ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་རྒྱུགས་སྤྲོད།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་རྒྱུགས་སྤྲོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།] [ཟླ་ཚེས། 11-01-23] [ཀློག་གྲངས། ]

  ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་གྱི་རྒྱུགས་སྤྲོད་ཆེན་མོ།

སློབ་གཉེར་བ་ཀུན་རྒྱུགས་སྤྲོད་ཐང་དུ་དྲི་བར་ལན་འབྲི་བཞིན་པ། 

སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་རྒྱུགས་སྤྲོད་ལ་གཟིགས་བསྐོར་གནང་བཞིན་པ། 

སློབ་གཉེར་བ་རྣམས་ལོ་འཁོར་རྒྱུགས་སྤྲོད་ལ་དོ་སྣང་ཆེན་པོའི་སྒོ་ནས་ལན་འདེབས་པ། 

      མདོ་སྔགས་ཉི་ཟླ་ཤར་བའི་རི་རྩེར་ལེགས་བཤད་ལུང་རིག་སྒྲོགས་པའི་སྐྱེདཚལ་རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་གོང་མ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་(༣༠༠)ཉག་མ་(༢༧)བོད་རྒྱལ་ལོ་(༣༡༤༧)དང་སྤྱི་ལོ་(༢༠༡༡)ལོ་སྤྱི་ཟླ་(༡)པོའི་ཚེས་(༡༦)ནས་རྒྱུགས་སྤྲོད་ཆེན་མོའི་སྟ་གོན་དུ་གསང་གསུམ་བསྟན་པའི་བདག་ཉིད་སྨྲ་དབང་༸སྐྱབས་རྗེ་དཔོན་སློབ་་རིན་པོ་ཆེ་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་དང་གཞན་ཡང་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལོ་འཁོར་གྱི་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཤོག་བཟོ་བསྐྲུན་སོགས་སྔོན་འགྲོའི་ལས་བྱ་ཡོངས་སུ་གྲུབ་ནས། སྤྱི་ཟླ་(༡)པོའི་ཚེས(༢༡)དང་(༢༢)གི་ཞོགས་པ་འཁོར་དུས་(༨)དང་སྐར་ཆ་(༤༠)ཡི་ཐོག་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས༸་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་གྱི་མདུན་ཞོལ་ཡངས་ཤིང་རྒྱ་ཆེ་བའི་འཆམ་རའི་སྤང་ལྗོངས་གྱི་དཀྱིལ་དུ་ཡིག་ཚད་ལྟ་རྟོག་ཚོགས་པའི་བསྒྲིགས་བཀོད་ལྟར་བཞུགས་གྲལ་དུ་འཁོད་པ་དང་༸ཞྭ་དཀར་བསྟན་པའི་གཙུག་རྒྱན༸་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་འཁོར་དུས་(༩)པར་དངོས་གཞིའི་ཡིག་ཚད་ཀྱི་དབུ་འཛུགས་གནང་སྟེ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལོ་རིམ་ཁག་གི་རྒྱུགས་ཤོག་རྣམས་སློབ་གཉེར་བའི་ཕྱག་ཏུ་བཀྲམ་ནས་སློབ་གཉེར་བ་རྣམས་ཀྱིས་རྣམ་དཔྱོད་ཅང་ཤེས་ཀྱི་རྟ་ཕོ་སོར་མོའི་འདུ་བྱེད་དང་འགྲོག་སྟེ་ཡངས་པའི་ཤོག་དཀར་གྱི་ཐོག་ཏུ་བང་རྩལ་འགྲན་པའི་སྦྱང་བྱའི་གཞུང་ཆེན་ཁག་ལ་རྩོམ་པ་བོན་གྱི་འཁོར་ལོ་སྤྱན་ལམ་དུ་བསྟར་ཏེ་ཕྱི་ཚེས་ཉི་ཤུ་གཅིག་དང་གཉིས་ཀྱི་ཉིན་གུང་ཕྱག་ཚོད་་བཅུ་གཉིས་ཟིན་པ་དང་སློབ་གཉེར་བ་རྣམས་ཀྱིས་རྒྱལ་ཁའི་ངང་རྒྱུགས་སྤྲོད་ཆེན་མོའི་འཇུག་ཡོངས་སུ་གྲུབ་པ་བཅས་སོ།།    སློབ་གཉེར་བ་རྣམས་ཀྱིས་རང་རང་གི་རྒྱུགས་གཞིའི་དྲི་བར་ལན་བསྐྱོན་བཞི ༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ལོ་འཁོར་ཡིག་རྒྱུགས་ཆེན་མོར་གཟིགས་རྟོགས་གནང་བཞིན་པ་སྨན་རིའི་གཙུག་ལག་ཁང་ཆེན་གྱི་ཡོང་ཐོག་ནས་བལྟས་པའི ༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སློབ་གཉེར་བ་རྣམས་ལ་རྒྱུགས་སྤྲོད་སྐབས་ལེགས་ཉེས་བླང་དོར་བཀའ་སློབ་ལམ་སྟོན་གནང་བར་ཕེབས་བཞིན་པ།

        སློབ་གཉེར་སོ་སོའི་ངག་རྒྱུགས་ཀྱི་རྒྱུགས་སྤྲོད་སྐོར། ལོ་རིམ་དང་པོའི་ངག་རྒྱུགས། ཐུན་མོང་སྡུད་གྲྭའི་རྣམ་བཤད་སྤྱིར་བསྟན་ནང་གི་མཚན་ཉིད་ཉིན་བརྒྱ་ཉེར་ལྔ་དང་རིག་ལམ་ཆེ་འབྲིང་ཆུང་གསུམ་སོ་སོའི་ས་བཅད་དང་བསྡོམ་ཚིག་གོ། ལོ་རིམ་གཉིས་པ། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་། ལོ་རིམ་གསུམ་པ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད། ལོ་རིམ་བཞི་པ་དང་ལྔ་པ་དྲུག་པ་བཅས། ས་ལམ་འཕྲུལ་གྱི་སྒྲོན་མེའི་གཞུང་། ལོ་རིམ་བདུན་པ། ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་གཞུང་། ལོ་རིམ་བརྒྱད་པ། སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན། ལོ་རིམ་དགུ་པ། སོ་སོ་ཐར་བའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན། ལོ་རིམ་བཅུ་པ་དང་བཅུ་གཅིག་གཉིས་ལ། གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་གི་གཞུང་། ལོ་རིམ་བཅུ་གཉིས་དང་བཅུ་གསུམ་གཉིས་ལ། སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་བཅས་ངག་རྒྱུགས་འབུལ་བཞེས་དགོས།

       འབྲི་རྒྱུགས་ཀྱི་རྒྱུགས་སྤྲོད་སྐོར། ལོ་རིམ་དང་པོའི་འབྲི་རྒྱུགས། ཐུན་མོང་བསྡུས་གྲྭའི་སྤྱིར་བསྟན་དང་རིག་ལམ་ཆེ་འབྲིང་ཆུང་གསུམ་གྱི་རྣམ་བཞག་བཅས་དང་ལོ་རིམ་གཉིས་པ། བློ་རིག་ཚད་མ་རྣམ་འབྱེད་ཀྱི་རང་འགྲེལ་ལེའུ་དང་པོ་དང་གཉིས་པ། རྟགས་རིག་ཚད་མ་རྣམ་འབྱེད་ཀྱི་ལེའུ་གསུམ་པ། ལོ་རིམ་གསུམ་པ། ཐེག་འགྲེལ་མེ་ལོང་དགུ་སྐོར་དང་། ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ལོ་རིམ་བཞི་པ། ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ། ལོ་རིམ་ལྔ་པ། ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ། ལོ་རིམ་དྲུག་པ། ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་གཉིས་པ་དང་བཞི་པ། ལོ་རིམ་བདུན་པ། ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་འགྲེལ་བ། ལོ་རིམ་བརྒྱད་པ། སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། ལོ་རིམ་དགུ་པ། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། ལོ་རིམ་བཅུ་པ་དང་བཅུ་གཅིག་གཉིས་ལ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་ལས་སྔགས་ཀྱི་རྒྱུད་སྡེ་བཞི་དང་། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། མ་རྒྱུད་ཐབས་དྲུག་ལམ་ཁྱེར། ལོ་རིམ་བཅུ་གཉིས་དང་བཅུ་གསུམ་གཉིས་ལ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས་རྫོགས་ཆེན་གྱི་སྐོར་དང་། ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིག་དྲི་མེད་གསལ་སྒྲོན། སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་འགྲེལ་བ། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་བཅས་རྒྱུགས་སྤྲོད་གཏོང་དགོས། 

      རིག་གནས་ཀྱི་རྒྱུགས་སྤྲོད་སྐོར། མིང་གཞི་དང་སུམ་རྟགས་སྒྲ་སྙན་ངག་རྩིས་དཀར་ནག་སྨན་དཔྱད་དཀྱིལ་འཁོར་ཐིག་ཚོན་སྐུ་གདུང་ཐིག་རྩ་གཟུངས་གཞུག་འབུལ་སྟངས་བཅས་སྐབས་ཐོབ་ལོ་རིམ་དང་བསྟུན་རྒྱུགས་འབུལ་བྱ་དགོས།

      ལོ་འཁོར་ཡིག་རྒྱུགས་ཀྱི་ཚང་དགོས་པའི་ཆ་རྐྱེན་སྐོར།   སློབ་གཉེར་བ་སུ་ཡིན་རུང་དཔེ་ཁྲིད་ཉིན་གྲངས་བརྒྱ་ཆ་(༧༠)དང་འཆད་རར་ཉིན་གྲངས་བརྒྱ་ཆ་(༧༠)ལོ་འཁོར་མའི་ནང་སྔོན་འགྲོ་དང་དངོས་གཞི་གཉིས་བསྡོམ་དམ་བཅའ་དྲུག་ལས་མ་ཆད་པ་ངེས་པར་དུ་འབྱོར་དགོས།

       རྒྱུགས་སྤྲོད་གནང་ཕྱོགས་སྐོར།  ངག་རྒྱུགས་ནི་ལོ་རིམ་སོ་སོའི་རྩ་གཞུང་ཁག་ནས་དྲི་ཤོག་སྟེང་འཁོད་པའི་དྲི་བ་བརྒྱད་ལས་ལྔ་ལ་ལན་ངག་ཐོག་ནས་ཆད་ལྷག་མེད་པར་འབྲི་དགོས། འབྲི་རྒྱུགས་ནི་ལོ་རིམ་སོ་སོའི་གཏན་འབེབས་ཀྱི་གཞུང་ཁྲིད་ཁག་ནས་རྒྱུགས་ཤོག་ཏུ་འཁོད་པའི་དྲི་བ་བརྒྱད་ལས་ལྔ་ལ་ལན་འབྲི་དགོས། 

       ཡིག་ཚད་ཀྱི་བརྒྱ་ཆ་དང་ལོ་རིམ་འཕར་ཕྱོགས་སྐོར།  ངག་རྒྱུགས་ལ་ཨང་ཐོབ་(༥༠)འབྲི་རྒྱུགས་ལ་(༥༠)རིག་གནས་ལ་(༤༠)བཅས་ངེས་པར་དུ་ལོན་དགོས། ལོ་རིམ་འཕར་ཕྱོགས་ནི་གོང་གི་ངག་རྒྱུགས་དང་འབྲི་རྒྱུགས་རྩོད་རྒྱུགས་རིག་གནས་བཅས་ཀྱི་ཨང་ཐོབ་ཆ་ཚང་ལོན་པ་མ་ཟད་ལོ་འཁོར་མའི་ནང་སྔོན་འགྲོ་དངོས་གཞི་གཉིས་བསྡོམ་གྱི་དམ་བཅའ་དྲུག་ལས་མང་བ་མ་ཆད་པ་དང་འཆད་ར་དང་དཔེ་ཁྲིད་གཉིས་སོ་སོ་ནས་བརྒྱ་ཆ་(༧༠)བཅས་ལོན་ན་ལོ་རིམ་གོང་འོག་འཕར་ཆོག་པ་ཡིན། དེ་ལྟར་གང་རུང་ཞིག་མ་ལོན་ཚེ་ཡིག་རྒྱུགས་མ་འཁྲོད་པའི་ངོས་འཛིན་གནང་སྟེ་རང་གནས་སུ་བཞུགས་རྒྱུ་ལས་ལོ་རིམ་གོང་འོག་འཕར་མི་ཆོག་པ་བཅས། ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་གོང་མ༸་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་༸བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ངོ་སྤྲོད་རགས་བསྡུས་སུ་བཀོད་པའོ། །ཐ་ཚན་མུ་ཙུག་སྨར་རོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག