ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཧོར་ཡུལ་ཀུན་རིག་གཙོ་བརྒྱ་འཁོར་བཅུའི་མཛད་སྒོའི་སྐོར།
ཧོར་ཡུལ་ཀུན་རིག་གཙོ་བརྒྱ་འཁོར་བཅུའི་མཛད་སྒོའི་སྐོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གགྲགས།] [ཟླ་ཚེས། 10-11-22] [ཀློག་གྲངས། ]

ཧོར་ཡུལ་ཀུན་རིག་གཙོ་བརྒྱ་འཁོར་བཅུའི་མཛད་སྒོ་ལེགས་གྲུབ་བྱུང་བའི་སྐོར།


ཀུན་རིག་བཤམས་སྟོན་ཁང་ནང་སྨོན་ལམ་ཤིང་རིང་ཁག་གི་བཀོད་དབྱིབས།

 བླ་གྲྭ་རྣམས་ཐོག་མར་ཕེབས་བསུའི་སྐབས་ཀྱི་རླངས་འཁོར་རུ་སྒྲིག།

ཕེབས་བསུ་བར་མའི་སྐབས་རྟ་པ་དང་རླངས་འཁོར་སྦག་སྦག་སོགས་ཀྱི་སྣེ་ལེན་སྐབས།

ཕེབས་བསུ་རྗེས་མའི་སར་བླ་མ་རྣམས་འབྱོར་ནས་དད་ལྡན་མང་ཚོགས་ཀྱིས་དར་ཕྱར་དུང་འབུད་དང་སྤོས་བསང་རྒྱ་གླིང་བཅས་ཀྱིས་སྣེ་ལེན་ཞུ་བ།

ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་རྫས་དང་བསྲེགས་རྫས་དག་གི་བཤམས་སྟོན།

ཀུན་རིག་ལས་བཞི་རྒྱུན་ལྔའི་གཙོ་གཏོར་ཁག་ལ་མར་བརྒྱན་དང་དྲ་གུར་གྱིས་བརྒྱན་པ།

སྐབས་འདིའི་ཀུན་རིག་མཛད་སྒོའི་སྐབས་སུ་ཕེབས་མཁན་བླ་གྲྭ་རྣམ་པ།

ཀུན་རིག་གི་དབང་སྐབས་བླ་མ་རྣམས་ཀྱི་བཞུགས་གྲལ།

ཀུན་རིག་དབང་སྐབས་བླ་མ་རྣམས་ཀྱིས་དབང་གི་ཀླད་དོན་གསུང་བཞིན་པ།

ཀུན་རིག་བཤམས་སྟོན་ཁང་ནང་སྨོན་ལམ་ཤིང་རིང་ཁག་གི་བཀོད་དབྱིབས།

ལས་བཞི་རྒྱུན་ལྔའི་སྨོན་ལམ་ཆེན་མོའི་སྐབས་སྨོན་ལམ་ཤིང་རིང་འཁྱེར་མཁན་མི་བརྒྱ་དང་བརྒྱད་ཀྱི་བང་སྒྲིག

ལས་བཞི་རྒྱུན་ལྔའི་སྨོན་ལམ་ཆེན་མོའི་སྐབས་བླ་གྲྭ་རྣམས་སེར་ཕྲེང་དང་དགའ་འཁྱིལ་ཕེབས་བཞིན་པ།

སྨོན་ལམ་ཆེན་མོའི་སྐབས་སེར་ཕྲེང་དང་དགའ་འཁྱིལ་འགྲོ་བཞིན་པ།

བླ་གྲྭ་རྣམས་སྨོན་ལམ་ཆེན་མོའི་སྐབས་སུ་སྨོན་ལམ་གསུང་བཞིན་པ།

བླ་གྲྭ་རྣམས་དང་དད་ལྡན་མང་ཚོགས་མཉམ་དུ་སྨོན་ལམ་རྣམ་གསུམ་གསུང་བཞིན་པ།

བླ་གྲྭ་རྣམས་ཀྱིས་སྨོན་ལམ་ཤིང་རིང་ཁག་གི་འདོད་གསོལ་སྨོན་ལམ་གསུང་ཟིན་ནས་ཞུགས་འབུལ་གྲ་སྒྲིག

ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྦྱིན་དགེ་ཚོགས་འདི་སྡུག་བསྔལ་བྲལ་འདོད་དང་བདེ་བ་ལྡན་འདོད་ཀྱི་སེམས་ཅན་ཐམས་ཅད་དོན་དུ་བསྔོ་སྨོན་གྱིས་རྒྱས་གདབ་པ།

           གངས་ལྗོངས་མདོ་ཁམས་དངུལ་རྫ་ཟལ་མོའི་སྒང་སྟོད་དཔལ་སྦྲ་ཆེན་ཕྱུག་མོའི་ལྗོངས་ཁོངས། ཡེ་ཐ་སྡེ་ཤོག་བརྒྱད་ཀྱི་ནང་ཚན་ཡེ་ཐ་སྟོད་མ་དེང་བྱ་མང་ཤང་གི་གྲོང་ཚོ་གསུམ་པའི་ལྷ་སྡེ་མི་དམངས་ཀྱིས་རིང་ནས་ཡིད་ལ་བརྣག་པའི་དགེ་སྒྲུབ་མཆོད་སྦྱིན་རླབས་པོ་ཆེ་ཞིག་བསྒྲུབ་བསམ་པའི་རེ་སྨོན་དེ་འདི་ལོའི་སྤྱི་ཟླ་བརྒྱད་པའི་དུས་ནས་གྲོས་འགོ་བརྩམས་ཏེ་དང་ཐོག་ལས་དོན་དེ་གཞོན་སྐྱེས་ཚོང་དཔོན་གསུམ་གྱིས་མ་བསྐུལ་དྭངས་ལེན་དང་འབྲེལ་དེ་ནས་རིམ་པས་གྲོང་ཚོ་ཡོངས་ཀྱི་དད་ལྡན་མང་ཚོགས་ཀུན་གྱི་མོས་མཐུན་ཐོག སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཆེད་དང་། སྒོས་འཛམ་གླིང་ཞི་བདེ་དང་གནམ་འོག་འགྲོ་བ་ཀུན་འཆམ་མཐུན་མཉམ་གནས་དང་། ཞི་བདེ་བག་ཕེབས་ཡོང་བའི་སྨོན་འདུན་དང་འབྲེལ་ཤི་དགེ་གསོན་རིམ་གྱི་མཆོད་སྦྱིན་རྒྱས་པ་གྲུབ་མཐའ་གཞན་གྱིས་འགྲན་ཟླ་བྲལ་བའི་གཡུང་དྲུང་བོན་གྱི་ཐུན་མིན་སྲོལ་རྒྱུན་ཀུན་རིག་གཙོ་བརྒྱ་འཁོར་བཅུའི་སྲོལ་རྒྱུན་ཉམས་མེད་དེ་ཆེས་ལོ་རྒྱུས་དང་སྲོལ་རྒྱུན་གྱི་རིན་ཐང་ཧ་ཅང་ལེགས་པའི་དགེ་མཚན་གྱི་དཔལ་དུ་མཆིས།
    ཀུན་རིག་ལས་བཞི་རྒྱུན་ལྔ་ཟེར་བ་ནི། གཞུང་ལུགས་ཀྱི་དབང་དུ་བྱས་ན། ཞི་རྒྱས་དབང་དྲག་གི་གཞུང་བཞི་དང་རྒྱུན་མེ་ལྷ་དང་ལྔ་སྟེ། ཞི་བ་གཡུང་དྲུང་ཡོངས་རྫོགས་གི་གཞུང་དང་། དེ་བཞིན་རྒྱས་པ་ཀུན་སྣང་གི་གཞུང་། དབང་ནི་ཁྲོ་བོ་དབང་ཆེན་འབར་བའི་གཞུང་། དྲག་པོ་ནི་དབལ་གསས་ལས་རིམ་གྱི་གཞུང་བཅས་ཞི་རྒྱས་དབང་དྲག་གི་གཞུང་བཞི་དང་། དེ་སྟེང་མེ་ལྷའི་གཞུང་དེ་བསྣན་པས་ཀུན་རིག་ལས་བཞི་རྒྱུན་ལྔ་ཞེས་གྲགས།
གཞུང་དེ་དག་གི་ལྷ་གྲངས་ནི་ཞི་ལྷ་ཞེ་ལྔ་དང་། རྒྱས་ལྷ་བརྒྱ་དང་བཅོ་བརྒྱད། དབང་ལྷ་གྱ་དྲུག དྲག་ལྷ་རེ་ལྔ། རྒྱུན་ལྷ་བཞི་བཅུ་བཅས་ལྷ་གྲངས་སུམ་བརྒྱ་ང་བཞིའོ། དང་པོ་ཞི་ལྷ་ཞེ་ལྔ་ནི་གསས་ཆེན་ཡབ་ཡུམ་བཅུ་དང་། ཁྲི་བཞི་འདུལ་གཤེན་བརྒྱད། ཡེ་གཤེན་སེམས་དཔའ་བརྒྱད། ཡེ་སངས་ལྷ་མོ་བརྒྱད། དུག་སེལ་སྐུ་གསུང་ཐུགས་གསུམ། དུས་བཞི་རྒྱལ་མོ་བཞི། མཛེས་པའི་མེ་ཏོག་མ་བཞི་བཅས་ཞེ་ལྔའོ། གཉིས་པ་རྒྱས་པའི་ལྷ་བརྒྱ་དང་བཅོ་བརྒྱད་དེ། ཀུན་སྣང་ཡབ་ཡུམ་གཙོས་ལྷ་ཆེན་ཡབ་ཡུམ་བཅུ་དང་། རྫུ་འཕྲུལ་ཉི་ཤུ། ས་རླུང་མེ་ཆུའི་ཡུམ་ཆེན་ཉི་ཤུ། སྲིད་པའི་ལྷ་མོ་བཅུ་གཉིས། གཙང་མའི་ལྷ་མོ་བཅུ་དྲུག གཙུག་ཕུད་ཐོབ་པའི་གཤེན་བརྒྱད། འཁོར་བ་སྤངས་པའི་གཤེན་བརྒྱད། བྱ་རུ་ཐོབ་པའི་གཤེན་བརྒྱད། སྲིད་པ་རྒྱུའི་གཤེན་བརྒྱད། སྒོ་སྲུང་ཡབ་ཡུམ་བརྒྱད་བཅས་བརྒྱ་དང་བཅོ་བརྒྱད་དོ། གསུམ་པ་དབང་ལྷ་ཁྲོ་རྒྱལ་གྱ་དྲུག་ནི། ཆེན་པོ་ཡབ་ཡུམ་བཅུ་དང་། ཧ་ལ་ཁྲོ་བོ་བརྒྱད་དང་ཧེ་ཤག་ཁྲོ་མོ་བརྒྱད་དག་རིག་པ་ཡབ་ཡུམ་བཅུ་དྲུག སྒོ་བ་ཡབ་ཡུམ་བརྒྱད། དབལ་མོ་ཉེར་བརྒྱད། གྱད་ཆེན་བཅུ། དམག་དཔོན་མ་བཅུ། རྒྱལ་ཆེན་སྡེ་བཞི་བཅས་གྱ་དྲུག་གོ། བཞི་པ་དྲག་པོ་དབལ་གསས་ལྷ་རེ་ལྔ་ནི། ཀུན་རིག་ལས་བཞི་རྒྱུན་ལྔའི་སྐབས་སུ་དྲག་པོ་དབལ་གསས་ཀྱི་ལྷ་ལ་ རེ་ལྔར་བཤད་པ་ལས་སྤྱིར་དབལ་གསས་ཀྱི་ལྷ་གྲངས་དེ་ལྟར་གྲངས་མི་ངེས།དོན་དངོས་དབལ་གསས་རྩོད་ཟློག་ལྟར་དབལ་ལྷ་གྱ་དགུ་བསྟན་པ་བཞིན་དགོས་ཀྱང་། སྐབས་འདིའི་གཞུང་ནི་དབལ་གསས་ལས་རིམ་ཡིན་པས། དེ་ལྟར་ན་དངོས་བསྟན་གྱི་ལྷ་གྲངས་དབལ་གསས་ཡབ་ཡུམ་ནས་དབལ་མོ་ཉེར་བདུན་བར་དབལ་ལྷ་ཞེ་གཅིག་མ་གཏོགས་གྱད་དམག་རྒྱལ་ཆེན་གྱི་སྐོར་དེ་བསྟན་མེད། དེ་ནི་འཕྲིན་ལས་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པས་དབལ་གསས་ལས་རིམ་དེ་དབལ་གཞུང་འབྲིང་པོར་སོང་བས་ལྷ་གྲངས་ཀྱང་འབྲིང་ཙམ་ལས་རྒྱས་པར་མ་བསྟན་པར་མངོན། དབལ་གསས་ལས་རིམ་འདིའི་ཆ་ལག་སྐོར་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་དང་། མཉམ་མེད་ཤེས་རབ་རྒྱལ་མཚན་། མཁན་ཆེན་ཉི་མ་བསྟན་འཛིན་གསུམ་གྱི་དགོངས་བཞེད་ལ།རྒྱལ་བ་མཉམ་མེད་ཀྱིས་མཛད་པའི་དབལ་གསས་ལས་རིམ་གྱི་མངོན་རྟོགས་ལྟར་ན་དབལ་གསས་ལྷ་གྲངས་རེ་བདུན་བཞག་ཡོད་དེ། དབལ་གསས་ཡབ་ཡུམ་གཉིས། ལྷ་རྒོད་ཡབ་ཡུམ་གཉིས། གཙོ་མཆོག་ཡབ་ཡུམ་གཉིས་དང་དྲུག རུ་བཞིའི་ཁྲོ་བོ་ ཡབ་ཡུམ་བརྒྱད། ཧེ་ཤག་ཁྲོ་མོ་བརྒྱད་དམ་མཆོད་འབུལ་ལྷ་མོ་བརྒྱད། སྒོ་མ་བཞི།དབལ་མོ་ཉེར་བདུན། གྱད་ཆེན་བཅུ་དང་རྒྱལ་ཆེན་བཞི་བཅས་དྲུག་ཅུ་རེ་བདུན་ལས་དམག་དཔོན་བཅུ་བཞག་མེད། འགྲོ་མགོན་གྱིས་སྐུ་བསྟོད་བདེ་བའི་ཡན་ལག་སོགས་ལས་དབལ་གསས་ལ་གྱད་དམག་རྒྱལ་ཆེན་གྱི་ལྷ་ཉེར་བཞི་སྦྱར་མཛད་ཡོད་ལ།
  མཁན་ཆེན་ཉི་མས་དེ་དང་མཐུན་པར་ཀུན་རིག་ལས་བཞི་རྒྱུན་ལྔའི་ལས་རིམ་གྱི་དམིགས་བུ་དང་ཟིན་རིས་དག་ལས་དབལ་གསས་མཆོད་སྐོར་གསུམ་པའི་སྐབས་སུ་གྱད་དམག་རྒྱལ་ཆེན་གྱི་སྡེ་ཚན་ཆ་ཚང་སྦྱར་ཡོད་པར་བརྟེན་དབལ་གསས་ལས་རིམ་གྱི་ལྷ་ཞེ་གཅིག་དང་གྱད་དམག་རྒྱལ་ཆེན་གྱི་ལྷ་ཉེར་བཞི་བསྡོམས་པས་སྐབས་འདིའི་དབལ་ལྷ་རེ་ལྔ་ནི། དབལ་གསས་ཡབ་ཡུམ་གཉིས་དང་། ལྷ་རྒོད་ཡབ་ཡུམ་གཉིས། གཙོ་མཆོག་ཡབ་ཡུམ་གཉིས། རུ་བཞིའི་ཁྲོ་བོ་ཡབ་ཡུམ་བརྒྱད། དབལ་མོ་ཉེར་བདུན། གྱད་ཆེན་བཅུ། དམག་དཔོན་བཅུ། རྒྱལ་ཆེན་སྡེ་བཞི་བཅས་རེ་ལྔར་གྲངས་ངེས་པའོ། རྩ་བའི་དབང་དྲག་གཉིས་ཀྱི་ལྷ་གྲངས་ནང་སྤྱི་སྤུངས་རྩ་བའི་རྒྱུད་གསུམ་དང་ཁྲོ་བོ་རྒྱུད་དྲུག་སོགས་ལས་དམག་དཔོན་བཅུ་དེ་དངོས་བསྟན་མེད་པས་ཕྱིས་བྱུང་མཁས་པ་རྣམས་ཀྱིས་སྦྱར་ཡང་དེ་དཔྱད་གཞིའི་གནས་སུ་མཐོང་བའོ། ལྔ་པ་རྒྱུན་མེ་ལྷ་བཞི་བཅུ་ནི། སྐུ་གསུམ་མེ་ལྷ་དང་། ཀློང་ལྔ་མེ་བསྐྱེད། རྫུ་འཕྲུལ་མེ་འབུད་མ་བཞི། སྐོས་འདེབས་མེ་ལེན་མ་བརྒྱད། བདེ་ལྡན་མེ་སྐྱོང་མ་བརྒྱད། སྟོབས་ལྡན་ཤིང་ཐུས་མ་བཞི། རླབས་ཆེན་རླུང་ལྷ་མ་བཞི། དབང་བསྒྱུར་སྒོ་སྲུང་བཞི་བཅས་བཞི་བཅུའོ། ཞིབ་ཕྲའི་དབྱེ་བ་ལྷ་གྲངས་སོ་སོའི་སྐབས་སུ་གསལ་བའོ། དེ་ལྟར་དབྱེ་དོན་ནི། སྤ་སྐོང་བ་དང་། རྗེས་སུ་འཛིན་པ་དང་། སྨིན་པར་བྱ་བ་དང་། ཚར་བཅད་པ་ལ་ལྟོས་ནས་རིམ་པ་བཞིན་ཕྱེའོ། དབྱེ་དོན། གཞན་དོན་ལ་འཇུག་པའི་ལས་དུ་མར་གསུངས་ཀྱང་འཕྲིན་ལས་བཞིར་མ་འདུས་པ་མེད་པས་གདུལ་བྱ་ལམ་ལ་འགོད་ཚུལ་བཞིར་འདུས་ཏེ། སྤ་སྐོང་ནས་རྒྱུད་ཞི་བ་དང་། རྗེས་སུ་བཟུང་བས་རྒྱུད་ལ་རྟོགས་པ་རྒྱས་པ་དང་། རྒྱུད་སྨིན་པས་ལས་དང་ཉོན་མོངས་དབང་དུ་འདུས་པ་དང་། ཚར་བཅད་པས་ཕྱི་ནང་གསང་བའི་བར་ཆོད་ཚར་ཆོད་ནས་འཕྲིན་ལས་མཐར་ཕྱིན་པས་འཕྲིན་ལས་རྣམ་པ་བཞི་དང་། ལས་བཞི་སྤྱི་མཐུན་གྱི་ཚུལ་དུ་རྒྱུན་བཅས་གོང་རིམ་རྣམ་པ་ལྔ་རུ་ངེས་པའོ།
  ཐེངས་འདིའི་ཀུན་རིག་གཙོ་བརྒྱ་འཁོར་བཅུའི་སྦྱིན་བདག་ནི་བྱ་མང་ཤང་གི་གྲོང་ཚོ་གསུམ་པ་གཙོས་དེ་སྔོན་མམ་ཐ་ཤང་གི་དད་ལྡན་མང་ཚོགས་གཙོ་བོར་བྱས་པའི་འོག་ལ་ཕྱོགས་ཕན་ཚུན་ནས་དད་ལྡན་མང་ཚོགས་རྣམས་ཀྱིས་སྐལ་ལྡན་དྭངས་བ་འདྲེན་པའི་ཞིང་སར་བསོད་ནམས་ཚོགས་བསགས་ཀྱི་དགེ་རྩ་ཤི་དགེ་གསོན་རིམ་གང་ཐད་ཞལ་འདེབས་ཀྱི་མཆོད་སྤྲིན་རྒྱ་ཆེར་འབུལ་སྐྱེས་བྱུང་ཞིང་། དེ་ལྟ་བུའི་ཀུན་བཟང་མཆོད་སྤྲིན་རྒྱས་འབུལ་གྱི་མཛད་སྒོའི་སྐབས་ཡུལ་ལུང་སོ་སོའི་ཀུན་རིག་མཁས་ཅན་རྣམས་དང་། ལྷག་པར་དུ་སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༢༤ ཉིན། ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་འབུལ་རྒྱས་པའི་སྐབས་འཕྲིན་ལས་མཁན་པོ་སྦྲ་ཆེན་རྫོང་དང་། སྟེང་ཆེན་རྫོང་། ལྷོ་རོང་རྫོང་སོགས་ས་ཁུལ་མི་འདྲ་བ་ཁག་ནས་ཕེབས་པའི་གྲགས་ཅན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མ་ཕེབས་ཏེ། ཀླུ་ཕུག་དགོན་པའི་མཁན་པོ་ཞུ་བླ་སྐལ་བཟང་གཡུང་དྲུང་སྐུ་འཁོར་དང་། ལུང་དཀར་དགོན་པའི་མཁན་པོ་དབུ་བླ་ཚུལ་ཁྲིམས་འབྱུང་གནས། ཁྲོམ་ཚང་དགོན་པའི་མཁན་པོ་ཞུ་བླ་ཡོན་ཏན་རྒྱ་མཚོ། ཁྱུང་པོ་སྟེང་ཆེན་དགོན་པའི་མཁན་པོ་རྒྱ་མཚོ་ནོར་བུ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། དབུ་བླ་དགེ་བཤེས་སྦྱིན་པ་བསྟན་འཛིན། དམུ་ལྷ་ལུང་དགོན་པའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན། སྒོ་ལུང་རི་ཁྲོད་ཀྱི་མཁན་པོ་དགེ་བཤེས་བསྟན་འཛིན་རིན་ཆེན། དབུ་བླ་གཡུང་དྲུང་ཡེ་ཤེས། ཁྱུང་བླ་བསྟན་འཛིན་རྣམ་དག ལུང་དཀར་དགོན་གྱི་འཁོར་ལྡན་མཚམས་པ་སྨོན་ལམ་མཐར་ཕྱིན། དགེ་བཤེས་བསྟན་པ་དར་དབང་ངམ་དྲང་སྲོང་བློ་གྲོས། དགེ་བཤེས་གཤེན་བསྟན་ལྷུན་གྲུབ། དགེ་བཤེས་བློ་གྲོས་བསྟན་པ། དགེ་བཤེས་རྣམ་དག་ཚུལ་ཁྲིམས། ལྷོ་རོང་ཁྲ་རྒན་དགོན་པའི་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་དྲི་མེད། འགོ་བ་གྲྭ་རིན་ཆེན་ལྷུན་གྲུབ། འགོ་བ་གྲྭ་ཚུལ་ཁྲིམས་བཀྲ་ཤིས་སོགས་བླ་གྲྭ་སུམ་ཅུ་ལྷག་ཙམ་ཞིག་གདན་ཞུ་ཟབ་རྒྱས་གནང་ལ། གདན་ཞུའི་སྐབས་སྔར་སྲོལ་མི་རིགས་རང་གི་ཁྱད་ཆོས་དང་། དེང་གི་འཁོར་རིགས་ཆ་རྐྱེན་ལ་བརྟེན། ཡུལ་མིའི་དད་ལྡན་མང་ཚོགས་རྣམས་གཟབ་སྤྲོས་ཀྱིས་རབ་ཏུ་བརྒྱན་ཞིང་ཕྱག་ཏུ་བཀྲ་ཤིས་ལྷ་དར་དཀར་པོ་འཛིན་ཏེ་ཕེབས་ལམ་གཡས་གཡོན་ནས་མང་ཚོགས་ཀུན་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པ་ཞིང་འདིར་ཕེབས་པ་སྐལ་པ་བཟང་བའི་ཤིས་ཚིག་གི་འབོད་སྒྲ་དང་། གཞུང་ལམ་གཡས་གཡོན་ཁག་ཏུ་བསང་མཆོད་ཀྱི་དུད་སྤྲིན་མཁའ་ལ་གཡོ་ཞིང་། ཕེབས་བསུའི་སྣེ་ཁྲིད་དུ་ཅང་ཤེས་རྟ་ཕོ་བཅུ་ཕྲག་དུ་མར་རྟ་སྲབ་སྒ་གདན་སོགས་ཡུལ་ལུང་གི་སྲོལ་རྒྱུན་འབུར་དུ་ཐོན་པར་བརྒྱན་ཞིང་། རྟ་ཕོ་དེ་དག་རིག་པའི་མི་དབང་གིས་ཁ་ལོ་བསྒྱུར་ཏེ་ཨ་ཆེན་བདེ་མོའི་ལམ་ཁ་ལ་ཅང་ཤེས་རྟ་ཕོའི་བང་རྩལ་ངོམས་པའི་བསྟར་ཕྲེང་གི་རྗེས་ལ། འཛམ་གླིང་གྲགས་ཅན་གྱི་རླངས་འཁོར་བརྒྱ་ཕྲག་ལྷག་ཕྲེང་བསྟར་ཚར་དུ་དངར་ལ། དེ་རྗེས་སྦག་སྦག་བཅུ་ཕྲག་གིས་བང་སྒྲིག་སོགས་ཕེབས་བསུ་ཟབ་རྒྱས་ཞུས་པ་བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག