ཚོགས་བཞུགས་པ་ཚང་མ་ལྷན་འཛོམས་ཀྱི་དྲན་རྟེན་འདྲ་པར།
ཚོགས་བཞུགས་པ་ཚང་མས་ཚོགས་འདུ་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གི་གྲོས་བསྡུར་གནང་བཞིན་པ།
ཞལ་ལག་གསོལ་བཞིན་པ།
བསམ་འཆར་འདོན་རེས་གནང་བཞིན་པ།
༢༠༡༠ལོའི་ཟླ་༡༢ཚེས་༡ནས་ཚེས་༤བར་ཉིན་བཞིའི་རིང་། རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་ཚོགས་ཐེངས་དང་པོ་དེ་རྒྱ་ནག་ཁྲི་འདུ་གྲོང་ཁྱེར་ལ་བསྐང་ཚོགས་བྱས། རྩ་བའི་ཚོགས་འདུ་འདི་༢༠༡༠ལོའི་སྤྱི་ཟླ་༧ཚེས་༡༨ནས་ཚེས་༢༠བར་ཉིན་གསུམ་གྱི་རིང་ལ། སངས་རྒྱས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ། མདོ་སྨད་རྩེ་ཞིག་དགོན་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་དུ་འཚོགས་སྐབས་ཀྱི་ཚོགས་འདུའི་གྲོས་ཆོད་གཏན་འབེབ་ལྟར་ཡིན། ཉེ་བའི་ལོ་ཤས་བཅུ་ཕྲག་རིང་སྤྱིར་རྒྱལ་སྤྱི་དང་རྒྱལ་ནང་གང་སར་བོད་མི་རིགས་རྩ་བའི་ཕ་ཆོས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཉམས་ཞིབ་དང་བགྲོ་གླེང་། དད་མོས་བྱེད་མཁན་སྔར་ལས་ལྷག་པའི་དུས་རབས་ཤིག་ཏུ་སླེབས་ཡོད། ལྷག་པར་དུ་དེང་རྒྱལ་ནང་ཞིང་ཆེན་ཁག་ལ་བོན་བསྟན་འཕེལ་རྒྱས་དང་ཞིབ་འཇུག་གི་བྱ་བཞག་ཉིན་བཞིན་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་འགྲོ་བའི་དུས་སུ། བོན་གྱི་ལོ་རྒྱུས་དང་ཆོས་ལུགས། སྲོལ་རྒྱུན་ཁག་བོད་ཡིག་ལས་རྒྱ་ཡིག་ཏུ་འཁོད་པ་ཉུང་ཤས་ཙམ་ལས་མེད་པ་དེ། རྒྱ་ཆེའི་གཟིགས་པ་པོ་དང་དད་ལྡན་མང་ཚོགས་ཀྱི་འདོད་བློ་བསྐང་ཐུབ་པ་ཞིག་འབྱུང་ཐུབ་ཀྱི་མེད་པ་བརྟེན། བོན་གྱི་ཐ་སྙད་ཁག་དེ་གྲུབ་མཐའ་གཞན་དང་བསྡུར་ན་ཅུང་དཀའ་ཚེགས་ཆེ་བའི་གནས་སུ་ཆགས་ཡོད། གང་ཡིན་ཞེ་ན། བོན་གྱི་ཐ་སྙད་སྐོར་དེ་སྔོན་རྒྱ་སྐད་ཐོག་གཏན་འབེབ་བྱས་མེད་ལ། དགོས་དམིགས་དེ་ལ་བརྟེན་ད་ལན་རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་ཚོགས་ཐེངས་དང་པོ་དེ་རྒྱལ་ཁའི་ངང་བསྐང་འཚོགས་བྱས། སྤྱིར་ཚོགས་འདུ་འདི་ལྟ་བུ་དེ་རྒྱལ་ཁབ་སྲིད་གཞུང་གིས་གཙོ་བོར་འགན་ཁུར་ནས་མི་རིགས་ལོ་རྒྱུས་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་དང་གཏན་འབེབ་དགོས་པ་ཞིག་ཡིན་ཀྱང་། མིག་སྔར་ད་བར་རང་རྒྱལ་སྲིད་གཞུང་དང་ཚོགས་སྡེ་གང་གིས་ཀྱང་གལ་ཆེའི་གནད་དོན་འདི་ཐོག་ལ་བགྲོ་གླེང་དང་། ཐ་སྙད་གཏན་འབེབ་སོགས་ཀྱི་ལས་དོན་གང་ཡང་སྤེལ་ཐུབ་མེད། ད་ལན་ཚོགས་ཐེངས་འདི་བོད་མི་རིགས་ཀྱི་ཡ་ཐོག་གི་རིག་གཞུང་ལོ་རྒྱུས་དང་ཆོས་ལུགས་སོགས་ཀྱི་ཐ་སྙད་སྐོར་དེ་ཞང་ཞུང་དང་བོན་ལ་འབྲེལ་བ་ཆེར་ལྡན་ཡོད་པར་བརྟེན། བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཕུག་བསམ་དང་ཤ་ཞེན། བོན་གྱི་ཤེས་རིག་ལོ་རྒྱུས་ཆེད་མཁས་དུ་མ་ཞིག གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་གོམ་པ་དང་པོའི་ཚུལ་དུ། རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་ཚོགས་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད། སྐབས་འདིའི་ཚོགས་ཞུགས་གནང་མཁན་བོན་གྱི་ཆེད་ལས་མི་སྣ་དང་། བོད་རྒྱའི་སྐད་ཡིག་གཉིས་མཁས་བླ་སྤྲུལ་དགེ་བཤེས་ཆེད་ལས་མཁས་པ་རྣམ་པ་ཉི་ཤུ་ཙམ་འདུ་འཛོམས་གནང་། ཕེབས་མཁན་གཙོ་བོ་སྡེ་དགེ་པར་ཁང་ཆེན་མོའི་དབུ་འཛིན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། ཐར་བདེ་དགོན་པའི་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ཀྲུང་གོ་ནང་བསྟན་འཐུས་ཚོགས་ཀྱི་ལས་འཛིན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་འཐུས་ཚོགས་གྱི་ཚོགས་གཙོ་གཞོན་པ། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཟི་རྩ་སྡེ་དགུ་རྫོང་རབ་དབེན་དགོན་པའི་བླ་མ་བསྐལ་བཟང་རིན་ཆེན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ། སི་ཁྲོན་ཞིང་ཆེན་ནང་བསྟན་འཐུས་ཚོགས་གྱི་ལས་འཛིན་པ། རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་པའི་སྤྲུལ་སྐུ་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་འགན་འཛིན། དཔལ་གཤེན་བསྟན་སྨན་རི་དགོན་པའི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས། བོད་ལྗོངས་ནང་བསྟན་འཐུས་ཚོགས་ཀྱི་ལས་འཛིན་པ། ཀླུ་ཕུག་དགོན་པའི་སྤྲུལ་སྐུ་ཀུན་གསལ་སྙིང་པོ། སི་ཁྲོན་ཞིང་ཆེན་ནང་བསྟན་འཐུས་ཚོགས་གྱི་ལས་འཛིན་པ། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཤར་བ་སྣང་ཞིག་དགོན་པའི་སྤྲུལ་སྐུ་ངག་དབང་ཉི་མ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཉག་རོང་རྫོང་ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མ། ལོ་དེབ་《གླང་དར་མའི》རྩོམ་སྒྲིག་པ། རྔ་བ་རྫོང་སྣང་ཞིག་དགོན་པའི་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། སྟེང་ཆེན་རྫོང་དར་རྒྱས་དགོན་པའི་དབུ་བླ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། ལོ་དེབ་《ཞང་བོད་ཤེས་རིག》གི་རྩོམ་སྒྲིག་པ། ཀོང་པོ་སྐུ་ཤུག་དགོན་པའི་སྤྲུལ་སྐུ་ཨ་གྲགས་ཤེས་རབ་དཔལ་ཆེན། རྔ་བ་སྣང་ཞིག་དགོན་པའི་ཁྲི་ཟུར། བྲག་མགོ་རྫོང་གཏོ་མདའ་དགོན་པའི་སྤྲུལ་སྐུ་འཆི་མེད་གཡུང་དྲུང་། རྔ་བ་སྣང་ཞིག་དགོན་པའི་དགེ་བཤེས་འཇམ་མེའམ་ཤེས་རབ་ཚུལ་ཁྲིམས། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ། བྲག་མགོ་རྫོང་གཞི་རིང་དགོན་གྱི་མཁན་པོ་ཚེ་རིང་ནོར་བུ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། རྔ་བ་རྫོང་རྟོགས་ལྡན་དགོན་པའི་ཁྲི་བ་བསྐལ་ཁོ། ཞང་བོད་ཤེས་རིག་ཚོགས་པའི་རྒྱུན་ལས། རྔ་བ་རྫོང་སྣང་ཞིག་དགོན་པའི་སྣང་མཐའ་བསྟན་འཛིན་ཉི་མ། སི་ཁྲོན་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཀྱི་འབུམ་རམས་པ་གཙོད་ངག་དབང་རྒྱ་མཚོ། ཀྲུང་གོ་མི་རིགས་དཔེ་བསྐྲུན་ཁང་བོད་ཡིག་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྒན་འཇམ་དགའ། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ། འབུམ་རམས་པ་ཤར་བ་ཐོགས་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། སི་ཁྲོན་དཀར་མཛེས་ཁུལ་རྩོམ་བསྒྱུར་ཅུས་ཀྱི་སྡེ་དགེ་ཚེ་རིང་འགྱུར་མེད་རྣམས་ཚོགས་ཞུགས་གནང་ཡོད་པ་རེད། ཉིན་བཞིའི་བགྲོ་གླེང་ནང་། བོན་གྱི་རྒྱུན་སྤྱོད་ཐ་སྙད་གལ་ཆེན་ཁག་གཅིག་རྒྱའི་སྐད་ཡིག་ཐོག་སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཀའི་ཐོག་ནས་བསམ་གཞིག་གནང་སྟེ། སྒྲ་དོན་ཐོག་སྤྱིར་རྒྱལ་སྤྱིའི་སྒྲ་དོན་དང་སྒོས་སུ་བོད་ཀྱི་སྒྲ་གདངས་ཐད་མདོ་དབུས་ཁམས་གསུམ་གྱི་སྒྲ་ཀློག་སྟངས་མི་འདྲ་བར་བརྟེན་གཙོ་བོར་ལྷ་སའི་སྒྲ་གདངས་དང་བསྟུན་ནས་བཞག དོན་བསྒྱུར་ཐད་གཙོ་བོར་བོན་གྱི་གཞུང་ལུགས་དང་མ་འགལ། དེ་ནས་རྒྱའི་སྐད་ཡིག་འགྲོས་དང་མཐུན་པ། ཐུན་མོང་གིས་སྤྱོད་བདེ་བ་བཅས་གཙོ་བོའི་གནད་དོན་གསུམ་གྱི་སྒོ་ནས་འཛིན་པའོ། །