《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་༧རྩེ་ཞིག་ཚང་བླ་མ་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་རྡོ་རྗེ་རིན་ཆེན་ལ་མངག་བཅོལ་གནང་སྟེ་ནུབ་བྱང་མི་རིགས་སློབ་ཆེན་དཔེ་མཛོད་ཁང་ལ《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆ་ཚང་གཉིས་གནང་བ་རེད།
《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ནི་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་ཅིང་བསྡོམས་པས་དཔེ་དེབ་ཉེར་ལྔ་ཡོད། ནང་དོན་གྱི་ཕྱོགས་ནས་གཙོ་བོ་རིག་གནས་དང་། མདོ། སྔགས། རྫོགས་ཆེན་བཅས་ཁག་བཞིར་དབྱེ་ཞིང་། དེ་ལས་རིག་གནས་ཀྱི་སྐོར་ལ་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་། བརྡ་དག་སྒྲ་སྦྱོར། བོད་ཀྱི་གསོ་རིག་འབུམ་བཞི། མདོའི་ཁག་ལ་བསྡུས་ཚད་བློ་རྟགས་ཀྱི་སྐོར་དང་། བྱང་ཆུབ་ལམ་རིམ་བློ་སྦྱོང་གི་སྐོར། ཐེག་རིམ་དང་དབུ་མའི་སྐོར། ཐེག་པ་ཆེན་པོ་ས་ལམ་གྱི་སྐོར། དབུ་མའི་ཁྱབ་འགྲེལ། ས་བཅུ་ལམ་ལྔའི་རྣམ་བཞག སྔགས་ཀྱི་ཁག་ལ་གསང་སྔགས་བཀའ་འགྲེལ་གྱི་སྐོར་དང་། གསང་སྔགས་མ་རྒྱུད་ཀྱི་སྐོར། རྫོགས་ཆེན་གྱི་ཁག་ལ་རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར་དང་། བྱང་སེམས་གབ་པ་དགུ་སྐོར་གྱི་རྩ་འགྲེལ། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་སོགས་འདུས།
དཔེ་ཚོགས་འདི་ནི་བོད་ཀྱི་རིག་གནས་བསྟན་བཅོས་ལེགས་གྲས་ཤིག་ཡིན་ལ། ཐེངས་དང་པོར་རྩོམ་སྒྲིག་པར་སྐྲུན་གནང་བའི་གཡུང་དྲུང་བོན་གཞུང་གི་དཔེ་ཚོགས་ཤིག་ཀྱང་ཡིན། གཡུང་དྲུང་བོན་གྱི་བསྟན་པ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་པར་མ་ཟད་བོད་ཀྱི་ཤེས་རིག་ཇི་སྙེད་ཀྱི་འབྱུང་ཁུངས་ལྟ་བུ་ཡང་ཡིན་པར་གྲགས་པས། ཉེ་བའི་ལོ་འགའི་ནང་། རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་རིག་པའི་ཞིབ་འཇུག་ཆེད་མཁས་རྣམས་ཀྱིས་གཡུང་དྲུང་བོན་ཆོས་ཀྱི་རིག་གནས་རིན་ཐང་དང་ལོ་རྒྱུས་དོན་སྙིང་ལ་གདེང་འཇོག་དང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ལ་མཚོན་ན་ནང་དོན་ཕུན་སུམ་ཚོགས་པའི་ཁར་གཞུང་ལུགས་ཀྱི་མ་ལག་ཆ་རྫོགས་པ་ཞིག་ཀྱང་གྲུབ་འདུག་པས་རིག་གནས་དང་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་པ་ནི་བཤད་མ་དགོས་པ་ཞིག་རེད།