ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོ་ངོ་སྤྲོད།
༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོ་ངོ་སྤྲོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བདེ་མཆོག] [ཟླ་ཚེས། 10-10-19] [ཀློག་གྲངས། ]

      དེ་ཡང་བསིལ་ལྡན་གངས་རིའི་ཕྲེང་བའི་ཁོར་ཡུག་གིས་ཀུན་ནས་མཛེས་ཤིང་བལྟ་ན་སྡུག་པའི་བོད་ཡུལ་བར་དབུས་གཙང་རུ་བཞི་ཕྱེས་པའི་ཡ་གྱལ་གཙང་གཡས་རུའི་དཀྱིལ་དུ་རྒྱལ་བ་གཤེན་གྱི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་གདུགས་དཀར་མཁའ་མཐར་སྒྲེང་བའི་བྱེད་པོར་བསྔགས་པ་༧དཔལ་རྒྱལ་བ་བྲུ་ཡི་གདན་སའི་གཡས་རུའི་སྟོན་པ་བཅོ་བརྒྱད་རིམ་པར་བྱོན་པའི་ནང་ཚན། རྨ་ཡི་ནང་རྒྱུད་གླིང་གྲགས་ལས། ཧྲིས་པ་གྱེར་མེད་སྤྲུལ་པ་ནི། རྨ་ར་ཨག་ཚོམ་རྨོག་ཐག་ཡོད། མཆན་འོག་གཡས་ན་རྨེ་བ་ཡོད། འ་ཞའི་མཚན་ཅན་བློ་གྲོས་མིང་། སྒོམ་སྒྲུབ་བྱས་པས་གྲུབ་ཐོབ་ཡོང་། ཞེས་བསླུ་མེད་གཡུང་དྲུང་གི་ལུང་གིས་ཟིན་པའི་གཡས་རུའི་སྟོན་པ་བརྒྱད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་འཁོར་ལོ་གསུམ་གྱི་ལེགས་བྱས་མཛད་འཕྲིན་ལ་མངའ་དབང་བསྒྱུར་ཤིང་ཁྱད་པར་དུ་དབུ་ཚད་དང་གསང་སྔགས་ཀྱི་བོན་ལ་མཁྱེན་རྩལ་རྫོགས་པ་ལུང་རིག་སྨྲ་བའི་སེང་ཆེན་བོན་གྱི་སྤྱན་ལྡན་ཆེན་མོ་ཞེས་སྙན་གྲགས་ཀྱི་སྒྲ་བརྒྱ་ལྡིར་བ་དེ་ཉིད་ཀྱིས་གཤེན་ཞལ་གཙང་མ་ལས་བྱུང་བའི་དག་པའི་ལྷ་འབུམ་དཀར་པོ་སོགས་སྒྲ་ཡི་འབུམ་གསུམ་དང་རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ་ལ་སོགས་ཚད་མ་སྡེ་བདུན་དང་ཕྱི་ལོ་སྔོན་གྱི་༡༧༥༡ལ་བླ་མ་ལི་ཤུ་སྟག་རིང་གིས་མཛད་པའི་《གལ་མདོ་རིག་པའི་ཚད་མ》དང་ཕྱི་ལོ་སྔོན་གྱི་༩༡༤ལ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་《རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ཕྱི་ལོ་སྔོན་དུ་འཁྲུངས་པའི་བོད་མཁས་པ་ཤ་རི་དབུ་ཆེན་གྱི་《གཏན་ཚིགས་ངེས་པའི་གལ་མདོ་》སོགས་རྒྱལ་བའི་བཀའ་དང་བཀའ་རྟེན་མདོ་རྒྱུད་ཀྱི་གསུང་རབ་འོ་མའི་རྒྱ་མཚོ་ལྟ་བུ་ལས་སྙིང་པོ་མར་བཞིན་དྲིལ་ཞིང་བཏོན་པའི་《ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་》ཞེས་བྱ་བ། ལེའུ་དང་པོ་ཤེས་བྱ་ཡུལ་དང་བློ་ཙམ་གྱི་རང་བཞིན་དང་། གཉིས་པ། ཚད་མ་སྤྱི་ཡི་རང་བཞིན། གསུམ་པ། བཀའ་ལུང་ཚད་མ། བཞི་བ། མངོན་སུམ་ཚད་མ། ལྔ་བ། རྗེས་དཔག་སྤྱི་བསྟན་པ། དྲུག་པ། རང་དོན་རྗེས་དཔག བདུན་པ། གཞན་དོན་རྗེས་དཔག བརྒྱད་པ། མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་བསྟན་པ་སོགས་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་དགག་བཞག་སྤོང་གསུམ་གྱི་རྣམ་བཞག་ཧ་ཅང་རྒྱས་པའི་གཞུང་བཟང་འདི་ཉིད་དུས་རབས་བཅུ་གཉིས་པའི་ནང་དུ་མཛད་ཅིང་ཡིན་ན་ཡང་གཡུང་དྲུང་བོན་གྱི་བསྟན་པ་ལ་དར་ནུབ་དང་འཕོ་འགྱུར་རྒོད་རྐྱེན་གཞུང་འདི་ལའང་འཆད་རྩོད་སྤེལ་གསུམ་གྱི་འཕྲིན་ལས་ཆེས་ཆེར་དར་རྒྱས་བྱུང་བའི་གོ་སྐབས་ཕྲ་བ་དེར་བརྟེན་ནས་༧རྒྱལ་བ་བྲུ་ཡི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བདག་ཉིད་༧དཔལ་ལྡན་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་སྡེས་བཞེད་དགོངས་རྨད་དུ་བྱུང་པ་གཞི་བཟུང་གི་ངོས་ནས་འཕགས་ཡུལ་ཧི་མ་ཅལ་གྱི་སྣོད་བཅུད་ཀྱི་སྙིང་པོར་སྨིན་པ་༧དཔལ་ལྡན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཡི་འཛིན་རིམ་ཡོངས་ལས་བསྡུས་གྲྭའི་འཛིན་གྲྭ་ཕར་ཕུད་པའི་ཚད་མ་འཛིན་གྲྭ་ནས་གོང་རྫོགས་ཆེན་འཛིན་གྲྭའི་བར་སྔར་གཡས་རུའི་ལྷུན་གྲུབ་དབེན་ས་ཁར་དཔལ་ལྡན་གླིང་སྟོད་དང་གླིང་སྨད་ཀྱི་ཕྱག་སྲོལ་ཡོད་བཞིན་འཛིན་གྲྭ་ཆ་ཚང་དཔལ་ལྡན་གླིང་སྟོད་དང་དཔལ་ལྡན་གླིང་སྨད་གཉིས་སུ་ཕྱེས་ཏེ་བོད་ཟླ་དགུ་བའམ་བཅུ་བ་གང་རུང་ཞིག་ལ་གཞལ་བྱའི་གནས་གསུམ་ལ་འཇལ་བྱེད་ཚད་མ་གསུམ་གྱིས་གཞལ་ན་མི་འགལ་བའི་གཅེས་སུ་འོས་པའི་ཡིག་ཆ་གོང་འོག་བར་གསུམ་ལས་གོང་མའི་ནང་ཚན་གཞུང་ཆེན་འདི་ལ་སློབ་གཉེར་བ་ཡོངས་ཀྱིས་དམིགས་བསལ་གྱིས་འཛིན་སྐྱོར་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ་དཔལ་ལྡན་གླིང་སྟོད་པ་རྣམས་བཤད་སྒྲུབ་འདུས་སྡེའི་མཁན་པོའི་དྲུང་དུ་ཁྲིད་ཞུ་བ་དང་དཔལ་ལྡན་གླིང་སྨད་པ་རྣམས་ཀྱིས་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་གྱི་དྲུང་དུ་སྐབས་བབས་ཀྱི་ཁྲིད་ཞུ་དགོས་པ་ལགས། བདུན་ཕྲག་རེ་རེའི་ཉིན་བཞི་བ་དང་དྲུག་པ་གཉིས་ལ་གླིང་སྟོད་སྨད་ཀྱི་ཐུག་ཆེན་དང་དེ་མིན་ཉིན་རེར་འཛིན་གྲྭའི་ཐུག་ཆུང་རེ་ཡོད། ཉིན་ལྔ་བ་དང་དྲུག་པ་གཉིས་ལ་སྔོན་འགྲོའི་དམ་བཅའ་དང་དངོས་གཞིའི་དམ་བཅའ་ཆེན་མོ་ལགས་ཤིང་། ཟླ་མཇུག་ལ་རྩོད་རྒྱུགས་དང་བཅས་པ་ཡོད་པ་ལ་བརྟེན་ནས་ལེགས་བཤད་ལུང་རིག་གི་རྩོད་སྒྲས་དབྱར་རྔ་ཟིལ་གྱིས་གནོན་ཅིང་འབད་བརྩོན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་དང་ལེན་བཞིན་མཆིས་པ་འདི་ཡང་ཕྱོགས་ཡོངས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་སྤྱི་དང་ཁྱད་པར་དུ་༧དཔལ་ལྡན་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་བྱིན་རླབས་འོད་ཟེར་གྱི་བདག་རྐྱེན་བཀའ་དྲིན་ལགས་ཤིང་དེ་ལ་བརྟེན་ནས་བྱུང་བས་གསུང་སྐྱེས་སློབ་བུ་རྣམས་ཀྱིས་རྒྱལ་ཕྱི་ནང་ཀུན་ཏུ་གདུལ་བྱའི་བློ་མུན་སེལ་བཞིན་པའི་གནས་ལ་དགའ་དད་སྤྲོ་སེམས་འཕེལ་ཞིང་འདིའི་ལེགས་བྱས་དགེ་སྟོབས་ཀྱིས་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་གྲུབ་ནས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་འཚེ་མེད་ཞི་བདེའི་དཔལ་ལ་སྤྱོད་པར་གྱུར་ཅིག་ཅེས་ཁྲི་བདེ་མཆོག་ཏུ་འབོད་པས་སྦྱར་བ་ཐ་ཚན་མུ་ཙུག་སྨར་རོ། །

2010ལོའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོའི་སྐབས་ཀྱི་འདྲ་པར་འགའ།


དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག