ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧ རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་སྟོན།
༧ རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་སྟོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་དང་ཁྲི་གཡུང་དྲུང་།] [ཟླ་ཚེས། 11-03-09] [ཀློག་གྲངས། ]

༧སྨན་རི་གླིང་གི་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་དུས་ཆེན།

གྲྭ་ཚང་སེར་ཕྲེང་ལ་ཕེབས་བཞིན་པ།

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱུང་ལྡན་ ༣༠༡ གི་ལྕགས་ཡོས་བོད་ཟླ་དང་པོའི་ཚེས་བཞི་དང་ལྔ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༨དང་༩ཉིན། གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༥༥འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་འཆར་ཅན་ལྟར་ཚོགས་ཡོད་པ་རེད།
ཐོག་མར་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཐོ་རངས་ཕྱག་ཚོད་ལྔ་པའི་ཐོག་གཙུག་ལག་ཁང་གི་ཡང་ཐོག་ནས་བཞེངས་བརྡ་བཏང་སྟེ་གྲྭ་ཚང་འདུས་མང་སྨན་རིའི་གླིང་གི་དབུས་གཙུག་ལག་ཁང་དུ་ཚོགས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེ་ནས་བདེར་བར་གཤེགས་པ་སྟོང་གི་མཚན་སོགས་བརྗོད་དེ་དགོང་དྲོར་བཀའ་སྐྱོང་དམར་ལམ་སོགས་གསུངས་ནས་ཚོགས་གྲོལ་བ་དང་། ཕྱི་ཉིན་ཚེས་ལྔ་ཉིན་ཡང་སྔར་ཉིན་ལྟར་ཚོགས་ནས་ཞོགས་པའི་ཕྱག་ཚོད་བརྒྱད་པའི་སྟེང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གཙོས་གྲྭ་ཚང་འདུས་མང་ནས་དགོན་པའི་དར་མོ་ཆེ་བསླངས་ནས་རབ་གནས་བསང་གསོལ་དང་ལྷ་རྒྱལ་བཅས་གསོལ་བ་དང་། དེ་ནས་འཆར་ཅན་ལྟར་རྣམ་དག་འདུལ་བའི་གསོ་སྦྱོང་གྱེར་གདངས་དང་བཅས་ནས་གསུངས་གྲུབ་རྗེས་ཕྱི་སྐོར་སེར་འཕྲེང་ལ་ཕེབས་ནས་ཕྱིར་གཙུག་ལག་ཁང་གི་སྒོ་འཁྱམས་སུ་གཤེན་རབ་མཆོད་ལྔ་བརྡུངས་ནས་འཇུག་སོགས་གྲུབ་མཚམས། གྲྭ་ཚང་ལྷན་རྒྱས་འཆད་ར་ལ་ཕེབས་ནས་རྟགས་གསལ་བཏང་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།
ཕྱི་དྲོར་ཡང་ཨ་རྫོགས་སྙན་གསུམ་སོགས་གྱེར་མཚམས་གྲྭ་ཚང་གཉེར་པ་ལགས་ནས་སྨན་རིའི་བཅའ་ཡིག་ཆེན་མོ་ཚོགས་དབུས་སུ་བཏོན་གྲུབ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བཅའ་ཡིག་ཆེན་མོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་། དགུང་དྲོར་མར་མེ་གླིང་སྒྲོན་དང་གཤེན་རབ་མཆོད་རྔ་༧རྗེ་མཉམ་མེད་བླ་མའི་གསེར་སྐུ་ལ་མཇལ་ཁ་ཞུས་ནས་འཇུག་ཏུ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་འཇུག་ཡོངས་སུ་བསྡུས་པ་བཅས་ཀྱི་གནས་ཚུལ་བསྡུས་པ་ཙམ་དུ། །


༧རྒྱལ་བ་སྨན་རི་བ་མཆོག་སེར་འཕྲེང་ལ་ཕེབས་གནང་བཞིན་པ།

རྣམ་དག་འདུལ་བའི་གསོ་སྦྱོང་གསུངས་བཞིན་པ།


གྲྭ་ཚང་འདུས་མང་ནས་རྣམ་དག་འདུལ་བའི་གསོ་སྦྱོང་ལས་འདུལ་བརྒྱུད་ཕྱག་གསུངས་བཞིན་པ།

གྲྭ་ཚང་འདུས་བ་རྒྱ་མཚོ་རྗེ་མཉམ་མེད་བླ་མའི་དུས་ཆེན་ལ་ཚོགས་པ།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་༧མཉམ་མེད་ཆེན་པོའི་འཁྲུངས་མཆོད་འཚོགས་པ།
 སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།

ནང་བསྟན་སློབ་གླིང་དུ་ཡོད་པའི༧རྗེ་མཉམ་མེད་ཀྱི་སྐུ་ཐང་།

མཆོད་སྟེགས།

ནང་བསྟན་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་༧མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་འབུལ་བཞིན་པ།
ཀ་དག་ཡེ་སྟོང་སྤྲོས་བྲལ་ཀུན་གཞི།
མ་བཅོས་ཡེངས་མེད་སྐྱོང་བའི་ལམ་མཆོག
འབྲས་བུ་ལྷུན་གྲུབ་མཐར་ཕྱིན་སྐུ་གསུམ།
སྙིགས་དུས་སངས་རྒྱས་གཉིས་པ་བསྟན་པ།
མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།
གསོལ་འདེབས་ཐུགས་རྗེས་མྱུར་གཟིགས་ལས་ཟུར་དུ་བཏོན།།

མཆོད་མེ་སྟོང་ཕྲག་ལྷག་གིས་བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་རྟགས་༧གཡུང་དྲུང་ཆག་ཤིང་དང་། བོན། དེ་བཞིན་ཟླ་༡བོའི་ཚེས༥་ཞེས་སོགས་ཀྱིས་མཚན་ཏེ་མཆོད་པ་ཕུལ་བ།

དགེ་སློབ་ཚང་མས་༧རྗེ་བླ་མར་ཕྱི་ནང་གསང་བའི་སྒོ་ནས་མན་འདལ་ཕུལ་བཞིན་པ།

མར་མེ་སྟོང་མཆོད།

བརྡ་རྟགས་གཡུང་དྲུང་ཆག་ཤིང་།

 འབྱུང་ལྡན་༣༠༡དང་སྤྱི་ལོ་༢༠༡༡ལོའི་བོད་ཟླ་༡ཚེས་༥ཉིན་༧དཔལ་རྒྱལ་བ་སྨན་རི་བ་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཁྱད་པར་ཅན་འདི་ཉིད་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཞི་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་འབྲིང་རམས་རབ་འབྱམས་པའི་འཛིན་གྲྭའི་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ནས་འདི་ག་སློབ་གླིང་གི་ལས་དོན་ཁྲུའུ་གོ་བསྒྲིག་འོག་དངོས་སུ་འཚོགས་པ་རེད།
ཚེས་ལྔའི་ཞོགས་པར་དགེ་སློབ་ལྷན་རྒྱས་ནས་ཀུན་བཟང་རྒྱལ་བར་མཉེས་པའི་མཆོད་སྤྲིན་གྱི་དོད་དུ་མཉམ་མེད་ནང་སྒྲུབ་གྱི་ཚོགས་འཁོར་རྒྱས་འབུལ་བྱས་པ་དང་འབྲེལ་རྒྱལ་ས་པེ་ཅིང་དུ་རྗེ་རིན་པོ་ཆེའི་འཁྲུངས་མཆོད་དགྱེས་སྟོན་ལྷན་འཛོམས་ཉིན་མོ་འདི་ཉིད་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་པ་ཞིག་ངེས་པའི་རྟེན་འབྲེལ་བཟང་པོ་དང་འབྲེལ་ཏེ། ཁྱུང་པོ་ཀོ་དགོན་བླ་མ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་ནས་ཕྱག་ཟུང་འདབས་མ་ལྷུག་པོར་གྲོལ་ནས་དགེ་སློབ་ལྷན་རྒྱས་ལ་རྟེན་འབྲེལ་ལྷ་རྫས་ཀྱི་མཚོན་བྱེད་དུ་ཀྲུང་སྒོར་༥༠རེ་ཕུལ་བ་དང་།དགོང་མོའི་ཆུ་ཚོད་༨པའི་ཐོག་དགེ་སློབ་ལྷན་རྒྱས་ནས། བསོད་ནམས་ཚོགས་བསགས་དང་འབྲེལ་ཏེ་མ་རིག་མུན་སེལ་གི་འོད་སྣང་མཆོད་མེ་སྟོང་ལྷག་སྒྲོན་པ་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བརྡའ་རྟགས་འགྱུར་བ་མེད་པའི་གཡུང་དྲུང་ཆགས་ཤིང་དང་བོན་སོགས་རྟེན་འབྲེལ་གྱི་རི་མོ་འོད་འཚེར་བ་མཆོད་སྤྲིན་ཟབ་རྒྱས་ཕུལ་བ་དང་། མཇུག་ཏུ་དགེ་སློབ་ལྷན་རྒྱས་ནས་མི་ཕྱེད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ། སྤྱིར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་ཡང་སྒོས་སུ་༧རྗེ་རྒྱལ་བ་མཉམ་མེད་བླ་མའི་བསྟན་པ་འདི་ཉིད་ཡངས་པའི་ཁམས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་གསོལ་འདེབས་དང་སྨོན་ལམ་སོགས་དབྱངས་སུ་གྱེར་བ་དང་། ལྷག་པར་དུ་སྐབས་བཞི་པའི་འབྲིང་རམས་པའི་དགེ་སློབ་ལྷན་རྒྱས་རྣམས་ཀྱི་ཉེར་འཚེའི་ཕྱི་ནང་བར་ཆོད་ཐམས་ཆད་ཐམས་ཅད་མིང་མེད་དུ་ཞི་ཞིང་། ཁ་དགེ་བཀྲིས་ངང་སློབ་སྦྱོང་ཡར་རྒྱས་དང་༧མཉམ་མེད་བླ་མའི་ཐུགས་རྗེའི་གུར་ཁང་དབྱིངས་ནས་མི་འདོར་བའི་སྐྱབས་འཇུག་གསོལ་བ་ལན་བརྒྱར་བཏབས་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག