༄༅། །བལ་ཡུལ་དུ་ཡོད་པའི་གཡུང་དྲུང་བོན་གྱི་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དབུ་འཛིན་དང་སྨན་དགེ་ཆེན་མོ་རག་ཤི་ཚུལ་ཁྲིམས་སང་རྒྱས་མཆོག་ ༢༠༡༡ ཟླ་ ༡ ཚེས་ ༢༠ ཉིན་གྱི་སྔ་དྲོ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པས་ཁོང་གི་བཀའ་དྲིན་རྗེས་དྲན་ཆེད་མཛད་རྣམ་ཟུར་ཙམ་འགོད་པ་ལ།
ཐུན་མིན་བོན་གྱི་གསོ་རིག་ཉམས་མེད་འཛིན་པའི་འཚོ་མཛད་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་༼དགེ་དགེ་༽མཆོག་ནི་ཡབ་རག་ཤི་སྟག་རྒྱལ་དང་ཡུམ་སྐྱངས་སེ་བཟའ་བསོད་ནམས་ལྷ་གཡང་གཉིས་ཀྱི་སྲས་སུ་ ༡༩༤༠ ལོར་མདོ་ཁམས་ཁྱུང་པོ་སེར་ཚ་རུ་ཐར་འཁྲུངས་ཤིང། ཕ་མེས་རྒྱུད་པ་བཅས་གསོ་རིག་སྨན་གྱི་ཕྱག་ལེན་གནང་མཁན་ཡིན་པས་ཁོང་ལའང་དེ་བཞིན་བག་ཆགས་ཟབ་མོའི་མཐུ་ལྟས་ཀྱིས་ཆུང་ནས་གཞན་ཕན་ཆེ་བའི་ཁར། ཕ་མས་འབྲི་ཀློག་དང་གསོ་རིག་གི་རྨང་གཞིའི་ཤེས་བྱ་རྣམས་བསླབས་ཤིང་། དགུང་ལོ་དགུ་ལོན་ནས་ཁྱུང་པོའི་གྲུབ་ཆེན་རྣལ་འབྱོར་བཟོད་པ་རྒྱལ་མཚན་རིན་པོ་ཆེའི་མདུན་དུ་བོན་སྒོར་ཞུགས། དགུང་ལོ་བཅུ་གསུམ་ལོན་ནས་གསོ་རིག་མཁས་པ་ནག་ཤོད་ཤེས་རབ་བསྟན་འཛིན་དྲུང་ནས་གསོ་རིག་རྒྱུད་གཞུང་དང་མཐུན་པར་རྩ་ཆུ་ངོས་འཛིན་དང། ནད་ཀྱི་རྒྱུ་རྐྱེན། ནད་སྨན་བརྡ་སྤྲོད་སོགས་ལ་ཟབ་གནད་སྦྱངས། རྔ་ལ་སྐལ་བཟང་ནོར་བུ་དང་བར་ཐ་གཡུང་དྲུང་ལྷ་རྒྱལ་གཉིས་ཀྱི་དྲུང་ནས་སྨན་གྱི་རོ་ནུས་ཞུ་རྗེས་དང་སྨན་གྱི་སྦྱོར་སྡེབས་སོགས་ལ་གནད་ཁྲིད་ཉམས་མྱོང་དཔྱད་སྦྱངས་ཕུལ་ཕྱིན་གནང་། དེ་ནས་བླ་ཁྲི་ཚུལ་ཁྲིམས་ཉི་མའི་དྲུང་ནས་སྔོན་འགྲོ་དངོས་གཞི་ཚུལ་བཞིན་གསན་སྦྱངས་མཛད། དེའི་སྐབས་སུ་རང་དགོན་གཡུང་དྲུང་བསྟན་གྲགས་གླིང་དུ་ལོ་ལྔ་ཙམ་རིང་དགོན་པའི་ཞབས་ཞུ་གནང། ༡༩༦༠ ནས་བཟུང་ལོ་དགུའི་རིང་ལ་ཀྲུང་གོ་སྲིད་གཞུང་གི་སྨན་པའི་མིང་དང་བཅས་སྨན་ཁུག་རྒྱབ་ཏུ་ཁུར་ཏེ་ངལ་བ་ཁྱད་དུ་བསད་ནས་ཉིན་མཚན་ལྟོས་མེད་དུ་མི་མང་གི་ཞབས་ཞུའི་ཆེད་སྨན་པའི་ཕྱག་ལས་ཀྱི་བཀའ་དྲིན་བླ་ན་མེད་པར་བསྐྱངས། ༡༩༦༩ ལོར་རིག་གནས་གསར་བརྗེའི་རླུང་འཚུབ་ཀྱི་ཁྲོད་མི་ལོ་བཅུའི་རིང་བཙོན་འཇུག་བཀག་ཉར་དང་བསྒྱུར་བཀོད་སོགས་བྱས་ཤིང། དེའི་སྐབས་མཚན་མོར་གསང་བའི་ངང་ནས་རྩ་རྒྱུད་སྡོང་འགྲེམ་དང། བཤད་རྒྱུད་སྡོང་འགྲེམ། ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་བཅས་སྨན་དཔེ་རྩ་ཆེན་འགའ་ཞིག་ཟུར་བསྡུས་མཛད་ཐུབ་པ་བྱུང་འདུག ༡༩༧༩ ལོར་བཙོན་གྲོལ་ཐོབ་རྗེས་ཕ་ཡུལ་དུ་ངལ་གསོའི་ཚུལ་དུ་ལོ་གཉིས་ཙམ་བཞུགས་རིང་ལྐོག་ཏུ་དགེ་སྦྱོར་ཆག་མེད་དུ་བརྩོན་བཞིན་བཞུགས། དེ་རྗེས་ ༡༩༨༣ ལོ་མཇུག་བར་སླར་ཡང་སྲིད་གཞུང་གིས་སྨན་གྱི་གོ་བསྡུར་དང་རྒྱུགས་སྤྲོད་སོགས་བྱེད་དུ་བཅུག དེ་ནས་ཀོང་པོ་བོན་རི་དང་གངས་ཏི་སེ་སོགས་གནས་ཆེན་དུ་མ་ཞིག་ལ་གནས་སྐོར་ཕེབས་ཏེ་མཐར་རྒྱ་གར་དུ་འབྱོར་ནས་ཧི་མ་ཅལ་མངའ་ཁུལ་བོན་གཞིས་ཐོབ་རྒྱལ་གསར་པར་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་ཞལ་སྔ་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས། གྲུབ་དབང་རྣལ་འབྱོར་བརྩོན་འགྲུས་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་གདམས་ཞུས་ཏེ་བསགས་སྦྱངས་ཚུལ་བཞིན་མཛད། ༸སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དྲུང་ནས་དངོས་གཞིའི་སེམས་ཁྲིད་གསལ་འདེབས་དང། ཐོད་རྒལ་དང་འོད་གསལ་གྱི་ཁྲིད་གདམས་སྐོར། རྫོགས་པ་ཆེན་པོའི་དབང་ལུང་ཇི་སྙེད་གསན་སྦྱངས་མཛད། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མའི་དྲུང་ནས་རྩ་རླུང་འཁྲུལ་འཁོར་གསན་སྦྱངས་དང་ཉམས་ལེན་ཚུལ་བཞིན་མཛད། ༡༩༨༧ ལོར་བལ་ཡུལ་ནུབ་ཕྱོགས་ཌོར་ཐང་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་དབུ་བླ་བསོད་ནམས་རྒྱལ་མཚན་རིན་པོ་ཆེ་མཆོག་ཉིད་ལ་བབ་ལྕིའི་སྙུང་གཞི་བཞེས་པར་ཁོང་གི་བླ་སྨན་གྱི་ཆེད་དང། ལྷག་དོན་དུ་ཡུལ་ཕྱོགས་དེར་སྨན་པ་ཤིན་ཏུ་དཀོན་སྟབས་མི་མང་གི་བདེ་རྩ་བཅས་ཀྱི་ཆེད་དམིགས། ༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་བལ་ཡུལ་ནུབ་ཕྱོགས་ཌོར་ཐང་གཞིས་ཆགས་སུ་ཕེབས་བཞུགས་གནང། དེར་གསོ་རིག་ལག་བསྟར་འགོ་བརྩམས་སྐབས་མཐུན་རྐྱེན་རོགས་རམ་གང་ཡང་མེད་ནའང་སློབ་ཕྲུག་དུ་མ་ཞིག་ལ་མ་འོངས་པའི་སོན་རྩའི་ཆེད་དུ་གསོ་རིག་སློབ་ཁྲིད་གནང་རྒྱུར་སྟ་གོན་བཤམས་ཏེ། ཐོག་མར་ཡི་གེ་འབྲི་ཀློག་སོགས་ནས་སློབ་ཁྲིད་དབུ་བཙུགས། ༡༩༨༨ ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་༼སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་༽ཞེས་པ་ཞིག་དབུ་འཛུགས་གནང་ཐུབ་པ་བྱུང། ཕྱིས་སུ་གངས་ཅན་བདེ་རྩ་ཚོགས་པའི་རྒྱུད་ནས་ཕྱི་རྒྱལ་གྱིས་རོགས་སྐྱོར་གནང་བར་བརྟེན། ད་ལྟ་ཚང་མའི་མིག་སྔར་མངོན་པའི་སྨན་ཁང་དང། སྨན་གྱི་སློབ་ཁང། ནད་པའི་ཉལ་ཁང་སོགས་གསར་བཞེངས་གྲུབ་ནས་ད་ལྟའི་བར་སློབ་ཕྲུག་རྣམས་ལ་གསོ་རིག་སློབ་གཉེར་གྱི་ཡུན་ཚད་ལོ་དགུའི་སྦྱོང་ཚད་འཕར་རིམ་དང་བསྟུན་ནས་སྨན་གྱི་བསླབ་པ་མཐར་སོན་པ་དུ་མ་ཞིག་བྱུང་ཟིན་ལ། དེ་རྗེས་མུ་མཐུད་བསླབ་པ་མཐར་ཕྱིན་རྒྱུ་རྣམས་ལ་སློབ་ཁྲིད་གནང་ཞོར་དུ་མི་རིགས་རིས་མེད་ཀྱིས་སྨན་རིན་སྤྲོད་ཐུབ་མིན་ལ་མ་ལྟོས་པར་སྨན་སྦྱིན་བླ་མེད་དུ་བསྩལ་བ་དང། བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་གཙུག་ལག་ཁང་ཉམས་གསོའི་སྐབས་སུ་རྒྱུ་རྩོལ་ཕངས་མེད་ཀྱིས་མཐུན་སྦྱོར་གནང་བ་མ་ཟད། འཁོར་ཁང་ཉམས་གསོ་གསར་བཞེངས་མཛད་དེ། དགོན་དེར་ཉ་སྟོང་དུས་མཆོད་སོགས་ལ་ཚོགས་འབུལ་དང། དེའི་སྐབས་སུ་མི་མང་རྣམས་ལ་དགེ་སྦྱོར་གྱི་སྣ་འདྲེན་དང་བསྙེན་བཀུར་གྱི་འགྲོ་གྲོན་ཡང་ད་བར་གཏོང་གནང་མཛད། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་དེབ་སྐྱེལ་ཚོགས་མི་དང་བལ་ཡུལ་ནུབ་ཕྱོགས་ཀྱི་འབྲེལ་མཐུད་པ། བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་མང་པོར་མཉམ་ཞུགས་གནང་བ་མ་ཟད་འབུམ་བཞིའི་གལ་གནད་དང་ཉམས་མྱོང་དམར་ཁྲིད་སོགས་གནང།
གསོ་རིག་སྐོར་ལ་དགོས་མཁོ་ཆེ་བའི་རྩོམ་བྲིས་གནང་བ། ༡༽ ཉེས་པ་དངོས་སྟོན་བརྟག་པ་འཁྲུལ་བྲལ་མེ་ལོང་ཞེས་པ་དང། ༢༽ གསོ་རིག་འབུམ་བཞིའི་བསྡུས་དོན་སྡོང་འགྲེམ་མཐོང་གསལ་མེ་ལོང། ༣༽ ཐུགས་འབུམ་ནམ་མཁའ་སྔོན་པོའི་སྡོང་འགྲེམ་ཉི་མའི་ཐིག་ལེ། ༤༽ གསོ་རིག་སྨན་གྱི་ཁ་ཚར་འདོད་འཇོ་འཁྲི་ཤིང། ༥༽ གསོ་ཚུལ་སྙིང་བསྡུས་ནོར་བུའི་དོ་ཤལ། ༦༽ བོད་ཀྱི་གསོ་བ་རིག་པའི་མ་ཕྱི་འབུམ་བཞིའི་བྱུང་ཁུངས་དང་བརྒྱུད་རིམ་སྐོར་གྱི་དཔྱད་གཏམ། ༧༽ དཔྱད་འབུམ་ཁྲ་བོའི་རྩ་ཚིག་སྡོང་འགྲེམ། ༨༽ རང་བྱུང་ཆུ་ཚན་གྱི་ངོས་འཛིན། ༩༽ གྱུར་དུག་གི་མྱོང་བཅོས་སོགས་བརྩམས་བྲིས་གནང་བ་མ་ཟད།
༼སྔར་སྲོལ་བོད་ཀྱི་གསོ་རིག་འབུམ་བཞི་སོགས་ལས་གཅེས་པར་བཏུས་པའི་གལ་ཆེའི་གསོ་རིག་གནད་བསྡུས།༽ ཞེས་པའི་ཆེད་དེབ་དེ་ཉིད་པར་སྐྲུན་ཐེངས་གཉིས་གནང་ཞིང་བོད་ཕྱི་ནང་གང་སར་འགྲེམས་སྤེལ་བྱུང་ཡོད་པ་དང་དེ་དག་ནི་ཚིག་སྦྱོར་བདེ་ཞིང་གོ་སླ་དོན་ཟབ་ཅན་ཤ་སྟག་ཡིན། བོད་ཀྱི་གསོ་རིག་མ་ཕྱི་ཆེན་མོ་༼འབུམ་བཞི་༽གློག་ཀླད་འཕྲུལ་པར་བསྒྲིགས་རྗེས་པར་འདེབས་འགྲེམས་སྤེལ་གྱི་རྒྱུ་གྲོན་སྦྱར་གནང་མཛད།
གཞན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་སོགས་དཔོན་གསས་བླ་མ་རྣམས་ཀྱི་ཞལ་སྔ་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་དང་བཅས་པ་གསན་བཞེས་མཛད་པ་དང། ཐོས་དོན་རྒྱུད་ཐོག་ལ་འཁེལ་ཆེད་ཉིན་རེ་བཞིན་ཐུན་བཞིའི་རྣལ་འབྱོར་ལས་མ་གཡེལ་བར་དགེ་སྦྱོར་གཤའ་མ་རྒྱུན་སྐྱོང་གིས་སྐུ་ཚེ་མཐར་ཕྱིན་པ་ཞིག་ཡིན།
མདོར་ན་ཁོང་ནི་གཞན་ཕན་ལྷག་བསམ་གྱི་ཁུར་ཆེན་འཕྲག་ཏུ་བཞེས་ཤིང་སྔ་ཕྱི་བར་གསུམ་དུ་རིས་མེད་མི་མང་རྣམས་ལ་སྨན་སྦྱིན་དང། གཏོ་བཅོས་སྐུ་རིམ་སོགས་གང་ལ་གང་དགོས་ཀྱི་བཀའ་དྲིན་མཛད་རྗེས་ཅན་ཞིག་ཡིན་པ་བཅས་སོོ།།
སྤུ་རྒྱལ་བ་ཉི་མ་རྒྱལ་མཚན་གྱིས་བྲིས་གནང་བའི་རྣམ་ཐར་ལ་སྣོན་འཕྲི་ཅུང་ཟད་དང་བཅས་ཁྱུངཿསྨོན་ལམ་པས།