ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེའི་སྐུ་གདུང་བཞེངས་པའི་གསལ་བཤད།
རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེའི་སྐུ་གདུང་བཞེངས་པའི་གསལ་བཤད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་དཔལ་བཟང་།] [ཟླ་ཚེས། 11-01-13] [ཀློག་གྲངས། ]


༧རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེའི་སྐུ་གདུང་གསར་དུ་བཞེངས་པ།

 གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་རྒྱལ་བ་རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་སྤྱི་ལོ་༡༩༣༠ནས་༢༠༡༠ལོའི་བར་བསྟན་པའི་མངའ་བདག་ཆེན་པོ་རྗེ་མཉམ་མེད་བླ་མ་དང་ཀུན་མཁྱེན་ཟླ་བ་རྒྱལ་མཚན་ཟུང་གི་བསྟན་པ་རིན་པོ་ཆེའི་རྗེས་སུ་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་རབ་ལེགས་གཡུང་དྲུང་གླིང་སྤྱི་ལོ་༡༩༨༡ལོར་གསར་བཞེངས་སྐབས་སུ་དཀའ་ངལ་མུ་མཐའ་མེད་པ་བྱུང་ཡང་དཀའ་ངལ་ལ་མ་འཛེམ་པས་ད་ལྟའི་དགོན་འདི་ཉིད་མིག་གི་མཐོང་ཆོས་སུ་ཁྲམ་ལམ་མེར་ཆགས་ཡོད་པ་དེ་ཡང་དགེ་སློང་རིན་པོ་ཆེ་གང་འདིས་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། དེ་ནི་ང་ཚོ་རྗེས་རབས་པ་དག་གིས་ཀྱང་བརྗེད་ཐབས་མེད་པའི་བཀའ་དྲིན་ཞིག་ཡིན་པ་ངེས་དགོས་ཤིང་། ཁྱད་འཕགས་ཀྱི་བསྟན་འཛིན་སྐྱེས་བུ་ཞིག་ཡིན་ཚུལ་ལ་བརྟགས་ནས་སྐུ་གདུང་བཞེངས་ཁུལ་ཡིན། དམ་པ་འདི་ཉིད་སྐུ་སྐྱེ་བ་བཞེས་ཚུལ་བསྟན་པ་ནས་བཟུང་མཐར་མི་རྟག་ཚུལ་བསྟན་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་པའི་བར་མཛད་ཚུལ་རྒྱས་པ་ནི་གཞན་རྣམ་ཐར་དུ་གསལ་ཞིང་འདི་ཡི་གེ་མང་དོགས་ནས་མ་བྲིས། དགོངས་པ་བོན་དབྱིངས་སུ་གཤེགས་རྗེས་སྐུ་གདུང་ཞུགས་པའི་སྐབས་སུ་དབུ་གཡང་འཕང་ཚུལ་དང་། འགྲོ་བ་སེམས་ཅན་རྣམས་འདྲེན་རྟེན་དུ་རིང་སྲེལ་བྱུང་བ་དང་མེ་ལྕེ་ལ་ཉི་ཟླའི་དཀྱིལ་འཁོར་ཤར་བ་དང་དགེ་སློང་གི་རིན་པོ་ཆེའི་གཟུགས་སྐུ་རྣམ་པ་འདྲ་བ་ཤར་ཞིང་། ངོ་མཚར་བའི་རྟེན་གཙོས་དེ་ལ་བསྟེན་ནས་སྐུ་གདུང་ཕྱི་ནང་གསང་གསུམ་གྱི་སྒོ་ནས་བཞེངས་ཚུལ་གསལ་བཤད་ཉུང་བསྡུས་ཤིག་བྱེད་པ་ལ།


རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེའི་སྐུ་གདུང་།

  སྐུ་གདུང་དེ། དང་པོ་ཕྱི་ལྟར་ན་རིན་པོ་ཆེ་ཟངས་ལས་གྲུབ་པའི གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཀྱི་དབྱིབས་མཐོ་ཚེ་ཁྲུ་བཅུ་བཞི་ལྷག་ཙམ་ལ། རིན་ཆེན་དང་པོ་གསེར་རྒྱ་མ་གསུམ་ཙམ་གྱིས་ཚར་གསེར་དུ་འབུལ། དེ་ལ་རིན་ཆེན་གཡུ། བྱུ་རུ། སྤེ་ཤེལ། གཟི་སོགས་གསར་རྙིང་གི་རྒྱན་ཆས་སྣ་ཚོགས་ཀྱིས་བརྒྱན་པ། གཉིས་པ་ནང་ལྟར་ན་བུམ་པ་རུ་འཇའ་གུར་དུ་བཀྲ་གསལ་མི་འགྱུར་གཡུང་དྲུང་ཁྲི་སྟེང་དུ་དགེ་སློང་རིན་པོ་ཆེའི་སྐུ་བརྙན་འདུལ་བའི་ཆ་ལུགས་དཀྱིལ་ཀྲུང་འདུལ་གོས་གྱི་བརྒྱན་ཞིང་ཕྱག་གཡས་འཁྲུལ་རྟོག་བདག་འཛིན་ནས་རྩད་གཅོད་བྱེད་མཚོན་དུ་ཡེ་ཤེས་ཀྱི་རལ་གྲི་དང་། གཡོན་པས་རྟོགས་པའི་ཡོན་ཏན་མཐར་ཕྱིན་པའི་བརྡར་རིན་ཆེན་གླེགས་བམ་བསྣམས་ནས་བཞུགས་པ།


གསར་དུ་བཞེངས་པའི་རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་རིན་པོ་ཆེའི་སྐུ་གདུང་།

 དེ་ནས་མཆོད་རྟེན་གྱི་བང་རིམ་ལ་ཤར་དུ་ཕོ་སྦྱོང་རིན་ཆེན་ཕྲེང་བ་དང་། བྱང་དུ་ཀུན་རིག་སྒྲོན་མའི་མདོ་ཆོག ནུབ་ཏུ་མོ་སྦྱོང་པད་མ་མུན་སེལ། ལྷོ་རུ་བཟླས་མཆོག་རིན་ཆེན་སྒྲོན་མ། དབུས་སུ་གཡུང་དྲུང་ཀློང་རྒྱས་ཀྱི་གཙོ་བོ་དཀྱིལ་འཁོར་ལྔའི་ཆོ་ག་དང་། ཁམས་བརྒྱད་པོད་བཅུ་དྲུག འབུམ་ཉི་མ་དགུ་ཤར། མ་རྒྱུད། གསེར་འོད། རྗེ་བླ་མའི་ཡི་དམ་ཕུར་གཞུང་བྲིས་མ་དང་ཞལ་འདོན་སོགས་དཔེ་ཆ་མང་ངོ་། དེ་ནས་གཟུངས་ཤིང་སྟོན་པའི་སྐུ་ཤུག་ལ་གཟུངས་གཞུག་གསེར་བྲིས་ཚར་གཅིག་དང་། པར་མ་ཚར་གཅིག དེ་ནས་རིན་ཆེན་ལྔ། སྨན་ལྔ། སྤོས་ལྔ་། འབྲུ་ལྔ། སྙིང་པོ་ལྔ། རྩ་བ་ལྔ། དངུལ་སྐོང་གི་མར་མེ་བདུན་ཚ་དང་། ཡོན་ཆབ་བདུན་ཚ། གཏོར་ཆས་ཆ་ཚང་། ཏིང་ཤག སྣམ་སྦྱར། པད་ཞུ། ཕྱག་ཕྲེང་། ཕྱག་བསིལ། ལྷ་ཤིང་ཤུག་པ། བ་ལི། བཟང་དྲུག་སོགས་སྨན་སྣ་བརྒྱ་ཕྲག་ལས་བརྒལ་བ་བཅས་ཕུལ་ཡོད། གསུམ་པ་གསང་བ་ལྟར་ན་དམ་རྫས་ཉེར་ལྔ། བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ། ཁྱད་པར་དུ་དགེ་སློང་རིན་པོ་ཆེའི་གདུང་ལས་བྱུང་བའི་རིང་སྲེལ་ཆེ་ཆུང་འདྲ་མིན་སྣ་ཚོགས་དང་སྔོན་བྱོན་རིག་འཛིན་རྣམས་ཀྱི་རྟེན་འདུས་རིལ་བུ་སོགས་ཁྱད་འཕགས་ཅན་རབ་ཏུ་མང་ཞིང་འགྲོ་བ་སེམས་ཅན་སོགས་ཀྱི་དད་རྟེན་དུ་གྲངས་མི་ཉུང་བ་ཞིག་ནང་གཞུག་ཏུ་ཕུལ་བ་དང་།

  སྐུ་གདུང་འདི་ཉིད་ལེགས་གྲུབ་བྱུང་བའི་རྒྱུ་གཙོ་བོ་ནི་མདོ་དབུ་ཁམས་གསུམ་གྱི་དད་ལྡན་སྦྱིན་བདག་རྣམས་ལ་ཞལ་འདེབས་སློང་བས། འབྱོར་དངུལ་དེ་དག་བདག་གིས་ཀྱང་སྦྲང་མས་རྩི་བསོགས་བཞིན་དུ་བསགས་ནས་གཅིག་ན་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེའི་བཀའ་དྲིན་བརྗེད་ཐབས་མེད་པ་དང་། གཉིས་ན་རང་གི་བསོད་ནམས་ཀྱི་ཚོགས་ཆེན་བསགས་ཕྱིར་དང་། གསུམ་ན་གྲྭ་སའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡར་འཕེལ་ཡོང་བ་དང་དགེ་སློང་རིན་པོ་ཆེའི་ཐུགས་དགོངས་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་སླད་དང་། ཁམས་གསུམ་གྱི་འགྲོ་བ་སེམས་ཅན་རྣམས་ཀྱི་ཚོགས་བསགས་སྒྲིབ་སྦྱོང་གི་དད་རྟེན་དུ་གྱུར་བའི་དོན་ཆེན་ཞིག་ཡིན་པར་རང་ངོས་ནས་ངོས་འཛིན་གནང་སྟེ་དཀའ་ངལ་དུ་མ་འཕྲག་ཏུ་བླངས་ནས་སྐུ་གདུང་འདི་ཉིད་ལེགས་གྲུབ་བྱུང་བ་འདི་ཡང་སྤྱིར་སྐྱབས་གནས་དཀོན་མཆོག་རྣམས་ཀྱི་བདེན་སྟོབས་དང་ཁྱད་པར་རྗེ་བླ་མའི་ཐུགས་རྗེ་དང་བྱིན་རླབས། ཡང་ཁྱད་གདན་ས་ཆེན་མོ་གཙོས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་སྲུང་དམ་ཅན་ཚོགས་ཀྱིས་སྡོང་གྲོགས་ལས་བོད་ཟླ་༡༡པའི་ཚེས་༥བཀྲ་ཤིས་པའི་ཉིན་མོར་སྐུ་གདུང་ལེགས་གྲུབ་འཇུག་མཐར་རྫོགས་པའི་རྟེན་འབྲེལ་གྱི་ཞི་བདེའི་དཔལ་འབར་འཛམ་གླིང་ཕྱོགས་སུ་ཁྱབ་པར་གྱུར་བའོ། །


༧རྩེ་དྲུག་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་མཆོག་ནས་རབ་ལེགས་གཡུང་དྲུང་གླིང་གི་འདུ་ཁང་ནང་ལ་གསར་དུ་བཞེངས་པའི་གཤེན་རབ་རྣམ་པར་རྒྱལ་བའི་སྐུ།

གཙོ་འགན་པ། ཨ་ དཔལ་བཟང་དང་།
བསྟན་འཛིན་གཡུང་དྲུང་། བཀྲ་ཤིས་སོ། །
སྤྱི་ལོ་༢༠༡༡ ལོར་ཟླ་ ༡ ཚེས་ ༩ ཉིན་ལེགས་གྲུབ་བྱུང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག