ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཡིད་སྐྱོ་བའི་གནས་ཚུལ་དང་འབྲེལ་ཏེ་མྱ་ངན་ཞུ་བ།
ཡིད་སྐྱོ་བའི་གནས་ཚུལ་དང་འབྲེལ་ཏེ་མྱ་ངན་ཞུ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ནག་རུ་དགེ་ལེགས་སོགས།] [ཟླ་ཚེས། 10-09-24] [ཀློག་གྲངས། ]

        

      དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་ནི་༡༩༦༥ལོར་མདོ་ཁམས་ཁྱུང་དཀར་ཡུལ་ཁོངས་ར་ཁྲོམ་ཨ་ནུ་ཚང་ལ་སྐུ་འཁྲུངས། ཆུང་དུས་སློབ་ཆུང་འགྲིམས་ཤིང་འདོན་ཀློག་འབྲི་གསུམ་ལ་སློབ་བརྩོན་གནང་། ༡༩༨༥ ལོར་དཀར་ལེགས་དགོན་གྱི་སྒྲིག་ཁོངས་སུ་ཞུགས་ཏེ་གཡུང་དྲུང་བོན་གྱི་འདོན་ཆོག་སྐོར་དང་ཐུན་མོང་རིག་གནས་བཅས་པར་སྦྱངས་བརྩོན་ཚུལ་མཐུན་གནང་། ༡༩༨༦ ལོར་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞལ་སྔ་ནས་རབ་ཏུ་བྱུང་རྗེས་མུ་མཐུད་དཀར་ལེགས་དགོན་དུ་བཞུགས་གནང་བ་དང་། ལོ་མཇུག་དེར་བལ་ཡུལ་བརྒྱུད་རྒྱ་གར་དུ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་ཀྱི་ཞལ་སྔ་ནས་ཐུན་མོང་རིག་གནས་སྤྱི་དང་། བྱེ་བྲག་ཏུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་བོན་སྡེ་ཁག་གི་དབང་ལུང་མན་ངག་ཁྲིད་གདམས་དང་བཅས་པར་གསན་བསམ་མཐར་ཕྱིན་གནང་སྟེ་ ༡༩༩༦ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་གནང་མཛད། སློབ་གཉེར་གྱི་ཞོར་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་། དྲུང་ཆེ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་གཉེར་པ་བཅས་ཀྱི་འགན་བཞེས་གནང་། དེ་བཞིན་བོན་མཐུན་འབྲེལ་ལྷན་ཁང་དུ་《བོན་སྒོ་》རྩོམ་སྒྲིག་གི་ཕྱག་ལས་ཀྱང་གནང་མྱོང་རེད། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཞུགས་རིང་༧སྐྱབས་རྗེ་མཁན་སློབ་རྣམ་པར་དབུ་འོག་དཔུང་འདེགས་ཀྱི་སྒོ་ནས་འཁོར་གྱི་སློབ་མ་རྣམས་ལ་མདོ་སྔགས་སེམས་གསུམ་དང་རིག་གནས་བཅས་ཀྱི་འཆད་ཁྲིད་རྒྱུན་ཆགས་སུ་གནང་བས་ཁོང་གི་སློབ་མ་རུ་བསྟན་འགྲོར་ཕན་པའི་བླ་སྤྲུལ་དགེ་བཤེས་དུ་མ་ཞིག་བྱུང་སྟེ་དེ་དག་གིས་དེང་སྐབས་རྒྱལ་ཕྱི་ནང་གང་སར་གཡུང་དྲུང་བོན་གྱི་བསྟན་པའི་མཛད་འཕྲིན་སྤེལ་བཞིན་ཡོད། དེ་ལྟར་ཁོང་ནི་ཤེས་འཇོན་ལྷག་བསམ་ལྡན་ལ་དྲང་ཚུགས་ཐུབ་པ་ཞིག་དང་། བོད་མི་རིགས་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ལ་ཤ་ཞེན་དང་དུང་བ་ཟབ་ཅིང་དྲང་བདེན་གྱི་ལམ་ནས་ཤར་བསྐྱོད་གནང་ཐུབ་པའི་སྐྱེས་བུ་ཞིག་ཀྱང་ཡིན་པ་རེད།
      བོད་དུ་ཕེབས་རྗེས་ཁྱུང་དཀར་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དང་། ཀོང་པོ་རྒྱལ་རི་སྨིན་གྲོལ་གླིང་། ཉག་རོང་བྱ་བཏང་རི་ཁྲོད་བཅས་སུ་སློབ་ཁྲིད་གནང་སྟེ་བསྟན་འགྲོར་ཕན་བདེའི་བྱ་བཞག་བསམ་གྱིས་མི་ཁྱབ་པ་ཞིག་གནང་ཡོད་པ་མ་ཟད་ཉེ་དུས་སུ་ཧོར་བྲག་འགོ་རུ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་གཏོ་དགོན་གཡུང་དྲུང་གླིང་དང་གཏོ་ལུང་ས་སྔོན་རི་ཁྲོད་གཉིས་སུ་བསྟན་འགྲོའི་མཛད་འཕྲིན་སྐྱོང་བཞིན་བཞུགས་ཡོད་སྐབས་སྟབས་མ་ལེགས་པ་ཞིག་ལ་ལྷ་བདུད་དོ་མ་མཉམ་པའི་དཔེ་ལྟར་གློ་བུར་དུ་ཁོང་གི་སྐུ་ཚེའི་འཕེན་པ་གཞན་དུ་གཟིམས་པའི་གནས་ཚུལ་ཞིག་བྱུང་འདུག་པར་བརྟེན་ཁོ་བོ་ཅག་གི་གདུང་སེམས་མཉམ་བསྐྱེད་དང་། ཕྱོགས་ཀྱི་གཡུང་དྲུང་བོན་གྱི་བླ་སྡེ་དགོན་གསུམ་ཁག་ལ་དགེ་བའི་སྡོང་གདབ་མཛད་པའི་རེ་སྐུལ་ཞུ་བཞིན་ཡོད་པས་ཁྱེད་རྣམ་པས་མཁྱེན་བརྩེ་ཡེ་ཤེས་ཀྱི་ཀློང་ནས་ནམ་ཡང་མི་འདོར་བར་ཞུ་ཞུ།

ཞེས་དམ་པ་དེའི་ཞལ་སློབ་ཏུ་གྱུར་པ་ནག་རུ་དགེ་ལེགས་དང་། ཁྱུངཿསྨོན་ལམ། བསྟན་འཛིན་སྦྱིན་པ་བཅས་ཀྱིས་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག