རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་བཀྲ་ཤིས་བདེ་ལེགས།
གུས་པས་ཉེ་ཆར་ལས་རོགས་ཚེ་ནོར་ལ་སྐུལ་སློང་དང་གཞོགས་འདེགས་ཞུས་ནས། བོན་དང་འབྲེལ་བའི་བརྙན་འཕྲིན་ལེ་ཚན་ཞིག་བཟོས་པ་ཡིན། དེའི་ནང་དུ་༼གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས༽ལས་འཕྲོས་ཏེ་ཞང་བོད་མཐོ་སྒང་འདིའི་བསམ་བློའི་ཉིང་བཅུད་གཡུང་དྲུང་བོན་གྱི་རིག་གནས་ཀྱི་གལ་འགངས་རང་བཞིན་དང༌། ཞིབ་འཇུག་གི་རིན་ཐང་སོགས་བརྗོད་བྱ་བྱས་ནས། མཁས་དབང་ཤར་ཡུལ་ཕུན་ཚོགས་ཚེ་རིང་དང༌། གུ་གེ་ཚེ་རིང་རྒྱལ་པོ། དོན་འགྲུབ་ལྷ་རྒྱལ། སྐལ་བཟང་དབང་འདུས། ཀུན་དགའ་ཡེ་ཤེས། བན་ཤུལ་དཔལ་མཁར་རྒྱལ་སོགས་ཞིབ་འཇུག་པ་དང༌། དགེ་རྒན་ཆེན་མོ་བཅས་ལ་བཅར་འདྲི་ཞུས་ཡོད། སྤྱིར་བརྙན་འཕྲིན་ལེ་ཚན་ནང་དུ་ཆོས་ལུགས་ཀྱི་ཕྱོགས་བཟོ་བར་དཀའ་ཁག་ཆེ་ཞིང༌། ལྷག་པར་དུ་དེའི་ནང་ནས་ལྷ་སའི་ཕྱོགས་སུ་གྲུབ་མཐའ་གཞན་དག་དང་མི་འདྲ་བར་བོན་གྱི་གནའ་ཤུལ་དང་ཆེད་མཁས། དགོན་པ་སོགས་མེད་པའམ་ཤིན་ཏུ་ཉུང་བས་རྐྱེན་བོན་འབྲེལ་གྱི་བརྙན་འཕྲིན་པར་གཞི་དཀོན་པས། ད་ཐེངས་སེམས་ཁྲལ་དང་དཀའ་བ་མི་ཉུང་བ་སྤྱད་མཐར་གཞི་ནས་བཟོ་ཐུབ་སོང་ལ། དེར་འབྲེལ་ཡོད་དབུ་ཁྲིད་ཀྱིས་བལྟ་ཞིབ་དང་མཆན་འགོད་གནང་བྱུང༌། ལེ་ཚན་དེ་སྤྱིར་ཕུལ་དུ་བྱུང་བ་ཞིག་མིན་ན་ཡང༌། དུས་རྒྱུན་བོན་གྱི་སྐོར་བརྙན་འཕྲིན་ལས་མཐོང་ཐོས་དཀོན་པར་ལྟོས་ནས་སྨྲས་ན། སྐབས་ཤིག་བློ་ཡིད་ཚིམས་ཆོག་པར་སྙམ་མོ། །ལེ་ཚན་དེ་ནི་བོད་ལྗོངས་བརྙན་འཕྲིན་བོད་སྐད་འཕྲིན་ལམ་གྱི་༼དྲི་བཞོན་ལྷ་མོའི་༽ནང་ནས་སྟོན་རྩིས་ཡོད་པས་ཚང་མས་དུས་ཐོག་ཏུ་དགྱེས་གཟིགས་ཡོད་པ་ཞུ། ཞེས་ལྷ་ལྡན་ཞིང་ནས་ཁྱུང་པོ་དཔལ་རྒྱལ་འབོད་པ་དེས་ཕྱག་དང་བཅས་ཕུལ་བའོ། །
བསྟན་པའི་དུས་ཚོད་ཞིབ་ཕྲ་གཤམ་གསལ། སྟོན་ཐེངས་ཐོག་མ་ནི་སྤྱི་ཟླ་3ཚེས་26རེས་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ལྔ་པའི་གཡས་གཡོན་ཙམ་ལ་ཡིན་ལ། དེ་ནས་རིམ་བཞིན་རེས་གཟའ་ཉི་མར་ཉིན་གུང་1:00ཙམ། གཟའ་ཟླ་བར་མེད། གཟའ་མིག་དམར་དགོང་མོ་ཆུ་ཚོད་10:00 གཟའ་ལྷག་པར། དགོང་མོ་7:40 གཟའ་ཕུར་བུར་ཉིན་གུང་ཆུ་ཚོད་1:00 གཟའ་པ་སངས་ཕྱི་དྲོ་ཆུ་ཚོད་6:00ཙམ་ལ་བཅས་སྟོན་རྒྱུ་རེད། གོང་གི་དུས་ཚོད་ཁ་ཤས་ཏག་ཏག་ཡོང་ཐུབ་ཀྱི་མ་རེད་པས་དེ་ལུགས་དགོངས་བཞེས་གནང་མཛོད།