ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ་དངོས་སུ་འགྲེམ་སྤེལ་བྱས་པ།
རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ་དངོས་སུ་འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 10-11-25] [ཀློག་གྲངས། ]



གདན་ས་ཆེན་མོ༧རབ་ལེགས་གཡུང་དྲུང་གླིང་གི་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་དུ་བསྐྲུན་ནས་ཉེ་ཆར་རྒྱལ་ཡོངས་ཁག་གི་དཔེ་ཚོང་ཁང་དག་ནས་འགྲེམ་སྤེལ་བྱས་པ་རེད།

    དུས་རབས་ཉེར་གཅིག་པའི་ཉི་གཞོན་རི་བོ་ཧི་མ་ལ་ཡའི་དབུ་རྩེར་ཤར་བའི་དེ་རིང་གི་ཉིན་མོ་འདིར་རང་ཅག་བོད་པ་ཚང་གི་ཕ་ཁྱིམ་ལ་ཚན་རིག་གི་ལག་རྩལ་དར་རྒྱས་བྱུང་བ་དང་ཆབས་ཅིག་བོད་ཡིག་གི་ལམ་ནས་བརྩམས་པའི་རྩོམ་ཆོས་རྣམས་པར་དུ་བསྐྲུན་པའི་གྲངས་ཚད་ཀྱང་སྔར་བྱུང་མྱོང་མེད་པའི་ཚད་རིམ་ཞིག་ཏུ་སླེབས་ཡོད་ནའང་། ཇི་སྐད་དུ། ནགས་ཚལ་ཤིན་ཏུ་མང་མོད་ཀྱང་། །ཙན་དན་ས་མཆོག་སྐྱེ་བ་ཉུང་། །དེ་བཞིན་མཁས་པ་མང་ན་ཡང་། །ལེགས་བཤད་འབྱུང་བ་ཤིན་ཏུ་དཀའ། །ཞེས་གསུངས་པ་བཞིན་རྩོམ་ཡིག་གི་རིགས་པར་བསྐྲུན་བྱས་པ་ཅི་ཙམ་མང་ཡང་དེ་དག་ཐམས་ཅད་རྒྱ་ཆེ་བའི་ཀློག་པ་པོ་དག་གིས་དགའ་བསུ་ཐོབ་པའི་རྩོམ་ཆོས་རྐྱང་རྐྱང་ཞིག་ཡིན་ཚོད་མི་འདུག་པས། ང་ཚོས་ད་ཐེངས་རང་ཉིད་ལ་བབས་ཡོད་པའི་འགན་འཁྲི་ཕྲག་པར་རླངས་ཏེ། ཀློག་པ་པོ་དག་གིས་སྔ་རྗེས་སུ་དགའ་བསུ་་ཚད་མེད་ཐོབ་ཡོད་པའི་རྒྱལ་ཚབ་དཔོན་སློབ་ཀུན་བཟང་བློ་གྲོས་མཆོག་གིས་བརྩམས་གནང་བའི༼བརྡ་སྤྲོད་འཕྲུལ་ཡིག་སྡེ་གསུམ་རྣམ་འབྱེད་ཀྱི་རྩ་འགྲེལ༽༼སྙན་ཚིག་སྒྲ་དབྱངས་རིག་པའི་བང་མཛོད༽༼རྒྱལ་རབས་གསེར་གྱི་ཐུར་མ༽༼ཞང་བོད་ཀྱི་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ༽༼ཤེར་ཕྱིན་སྤྱི་དོན་མཚོན་བྱེད་བདུན་ཅུ༽སོགས་ཁོང་གི་གསུང་རྩོམ་རྣམས་ཕྱོགས་གང་ས་ནས་བསྡུ་རུབ་བྱས་ཏེ་༼རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ༽ཞེས་པར་དུ་བསྐྲུན་ནས་ཁྱེད་ཀློག་པ་པོའི་ཚོགས་ལ་ཕུལ་བ་ཡིན་པས། མཁྱེན་སྤྱན་ཡངས་པའི་ཀློག་པ་པོ་རྣམས་ཀྱང་ཁོང་གི་སྐུ་ཚེའི་དཀའ་སྤྱད་ཀྱི་འབྲས་བུར་རྩི་མཐོང་བྱས་ཏེ་གསུང་འབུམ་འདི་ཉིད་རང་ག་བར་བླུས་པ་ཙམ་མ་ཡིན་པར་དཔེ་གཟིགས་གནང་རྒྱུ་དེ་བས་ཀྱང་གལ་ཆེན་ཞིག་ཡིན་པ་ཤེས་དགོས་པ་ཡིན། གཞན་གསུང་འབུམ་རྩོམ་སྒྲིག་ཐད་ནས་ཡང་ཁོང་གི་རྩོམ་ཆོས་ལག་ཏུ་འབྱོར་བ་ཐམས་ཅད་འདིར་དཔེ་དེབ་བརྒྱད་ཀྱི་གྲངས་སུ་བསྡུས་ཏེ་བསྒྲིགས་པ་ཡིན་ལ། སྒྲིག་ཚུལ་ཙམ་ཞུ་ན། དཔེར་ན། བརྡ་གསར་དུ་༼སྦོམ་ར་༽ལྟ་བུའི་མིང་ཚིག་གསུང་འབུམ་འདིའི་ནང་བརྡ་རྙིང་༼སྤོམ་ར་༽ཞེས་བྲིས་འདུག་པས་དེ་ཇི་མ་ཇི་བཞིན་དུ་ཡིག་བཏགས་བྱས་པ་ཡིན། དེ་བཞིན་བརྡ་རྙིང་སོགས་དེ་འདྲ་བའི་རིགས་མི་ཉུང་བ་ཞིག་ཡོད་པས་དེ་ལུགས་མཁྱེན་པར་ཞུ། ཡང་དཔེར་ན་༼བརྡ་སྤྲོད་འཕྲུལ་ཡིག་སྡེ་གསུམ་རྣམ་འབྱེད་ཀྱི་རྩ་འགྲེལ་༽ལྟ་བར་མཚོན་ན་སྤྱིར་གཞུང་དེའི་རྩ་བར་ས་བཅད་གསུམ་གྱིས་བསྟན་ཡོད་ནའང་འདིའི་རྩ་བའི་ས་བཅད་གསུམ་པའི་སྐོར། དེ་སྔ་ལག་སོན་མ་བྱུང་ལ་དེ་བཞིན་ཡང་ལག་སོན་མ་བྱུང་བའི་རིགས་ཀྱང་མི་ཉུང་བ་ཞིག་ཡོད་ངེས་པས་ཀློག་པ་པོའི་ཚོགས་ལ་དགོངས་དག་ཞུ་རྒྱུ་དང་། གཞུང་འདིའི་རིགས་ཀྱང་མ་ཕྱི་བཞིན་བཏགས་སྒྲིག་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པས་དེ་ལུགས་བྱས་ཡོད། ཡང་ཁོང་གིས་སྔ་ཕྱིར་བརྩམས་པའི་ཞང་བོད་ཀྱི་ལོ་རྒྱུས་དང་བསྟན་འབྱུང་སོགས་ནི་ལོ་རབས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཁར་དཔྱད་གཞིའི་རྒྱུ་ཆ་འཛོམས་མིན་སོགས་ཀྱི་རྒྱུ་རྐྱེན་དུ་མ་ཞིག་ཡོད་པས་མཁྱེན་པར་ཞུ། མདོར་ན་ངད་རྩོམ་སྒྲིག་པའི་ཕ་ཕྱོགས་ས་གཙོ་བོ་ཞིག་ནི་གསུང་འབུམ་འདིའི་རྩོམ་སྒྲིག་ཐད་རང་བྱུང་གི་མཛེས་ཉམས་ཤིག་འདོན་ཨེ་ཐུབ་བལྟ་རྒྱུ་དེ་ཡིན་པས་ང་ཚོས་འབད་པའི་ཁར་བརྩོན་པ་ཡང་ཡང་བསྣན་ནས་གསུང་འབུམ་འདི་ཉིད་རང་བྱུང་གི་མཛེས་ཉམས་ཀྱིས་བརྒྱན་ཅི་ཐུབ་གང་ཐུབ་བྱས་ཡོད། ད་དུང་གསུང་འབུམ་འདིའི་ཁྲོད་ཀྱི་མཚོན་རྟགས་གཞན་རྣམས་སྤྱི་དང་འདྲ་ལ་བླ་མཆོད་སོགས་འདོན་ཆོག་ནང་གི་ཚིགས་མཇུག་བསྡུས་རྟགས་ལ་ཚེགས་སུམ་སྒྲིག་ཞིག་གིས་འཐུས་པར་བྱས་ཡོད་པས་ཁྱེད་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་དོན་ཐུགས་འཇགས་འཚལ་ཞེས་ཞུ་རྒྱུ་དང་། ངད་རྩོམ་སྒྲིག་པར་ཡོན་ཏན་གྱི་ཆུ་ཚད་ཞན་ཁར་དཔེ་སྒྲིག་གི་ཉམས་མྱོང་མེད་སྟབས་སྒྲིག་སྐྱོན་མི་ཉུང་བ་ཞིག་ཡོད་ངེས་ཡིན་པས་མཁྱེན་སྤྱན་ཡངས་པའི་ཀློག་པ་པོ་ཁྱེད་ཅག་གི་མདུན་སར་བཟོད་གསོལ་ཞུ་རྒྱུ་མ་ཟད་མཇུག་མཐར་གསུང་འདིའི་འབྲེལ་ཡོད་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་རྣམས་ཀྱིས་གསུང་རྩོམ་འདི་དག་གི་ཁྲོད་ནས་དགའ་བདེ་མི་ཉུང་བ་ཞིག་ལ་རོལ་ཐུབ་པའི་སྨོན་འདུན་བཅས། རྩོམ་སྒྲིག་པས།


དེབ་དང་བོ། བོད་ཀྱི་བརྡ་སྤྲོད་དང་འབྱུང་རྩིས་སོགས་ཀྱི་སྐོར།

དེབ་གཉིས་པ། སྙན་ཚིག་སྒྲ་དབྱངས་རིག་པའི་བང་མཛོད།

དེབ་གསུམ་པ། རྒྱལ་རབས་གསེར་གྱི་ཐུར་མ་སོགས་ཀྱི་སྐོར།

དེབ་བཞི་བ། ཞང་བོད་ཀྱི་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ། སྟོད་ཆ།

དེབ་ལྔ་བ། ཞང་བོད་ཀྱི་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ། སྨད་ཆ།

དེབ་དྲུག་པ། ཤེར་ཕྱིན་སྤྱི་དོན་མཚོན་བྱེད་བདུན་ཅུའི་རྣམ་བཤད་སོགས་ཀྱི་སྐོར།

དེབ་བདུན་པ། ཨ་ཁྲིད་སྔོན་འགྲོའི་ཁྲིད་རིམ་སོགས་ཀྱི་སྐོར།

ཨ་ཁྲིད་དངོས་གཞི་གེགས་སེལ་འཕྲུལ་འཁོར་སོགས་ཀྱི་སྐོར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག