བོད་ཀྱི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་རིག་གཞུང་སྐོར་གྱི་འཆད་ཁྲིད་གནང་བ།
ཁོང་གིས་འཆད་འཁྲིད་གནང་བཞིན་པ།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་ཉེ་ལམ་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིར་བཞུགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་འགན་འཛིན་གོང་མ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་གདན་འདྲེན་ཞུས་ཏེ་འདི་གའི་དགེ་སློབ་ཡོངས་ལ་བོད་ཀྱི་ཤེས་རིག་སྐོར་གྱི་འཆད་འཁྲིད་གནང་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ཉིད་འདིར་ཟླ་གཅིག་ཙམ་རིང་བཞུགས་རྒྱུ་ཡིན་ཞིང་། ཟླ་༩ཚེས་༢༠ཉིན་གྱི་གཟའ་ཟླ་བ་ནས་བཟུང་གཟའ་རེའི་གཟའ་ཟླ་བ་དང་ཕུར་བུའི་དགོང་མོའི་ཆུ་ཚོད་༧སྟེང་རིག་གཞུང་འཆད་ཁྲིད་ཐེངས་བརྒྱད་ལ་གནང་རྒྱུ་དང་། ཐེངས་བརྒྱད་ལས་ཐེངས་བཞིར་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་སོགས་བོད་རིག་པའི་སྐོར་གྱི་རིག་གཞུང་འཆད་ཁྲིད་བྱེད་རྒྱུ་ཡིན་ལ། ཐེངས་བཞིར་དེང་སྐབས་ཀྱི་རིག་གཞུང་གི་ཞིབ་འཇུག་བྱེད་ཐབས་ངོ་སྤྲོད་གནང་རྒྱུ་རེད། ཟླ་༩བའི་ཚེས་༢༣བར་ཁོང་གིས་༼བོད་ཀྱི་རི་ལྷ་གསོལ་ཚུལ༽་དང་༼ལྷ་བླ་མའི་བཀའ་གཙིགས་དང་བོན་གྱི་སྐོར་ལ་དཔྱད་པ༽ཞེས་པའི་འཆད་ཁྲིད་ཁག་གཉིས་བྱས་ཟིན་ལ། དེར་དགེ་སློབ་ཡོངས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།
འཆད་ཁྲིད་གནང་བཞིན་པ།
ཁོང་ཉིད་ད་ལོར་དགུང་ལོ ༧༤ ལ་སླེབས་ཤིང་། ད་དུང་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་བཞིན་ཡོད་ལ། ཉེ་ལམ་ཁོང་གིས་རྒྱལ་དབང་ལྔ་བའི་རྣམ་ཐར་ཆ་ཚང་དབྱིན་ཡིག་ཏུ་བསྒྱུར་བཞིན་ཡོད་པ་དང་། ཁོང་གི་གསུང་རྩོམ་ལ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་༼མདའ་དང་འཕང་།༽སོགས་ཡོད་དོ།།
མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱི་ལོ་རྒྱུས་ཞིབ་གཟིགས་འདོད་ན།http://www.himalayabon.com/article/character/researchers/20100705127.html
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་འགན་འཛིན་ཞང་ཞུང་རིག་གནས་ཞིབ་འཇུག་པ་ཆེན་མོ་མཁས་དབང་ཚེ་རིང་ཐར་ལགས་ཀྱིས་ཁོང་གི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་བཞིན་པ།
དགེ་སློབ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཁོང་གི་འཆད་ཁྲིད་ལ་ཉན་བཞིན་པ།