ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> འོད་སྡེར་མཐོང་བ་ཀུན་སྤྲོ་འགྲེམ་སྤེལ་གནང་འདུག
འོད་སྡེར་མཐོང་བ་ཀུན་སྤྲོ་འགྲེམ་སྤེལ་གནང་འདུག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 10-11-30] [ཀློག་གྲངས། ]

སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་སྨན་སྒྲུབ་ཆེན་མོའི་མཛད་སྒོའི་རྗེས་དྲན་འོད་སྡེར་མཐོང་བ་ཀུན་སྤྲོ་འགྲེམ་སྤེལ་གནང་བ།


   དགེ་ལེགས་ཕན་བདེའི་འོད་སྣང་གིས་མདུན་ནས་བསུས་ཏེ། སྐབས་འདིར་ཞུ་བར་བྱ་བ་ནི། མཁྱེན་གསལ་ལྟར་འདི་ལོ་ཁྱུང་ཡུལ་སྨོན་རྒྱལ་གདན་ས་བླ་བྲང་ནོར་འཁྱིལ་གླིང་དུ་རིག་འཛིན་གསང་སྒྲུབ་དང་རབ་འབྱམས་བོན་མཛོད་སྟག་ཕུར་བཅས་ཀྱི་སྒྲུབ་པ་ལེགས་གྲུབ་བྱུང་བའི་སྐོར་གྱི་རྗེས་དྲན་འོད་སྡེར་མཐོང་བ་ཀུན་སྤྲོ་ཞེས་པའི་བརྙན་ཕབ་སྟོད་སྨད་གཉིས་ལས་གྲུབ་པ་ཞིག་བསྟན་པའི་སྦྱིན་བདག་རྣམས་དང་དད་ལྡན་འགྲོ་བ་ཡོངས་ལ་དགེ་བསྐུལ་སྲོག་བསླུ་ཕྱིར་དུ་རིན་མེད་ཀྱི་ཐོག་ནས་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེས་དཔར་བསྐྲུན་གནང་འདུག འདིའི་ནང་དུ་རྩ་བའི་སྒྲོམ་གཞིའི་སྡེ་ཚན་བརྒྱད་ཡོད་པ་སྟེ། སྒྲུབ་པ་ཆེན་མོའི་ཐོག་མཐའ་བར་གསུམ་དུ་སྔོན་འགྲོའི་བཅའ་གཞི་ནས་དབུ་གཟུང་སྟེ། ཕྱོགས་ཀུན་ནས་གདན་ཞུའི་བླ་སྤྲུལ་རྣམས་ཕེབས་པའི་སྐོར་དང་། དངོས་གཞིའི་སྒྲུབ་པའི་ཕྱག་ལེན་གནང་བའི་སྐོར་དང་། གཤེན་གྱི་གར་འཆམ་གཟིགས་འབུལ། སེར་སྐྱ་མི་དམངས་རྣམས་ལ་བཀའ་དབང་གནང་བ་དང་སྨན་སྒྲུབ་འགྱེད་པའི་སྐོར། བཀྲ་ཤིས་ཚིགས་བཀྲ་དང་བོན་བསྟན་རྒྱས་པའི་སྨོན་ལམ་གསུངས་པ་དང་། ལོ་རིམ་ཨ་དཀར་བུམ་སྒྲུབ་ཆེན་མོ་འཚོགས་པའི་སྐོར་དང་། ཁམས་ཁྱུང་པོ་སྟེང་ཆེན་གྱི་ན་གཞོན་གླུ་བ་སྐོར་གཅིག་གི་དད་སྤྲོའི་བསྟོད་གླུ་བཅས་ཕྱོགས་གཅིག་ཏུ་བསྒྲིགས་པའི་འོད་སྡེར་འདི་ཉིད་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས་པས། སྤྱིར་ཞང་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཡངས་པའི་ས་ཆེན་ཀུན་ཏུ་དར་ཞིང་རྒྱས་ལ་བསྟན་པའི་དགོངས་དོན་ཇི་བཞིན་ཐུགས་ཉམས་སུ་བསྟར་ནས་ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་འགྲོའི་ལས་དོན་ཡོངས་སུ་མཐར་ཕྱིན་པ་དང་། བསྟན་པ་འདི་ཉིད་འཛིན་པའི་སྐྱེས་ཆེན་དམ་པ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཡུན་ནས་ཡུན་ཏུ་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་འགྲུབ་པའི་སྨོན་ལམ་དང་། རང་ཁ་བ་ཅན་གྱི་མི་རིགས་ཀུན་གྱི་ཕྲག་དོག་ཕྱོགས་རིས་སོགས་མི་མཐུན་པའི་བྱ་བ་ཐམས་ཅད་ཡོངས་སུ་ཞི་ནས། ཡབ་མེས་གོང་མ་རྣམས་ཀྱིས་བཞག་པའི་མཐུན་པའི་ལེགས་ཚོགས་ཏེ་རྒན་ལ་བརྩི་བཀུར་གཞོན་ལ་བྱམས་བསྐྱོངས་ལས་འབྲས་སོགས་ལ་ཁ་ཡོད་ལག་ཡོད་ཀྱིས་བརྩི་བསྲུང་དང་གཞོན་ནུ་རྣམས་ཀྱི་སློབ་སྦྱོང་གི་བྱ་བཞག་སོགས་གང་ཅི་ཐད་ལ་བྱ་བ་ལམ་འགྲོ་དང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་། མདོར་ན་ང་ཚོའི་མི་རིགས་འདིས་འབྱུང་འགྱུར་འཛམ་གླིང་ཞི་བདེའི་དགེ་མཚན་བཟང་པོ་ཞིག་བསྐྲུན་པའི་བཀྲ་ཤིས་སྨོན་འདུན་ཞུ་ཞུ།


དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག