ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཕྱོགས་སོ་སོ་ནས་སྟོན་པའི་འཁྲུངས་མཆོད་ཆེན་མོ་འཚོགས་པ།
ཕྱོགས་སོ་སོ་ནས་སྟོན་པའི་འཁྲུངས་མཆོད་ཆེན་མོ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ དཔལ་བཟང་དང་ཁྱུང་རང་གྲོལ།] [ཟླ་ཚེས། 11-03-19] [ཀློག་གྲངས། ]

གདན་ས་ཆེན་མོ༧རབ་ལེགས་གཡུང་དྲུང་གླིང་གི་སྟོན་པའི་འཁྲུངས་མཆོད་ཆེན་མོ།
ཨ་དཔལ་བཟང་།

སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་རྟེན།


རབ་ལེགས་གཡུང་དྲུང་གླིང་གི་མཁན་སློབ་རྣམ་གཉིས།



མཁན་སློབ་གཙོས་པའི་གྲྭ་མང་རྣམས་གསེར་ཕྲེང་ལ་ཕེབས་བཞིན་པ།
ཨེ་མ་ཧོ། སངས་རྒྱས་བསྟན་པའི་མངའ་བདག་གསེར་མདོག་འཆང་།
མཚན་དཔེ་གཟི་འབར་བརྒྱད་ཁྲི་བོན་འཁོར་བསྐོར།
ལོག་ལྟའི་དཔུང་འཇོམས་འགྲོ་བའི་སྐྱབས་གཅིག་པུ།
རྒྱལ་བ་གཤེན་རབ་མཆོག་ལ་གསོལ་བ་འདེབས།

༧ རྣམ་འདྲེན་བརྒྱད་པ༧རྒྱལ་བ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་སྐུ་མཆོག་མངོན་པ་བལྟམས་ནས་མི་ལོ༼༡༨༠༢༨༽འཁོར། དུས་མཆོད་ཆེན་པོ་བོད་ཟླ་༼༡༽ཚེ་༼༡༥༽ཉིན་གདན་ས་ཆེན་པོ་རབ་ལེགས་གཡུང་དྲུང་གླིང་གི་མཁན་སློབ་རྣམ་གཉིས་དང་གྲྭ་དམངས་རྣམས་འཁྲུངས་མཆོད་འཚོགས་པ་རེད།

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་རྒྱལ་བ་སྨན་རི་དགོན་དུ་རྣམ་མཁྱེན་སྟོན་པ་རྒྱལ་གཤེན་རབ་མི་བོའི་འཁྲུངས་མཆོད་ཚོགས་པ།
ཁྲི་གཡུང་དྲུང་།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་མཆོག་གིས་གཙོས་གཤེན་རབ་སྟོན་པའི་སྐུ་བརྙན་ལ་མཇལ་བཞིན་པ།






དགེ་འདུན་མང་ཚོག་ཀྱིས་སྨོན་ལམ་འདེབས་བཞིན་པ།

གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨དང་༡༩ཉིན། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྣམ་འདྲེན་བརྒྱད་པ་གཤེན་རབ་མི་བོ་སྐུ་བལྟམས་ནས་མི་ལོ་༡༨༠༢༨འཁོར་བའི་དུས་ཆེན་ཁྱད་པར་ཅན་དེར་ཚོགས་ཡོད་པ་རེད།
 དང་པོ་ཚེས་བཅུ་བཞི་ཉིན་རྣམ་དག་དགེ་སྤྱོད་ཀྱི་གཞུང་གྲངས་བསགས་པ་དང་། ཚེས་བཅོ་ལྔའི་ཞོགས་པ་ནམ་ལངས་ཡོས་ཀྱི་ཆུ་ཚོད་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་རྣམ་དག་འདུལ་བའི་གསོ་སྦྱོང་ལ་ཚོགས་པ་དང་། དེ་ནས་ཕྱེད་ཡོལ་བར་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་ཚུལ་ལ་རབ་ཏུ་གནས་ཏེ་གཤེགས་བསྐྱོད་བཀྲ་ཤིས་ཀྱི་ཆོ་ག་གྲུབ་ནས་ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོའི་མདོ་སོགས་གསུངས། ཕྱེད་ཡོལ་གྲྭ་ཚང་སེར་འཕྲེང་ལ་ཕེབས་མཚམས་ཁྲུས་གསོལ་དང་ལན་ཆགས་གླུད་གཏོར་བཏང་ཞིང་དགེ་སྤྱོད་གཞུང་གི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་མཛད། དགོང་དྲོར་བོན་གཞིས་སྐྱ་སེར་མང་ཚོགས་རྣམས་ྋདཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་མདུན་ཐང་དུ་འདུ་ཚོགས་གནང་སྟེ། སྣང་སྲིད་གསལ་བའི་མར་མེ་བསྣམས་གླིང་བསྐོར་དུ་ཕེབས། དེ་མཚམས་སྟོན་པ་བླ་ན་མེད་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་ཞུས་ཏེ་བོན་བསྟན་རྒྱས་པའི་སྨོན་ལམ་གསུངས་ནས་མཛད་སྒོ་འཇུག་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ།།

༄༅།། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བོན་པོ་དགེ་སློབ་ཡོངས་ནས༧སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་མཆོད་ཆེན་མོ་འཚོགས་པ།
ཁྱུང་རང་གྲོལ།

གཤེན་རབ་སྤངས་རྟོགས་མཐར་ཕྱིན་བདེར་བར་གཤེགས།།
གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱངས།།
འོག་མིན་གནས་སུ་མངོན་པར་སངས་རྒྱས་ནས།།
འགྲོ་ལ་རྣམ་བརྩེ་རྒྱལ་བ་མི་ལུས་བཞེས།།
རྣམ་པར་བཞེས་པ་ཁྱོད་ལ་ཕྱག་འཚལ་ལོ།།

མདོ་བསྡུས་ཚིགས་བཅད་ལས་བཏུས་པའོ།།


མར་མེ་བརྒྱ་ཕྲག་དུ་མ་ཕུལ་བ།


དགེ་སློབ་རྣམས་ཚོགས་འཚོགས་བཞིན་པ།

༧སངས་རྒྱས་གཡུང་དྲུང་བོན་གྱི་སྟོན་པ་ཆེན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྔོན་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང་ཐབས་ཤེས་ཟུང་དུ་སྦྲེལ་ནས་། ཚེ་ལོ་བརྒྱ་པའི་དུས་འདིར་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་མཆོག་གི་སྤྲུལ་སྐུར་བཞེངས་པ་དང་། ཁམས་གོང་མ་ནས་རིམ་པར་བྱོན་ཏེ་། གཡེན་ཁམས་རྣམས་བདེ་ལ་བཀོད་པ་དང་། རི་རབ་ཀྱི་རྩེ་མོ་རྩ་གསུམ་གནས་སུ་བྱོན་ནས་ལྷ་མཐུ་རྩལ་ཅན་རྣམས་དམ་ལ་བཏགས་ཏེ་བཀའ་སྲུང་དུ་བསྐོས། རི་རབ་ལྷུན་པོའི་ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོའི་ཕོ་བྲང་ཛྰ་རན་དྷ་ཡི་རྩེ་མོར་བྱོན་ནས་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་པ་དང་འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅིག་ཏུ་སྤྲུལ་ཏེ། ལྷོ་འཛམ་བུ་གླིང་གི་མིག རྟག་གཟིགས་བོན་གྱི་འབྱུང་གནས། གནས་མཆོག་དམ་པ་འོལ་མོ་ལུང་རིང་གི་དབུས། གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་གྱི་དཀྱིལ། གསས་མཁར་བར་པོ་སོ་བརྒྱད་ཅེས་བྱ་བའི་ནང་། ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ། དམུ་རིགས་གཤེན་གྱི་གདུང་ལས་མངོན་པར་གྲོལ་བ་༧རྣམ་འདྲེན་བརྒྱད་པ་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྐུ་སྐྱེ་བ་བཞེས་ནས་མི་ལོ་༡༨༠༢༨ཟིན་པའི་གཤེན་གྱི་འཁྲུངས་མཆོད་ཆེན་མོ་དེ་ཉིད་བོད་ཟླ་༡ཚེས་༡༥སྤྱི་ཟླ་༣ཚེས་༡༩ཉིན་ཐེངས་དང་པོའི་སྐབས་བཞི་པའི་གཡུང་དྲུང་བོན་གྱི་འབྲིང་རམས་རབ་འབྱམས་པའི་འཛིན་གྲྭའི་དགེ་སློབ་ལྷན་རྒྱས་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སྐབས་བཞི་པའི་འཛིན་གྲྭའི་འཚོགས་ཁང་དུ་མི་ཕྱེད་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ། བསོད་ནམས་ཀྱི་བགོ་སྐལ་གྱི་ཐོབ་པའི་དད་རྟེན་དུ་འ་ཞ་གསང་བས་མཛད་པའི་མདོར་སྡུད་ཚིགས་བཅད་བསྟོད་པ་དང་། འགྲོ་མགོན་བླ་མའི་མཛད་པའི་མཚན་བླ་མའི་མཆོད་ཐབས་ནོར་བུའི་ཕྲེང་བ་སོགས་གྱེར་འདོན་དབྱངས་རྟའི་ལམ་ནས་དྲན་གསོ་གནང་ཞིང་མན་ཌྡལ་སྐུ་གསུང་ཐུགས་རྟེན་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་རྒྱན་སོགས་དཀར་ཕྱོགས་ལྷ་མི་དྭངས་བ་འདྲེན་པའི་རྣམ་དཀར་གྱི་དགེ་རྩ་ཁམས་དྭངས་པ་ཞིག་སྤེལ་གནང་བ་དང་། མ་ཚད་མཁྱེན་གསལ་ལྟར་ཉིན་ཤས་སྔོན་ལ་འབྱུང་རྐྱེན་གྱི་གནོད་འཚེ་ཚབ་ཆེན་བྱུང་བས་ཉི་ཧོང་གི་ཕྱོགས་སུ་དུས་ཚོད་གཅིག་གི་ཐོག་ཏུ་འདས་གྲོང་སོང་བའི་གཤིན་པོ་ཡོངས་ལ་མ་བསྐུལ་དང་བླང་གི་བསྔོ་སྨོན་ཐུགས་བསྐྱེད་རྒྱ་ཆེར་བསྐྱངས་པ་དང་།
ལྷད་མར། དགེ་རྩ་དང་དུས་ཆེན་གསོལ་སྨོན་བཏབས་པ་འདིས་དལ་འབྱོར་གྱི་མི་ལུས་ཐོབ་པའི་འགྲོ་བ་མིས་གནོད་འཚེ་དང་། འཛམ་གླིང་གི་འཚོ་སྡོད་བྱེད་གཞིས་གོ་ལ་འདི་ཡང་འབྱུང་རྐྱེན་གཡོ་འཁྲུགས་སོགས་ཀྱི་གནོད་འཚེ་ཐ་དག་གེག་མེད་ཞི་ཞིང་སྐྱེ་འགྲོ་སྲོག་དབུགས་ཀྱིས་བསྡུས་པའི་སེམས་ཅན་ཐ་དག་འཚེ་མེད་ཞི་བའི་ཞིང་དུ་གནས་པའི་སྐྱབས་འཇུག་གསོལ་སྨོན་གསོག་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག