་རྟེན་བཅས་ཕྱི་ནས་རྒྱ་ཆེ་བ་དུ་མ་ཞིག་མཇལ་ཕྱག་གི་ཡུལ་དུ་བཞུགས་ཡོད་པ་ཁོ་བོས་ཤེས་མོད་འདི་ནི་མཁན་སློབ་སྟོན་འཁོར་ལྷན་འཛོམ་ཀྱིས་ཐོག་མའི་ལས་ཀྱི་གོ་རིམ་ཡི་དམ་དབལ་བོན་སྟག་ལ་མེ་འབར་གྱི་ཆོ་གའི་སྒོ་ནས་སྲུང་ཟློག་བསད་གསུམ་དང་། དེ་ནས་རིམ་པའི་རྣམ་རྒྱལ་གཡང་སྒྲུབ་ཆེན་མོ། མཐར་རབ་ཏུ་གནས་པའི་ཆོ་གའི་གོ་རིམ་བཅས་གཞུང་གི་འགོ་མཇུག་བར་གསུམ་གྱི་འཕྲིན་ལས་ཚད་ལྡན་བསྐྱངས་ཡོད་པ་དང་། དེ་བཞིན་མཆོད་རྟེན་གྱི་ཕྱི་ཡི་བཟོ་བཀོད། ནང་གི་གཟུངས་གཞུག གསང་བའི་དམ་རྫས་དང་གཏེར་རྫས་བཅས་ཕྱི་ནང་གསང་གསུམ་གྱི་རྟེན་དུ་རྒྱུ་རྐྱེན་ཕུན་སུམ་འཚོགས་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་སྐབས་འདིར་ཁྱད་བོན་ཟུར་ཙམ་བཤད་པ་ཡིན། དེ་ཡང་མཆོད་རྟེན་ཞེས་པ་ནི། དད་ལྡན་རྣམས་ཀྱི་ཕྱག་མཆོད་ཀྱི་རྟེན་དུ་གྱུར་པ་ཞིག་ལ་ངོས་འཛིན་གནང་གིན་ཡོད་པ་ལྟར་དེ་ལ་ཕྱག་སྐོར་མཆོད་འབུལ་བྱས་པའི་ཕན་ཡོན་མདོ་ཙམ་སྨོས་ན། མདོ་དྲི་མེད་ལས། དོན་ནི་རྣམ་པ་གཉིས་ཡིན་ཏེ། །འདི་དང་ཕྱི་མའི་དོན་དུའོ། །ཞེས་གསུངས་པ་ལྟར་འདི་དོན་ཀུན་རྫོབ་བདེན་པ་སྟེ། འཇིག་རྟེན་འདིར་ཞི་བ་དང་བདེ་བ་བཅས་ལེགས་ཚོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་དགོས་པ་ཐུན་མོང་འགྲོ་བ་སྤྱི་ཡི་སེམས་ཀྱི་རེ་འདོད་ཡིན་པ་ལྟར། དེ་ཉིད་བསྒྲུབ་པའི་ཐབས་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་སྒོ་ནས་ཐབས་ལམ་མི་འདྲ་བ་དུ་མ་ཡོད། དེ་ཡང་དང་པོ་ཆོས་ཕྱོགས་ནས་བཤད་ན་དད་པ་དང་ཀུན་སློང་དག་སྣང་བཅས་རྩ་བ་གཞི་ལ་བཞག་དགོས་པ་དང་།

      དེའི་སྟེང་ནས་ལས་འབྲས་དང་ཐར་འཁོར་གྱི་རྣམ་བཞག་བཤད་དེ་འཇིག་རྟེན་འདི་དོན་གྱི་བདེ་བ་བསྒྲུབ་ཀྱིན་ཡོད། ཚུལ་ནི་བདག་སྒྲུབ་པ་པོས་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ་འཇིག་རྟེན་གྱི་བདེ་སྡུག་དང་ལེགས་ཉེས་ཐམས་ཅད་དབྱེ་གཤག་ཕྱེད་ཅིང་། སྣང་བའི་དངོས་པོ་དཀོན་མཆོག་གི་རྟེན་གྱི་དྲུང་དུ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་རེ་གསོལ་གྱི་འདོད་དོན་གསོལ་བ་སྟེ། ནད་མུག་མཚོན་གསུམ་སོགས་མི་མཐུན་པ་ཐམས་ཅད་ཞི་བ་དང་། སྣང་སྲིད་དང་འབྱུང་བཞི་ཆ་སྙོམས་ནས་ཆར་ཆུ་དུས་སུ་འབེབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། དགའ་བདེ་བསོད་ནམས་འཕེལ་བ་བཅས་ཀྱི་ཆེད་དུ་དང་། དེ་དག་འགྲུབ་པའི་ཆ་རྐྱེན་དུ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་དང་། སྐུ་གདུང་བརྩིག་པ། གསུང་རབ་འབྲི་བ་ལ་སོགས་མཚན་བཅས་ཀྱི་དགེ་ཚོགས་བླ་མེད་དུ་བསྒྲུབ་དགོས་པ་སངས་རྒྱས་ཉིད་ཀྱིས་ལུང་དུ་བསྟན་པ་ཡིན། དེ་ཡང་མདོ་གཡུང་དྲུང་ཀློང་རྒྱས་ལས། རྒྱུ་སྦྱོར་ཡོན་བདག་གཤེན་མཆེད་དང་། །ཁམས་གསུམ་མཐའ་ཡས་སེམས་ཅན་གྱིས། །བདེ་གཤེགས་གཞལ་ཡས་གནས་བརྩིག་པར། །ལས་ལ་བཟང་བའི་རབ་ཡིན་ཏེ། །ཞེས་དང་། །ཆུ་སྐྱོགས་གང་གི་ཐིགས་པ་དང་། །ས་སྤར་གང་གི་རྡུལ་གྲངས་ཀྱིས། །དགའ་བདེ་བསོད་ནམས་འཕེལ་བར་འགྱུར། །ཞེས་གསུངས་སོ། །མདོར་ན་མཆོད་རྟེན་ནི་སངས་རྒྱས་ཀྱི་ཐུགས་རྟེན་ཡིན་པ་དང་དེ་ཉིད་བཞེངས་སྐྲུན་གྱི་ལས་གང་ཞིག་བྱས་པ་དང་ཕྱག་སྐོར་དང་མཆོད་པའི་ཡོ་བྱད་གང་ཞིག་ཕུལ་བའམ། དེའི་ཕྱོགས་ལ་གོམ་པ་སྤོས་པ་ཙམ་གྱིས་ཀྱང་བསོད་ནམས་ཀྱི་དགེ་མཚན་ཟད་མེད་དུ་ཐོབ་པ་ཡིན་ཏེ། རང་ལ་མོས་འདུན་དང་སྒོ་གསུམ་གྱི་བྱ་བ་གཅིག་ཏུ་འཛོམས་ཡོད་པས་སངས་རྒྱས་ཀྱི་བྱིན་རླབས་འབྱུང་སླ་བ་དང་། སེམས་རྒྱུད་བོན་དང་འདྲེས་ཇེ་ཆེ། སྒོ་གསུམ་སྡིག་སྒྲིབ་ཀྱི་དཔུང་ཇེ་སྲབ་ཏུ་འགྲོ་ཞིང་བསོད་ནམས་རང་ཤུགས་སུ་ཐོབ་པ་ཡིན་ནོ། ། 

      གཉིས་པ་ནི། ནང་དོན་རིག་པའི་གནས་ལུགས་དང་འབྲེལ་བའི་སྒོ་ནས་བཤད་པ་སྟེ། མཆོད་རྟེན་གྱི་བོན་རེ་རེ་དང་ཕྱི་སྣོད་ཀྱི་བཀོད་པ་རེ་རེ། ནང་བཅུད་ཀྱི་ལྷ་རེ་རེ། འཁོར་འདས་ཀྱི་བོན་རེ་རེ། ས་ལམ་གྱི་ཡོན་ཏན་རེ་རེ། ཐེག་པའི་རྣམ་གྲངས་རེ་རེ་བཅས་ལ་སྦྱར་ཏེ་དེ་དག་གི་མི་མཐུན་ཕྱོགས་ཀྱི་སྒོ་འགེགས་པའི་གཉེན་པོའི་ངེས་དོན་ཡང་མཆོད་རྟེན་འདིར་འདུས་ཡོད་ལ། མཐུན་པའི་ལེགས་ཕྱོགས་ཀྱི་དཔལ་ཡོན་ཐམས་ཅད་ཀྱང་སྐུ་གདུང་མཆོད་རྟེན་ལ་འདུས་ཚུལ་བསྟན་ཡོད་པས་དེ་འདྲའི་ཡོན་ཏན་ཐམས་ཅད་ཀྱི་གོང་བུའི་དམིགས་རྟེན་འདི་ཉིད་བཞེངས་སུ་གསོལ་བ་དང་། ཕྱག་མཆོད་ཀྱི་རྟེན་དུ་བྱས་ན་ཕྱི་མའི་སྐྱེ་གནས་དག་པ་སྟེ་དལ་འབྱོར་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་གཟུགས་བཟང་ཡིད་འོང་དགོས་འདོད་འགྲུབ་པ་དང་། བོན་གྱི་སྒོ་མཐོང་ཞིང་ལམ་ལྔ་ས་བཅུའི་ཡོན་ཏན་རང་རྒྱུད་ལ་འབྱོར་ཏེ་སྒྲིབ་སྦྱང་ཚོགས་རྫོགས་ཀྱི་འབྲས་བུ་ཐར་པ་ཆེན་པོ་ཐོབ་པ་བཅས་ཡོན་ཏན་ཡར་ལྡན་དུ་རིམ་པས་རྫོགས་པ་ཡིན་ཏེ། གཟི་བརྗིད་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལས། གང་ཞིག་གཤེན་རབ་རྟོགས་པ་ཆེ་བ་དང་། །སེམས་ཅན་དད་མོས་ལྡན་པ་ཡིས། །དགེ་བཅུ་རྣམ་དག་གཙང་མའི་སྒོར་ཞུགས་ནས། །བདེར་གཤེགས་མཆོད་རྟེན་བཞེངས་སུ་གསོལ་བ་ཡི། །ངན་སོང་གསུམ་ལས་གཏན་དུ་ཐར་བར་འགྱུར། །ཞེས་པ་ནས། དེ་ཕྱིར་གང་ཞིག་གཡུང་དྲུང་སེམས་དཔའ་དང་། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དང་། །ཕྱི་རབས་གང་ཟག་མཐའ་ཡས་སེམས་ཅན་རྣམས། །མཆོད་རྟེན་སྐུ་ལ་བླ་མ་བཀུར་བར་གྱིས། །བླ་མེད་གོ་འཕང་ཐོབ་པར་གདོན་མི་ཟ། །ཞེས་པའི་བར་གྱིས་དེ་དག་གི་དོན་ཐོབ་ཡོན་ཏན་དང་ཕན་ཡོན་གསལ་བར་བསྟན་པ་ཡིན་ནོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག