ལོ་གསར་ཚེས་གསུམ་རི་བསང་ལྷ་གསོལ།
ལོ་ལྟར་བོད་ཀྱི་སྲོལ་རྒྱུན་ལོ་གསར་སྐབས་ཚེས་གཅིག་ནང་མི་ལྷན་འཛོམས་ཀྱི་སྤྲོ་སྐྱིད་དང་། ཚེས་གཉིས་གཉེན་ཉེ་ཕན་ཚུན་མགྲོན་འབོད་དང་། ཚེས་གསུམ་རི་བསང་ལྷ་གསོལ་གྱི་མཛད་སྒོ་དེ་ནི་སྲོལ་རྒྱུན་གྱི་གོམ་གཤིས་ཞིག་ཡིན་པར་བརྟེན། འདི་ལོའི་བོད་ལྕགས་ཡོས་ཀྱི་ལོ་གསར་ཚེས་གསུམ་ཉིན་གྲུབ་མཐའ་དང་དགོན་སྡེ་ཁག་གི་རི་བསང་ལྷ་གསོལ་གྱི་མཛད་སྒོ་སྤེལ་ཡུལ་སོ་སོའི་ཆོས་ལུགས་ལོ་རྒྱུས་དང་འབྲེལ་བའི་ཆ་ནས་ས་གནས་གཅིག་ལ་སྤེལ་བའི་ངེས་པ་མེད། གཙོ་བོར་སོ་སོའི་གོམས་གཤིས་དང་འབྲེལ་བའི་ཆ་ནས་འཛིན་ལ། ས་གནས་ཁ་ཤས་མཉམ་འཛོམས་ཀྱི་རི་བསང་ལྷ་གསོལ་གྱི་སྤེལ་གྱི་ཡོད། འདི་ལོར་ལྷ་སར་ཆ་མཚོན་ན་གཡུང་དྲུང་བོན་ལུགས་འཛིན་པའི་དད་ལྡན་མང་ཚོགས་རྣམས་དུས་ཡུན་རིང་བའི་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་ལོ་ལྟར་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་གསང་གསུམ་བོན་གྱི་མངའ་བདག རིག་འཛིན་ལི་ཤུ་སྟག་རིང་གི་བསྒྲུབ་གནས། ལྷ་སའི་ནུབ་ཕྱོགས། འབྲས་སྤུངས་དགོན་པའི་མར་ངོས་སུ་ཡོད་པའི་ཤེལ་གྱི་བྲག་དཀར་རྩེ་རྫོང་དང་། ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཞང་སྟོན་གྲོང་ཚོ་ལ་གནས་པའི་འབྲི་ལུང་དགོན་པའི་ཞིག་ཤུལ་སར། བོན་གྱི་བསྟན་སྲུང་གཙོ་མོ་སྲིད་པའི་རྒྱལ་མོའི་ལྷ་ཁང་སར་མདོ་དབུས་ཁམས་གསུམ་གྱི་བོན་གྱི་བླ་སྤྲུལ་དགེ་བཤེས་དང་དད་ལྡན་མང་ཚོགས་ཀུན་རི་བསང་ལྷ་གསོལ་དང་འབྲེལ་བའི་ཞོག་པ་ཆུ་ཚོད་དགུ་པ་ནས་བླ་གྲྭ་རྣམས་འཛོམས་ཏེ་བསང་གསོལ་རྒྱས་པ་གསུངས་པ་དང་། མང་ཚོགས་རྣམས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕྱག་འཚལ་མཆོད་འབུལ་དང་། ཀི་བསྭོ་ལྷ་འབོད། ཀླུང་རྟ་དང་དར་ལྕོགས་སོགས་སོ་སོའི་རེ་སྨོན་དང་བསྟུན་པའི། སྔ་བཅོལ་ལས་ཀྱི་གཏང་རག ད་བཅོལ་ལས་ཀྱི་བསྐུལ་མ། ཕྱི་བཅོལ་ལས་ཀྱི་ནན་ཏན་གསོལ་བའི་ཀི་བསྭོ་ལྷ་འབོད་བྱེད་སྲོལ་མཆིས། དེ་རིང་གི་རི་བསང་ལྷ་གསོལ་སྐབས་ཆེད་དུ་ཕེབས་པའི་རྒྱལ་བ་གཤེན་གྱི་གདུང་སྲས་མཆོག་སྤྲུལ་རྣམ་གཉིས་དང་། གསང་གསུམ་དགོངས་དཔྱོད་ནོར་བུའི་གཏེར་འཛིན་མཚན་ཡོངས་གྲགས་དྭང་ར་བླ་ཆུང་ཤེལ་ཞིག་ཀུན་བཟང་བསྟན་འཛིན། སོག་སྡེ་བསྟན་པའི་ཉི་མ། སྤ་དགོན་དབུ་བླ་བསྟན་པ་ཉི་མ། རག་ཤི་ཀུན་གསལ་སྙིང་པོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་བླ་སྤྲུལ་དགེ་བཤེས་དུ་མ་དང་། གཞན་ཡང་མདོ་དབུས་ཁམས་གསུམ་གྱི་བོན་གྱི་དད་ལྡན་མང་ཚོགས་སྔ་དྲོར་བསང་གསོལ་གྱི་མཛད་སྒོ་ཁག་གཉིས་གྲུབ་རྗེས་འདུས་སྡོད་ཁུལ་སོ་སོ་བྱས་ནས་ཟས་སྣ་ཕུན་སུམ་ཚོགས་པ་དང་། བཏུང་བྱ་རིགས་འདྲ་མིན་གྱི་གསོལ་སྟོན་བཤམས་ནས་སྐྱ་སེར་ཀུན་དགའ་སྐྱིད་ཀྱི་གླིང་ཁ་བཏང་ཞིང་། ཚང་མ་སྤྲོ་སྐྱིད་ཀྱི་འཛུམས་མདངས་དང་། ཕན་ཚུན་སེམས་ཐག་ཉེ་བའི་མཐུན་འབྲེལ་གྱི་གསོལ་སྟོན་འབུལ་རེས་དང་། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱིས་མཐར་བརྒྱན་ཏེ་མཛད་སྒོ་ལེགས་པར་གྲུབ་པའོ། །
མཁས་གྲུབ་ལི་ཤུ་སྟག་རིང་གི་བསྒྲུབ་གནས་ཤེལ་གྱི་བྲག་དཀར་རྩེ་རྫོང་།
བྲག་དཀར་རྩེ་རྫོང་རི་འདབས་སུ་རི་བསང་ཀླུང་རྟའི་བརྗིད་ཉམས།
རྒྱལ་བ་གཤེན་གྱི་གདུང་སྲས་མཆོག་སྤྲུལ་རྣམ་གཉིས་དང་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་བཅས།
དར་ཚོན་སྣ་ལྔས་བརྒྱན་པའི་རི་འདབས་ཀྱི་དར་ཕུང་ཚོ་གཅིག
དར་ཚོན་སྣ་ལྔས་བརྒྱན་པའི་རི་འདབས་ཀྱི་དར་ཕུང་ཟུར་གཅིག