ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་བརྙེས་ནས་ལོ་འཁོར༣༣འཁོར་བའི་དུས་ཆེན།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་བརྙེས་ནས་ལོ་འཁོར༣༣འཁོར་བའི་དུས་ཆེན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-04-10] [ཀློག་གྲངས། ]

རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་གཉིས་པའི་ཚེས་ལྔ་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་བརྒྱད་ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་བརྙེས་ནས་མི་ལོ་སོ་གསུམ་ཧྲིལ་བོར་འཁོར་བའི་དུས་ཆེན་མཛད་སྒོའི་སྐོར་གྱི་དཔར་རིས་དང་གནས་ཚུལ་མདོར་བསྡུས་ཙམ་བཀོད་པ་ལ།

སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་རིན་པོ་ཆེ།

སྤྱིར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་པའི་ཉིན་དེ་ཕྱི་ལོ་༡༩༧༨ལོའི་ཕྱི་ཟླ་(༤)པའི་ཚེས་(༢)ཉིན་ཡིན་མོད། ད་ལོ་ཕྱི་ཟླ་བཞི་པའི་ཚེས་གཉིས་ཉིན་བཤད་སྒྲུབ་འདུས་སྡེ་སྨྲ་སེང་སྒྲུབ་ཆེན་ལ་ཚོགས་ཡོད་སྟབས་དེ་རིང་ཕྱི་ཚེས་བརྒྱད་ཉིན་དུས་ཆེན་མཛད་སྒོ་བརྩི་སྲུང་གནང་དགོས་བྱུང་བ་རེད།
ཐོག་མར་སྔར་ཉིན་ནས་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སྐབས་སོ་གཅིག་པའི་རྒྱུན་ལས་ཐུན་མོང་ནས་བཀོད་སྒྲིག་ཚགས་ཚུད་གནང་ཡོད་པ་དང་ཕྱི་ཚེས་བརྒྱད་ཉིན་གྱི་ཞོགས་པའི་འཁོར་དུས་བདུན་པའི་ཐོག་བཤད་སྒྲུབ་འདུས་སྡེའི་དར་ཆེན་སྒྲེང་འཛུགས་དང་། བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བཤད་སྡེ་སློབ་གཉེར་བ་ཐུན་མོང་ནས་བསང་གསོལ་བཏང་ཡོད་པ་དང་།


ལྷ་རྒྱལ་གསོལ་བཞིན་པ།

དེ་ནས་བོན་གཞིས་མི་མང་དང་བླ་གྲྭ་ཚང་འཛོམས་ཐོག་སྨོན་ལམ་དང་ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་གསོལ་བ་རེད།


སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་བཞིན་པ།

དེ་མུར་སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ ཆེར་བོན་གཞིས་སྐྱ་སེར་ཚང་མས་མཇལ་ཁའི་མཛད་རིམ་གྲུབ་རྗེས་སུ།


༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ཚོགས་མགོན་དུ་ཕེབས་བསུ་ཞུ་བཞིན་པ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་གཅིག་པའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་ལྷ་རྫས་དྲི་མ་མེད་པའི་སྤོས་ དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་༧ཞྭ་དཀར་བསྟན་པའིི་གཙུག་རྒྱན་༧སྐྱབས་རྗེ་ཁྲི་ འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་ གདན་འདྲེན་ཕེབས་བསུ་ཞུས་ཡོད་པ་དང་།
དེ་རྗེས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་བཤད་སྒྲུབ་བསྟན་པའི་ དར་ཆེན་མཁའ་དབྱིངས་སུ་སྒྲེང་འཛུགས་མཛད་དེ་ཀུན་གྱིས་དགའ་བའི་ཐལ་སྒྲ་ལྡིར་ཞིང་། སྐྱ་སེར་ཡོངས་ཀྱིིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བའི་མཇུག་གྲུབ་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་པ་བཅས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་།


༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བཤད་སྒྲུབ་དར་ཆེན་མཁའ་དབྱིངས་སུ་སྒྲེང་གནང་བ།

དངོས་གཞིའི་མཛད་རིམ་ཐོག་མར་སྐྱ་སེར་ཡོངས་ལ་རྟེན་འབྲེལ་གྱི་འབྲས་སིལ་དང་ གསོལ་ཇ་འདེགས་འབུལ་ཞུས་པ་དང་ཆབས་ཅིག གཡུང་དྲུང་བོན་གྱི་བཤད་ སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་རྣམ་འདྲེན་རྒྱལ་བའི་དབང་པོ་ནས་བཟུང་ད་བར་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་བྱུང་རབས་དང་ལོ་གཅིག་གི་བཤད་ སྒྲུབ་འདུས་སྡེའི་ལས་བསྡོམ་སོགས་ཀྱི་བཀའ་སློབ། དེ་བཞིན་ཚོགས་མགོན་དུ་ཆེད་དུ་ཞབས་སོར་འཁོད་པའི་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་བའི་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སློབ་དཔོན། དེ་མིན་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་དཔོན་རིགས་རྣམས་ཀྱིས་བཀའ་སློབ་གསུང་བཤད་ཟབ་ཅིང་རྒྱས་པ་གནང་ཡོད་དང་།


དམིགས་བསལ་ལོ་འཁོར་ཡིག་རྒྱགས་ཨང་རིམ་ཐོབ་མཁན་རྣམ་པ་ལྔ།

གཞན་ཡང་འཆར་ཅན་གཞུང་རྒྱུགས་རིགས་ཕུད་པའི་འཕར་རྒྱུགས་འགྲེལ་པ་སོགས་དམིགས་བསལ་ངག་རྒྱུགས་འབུལ་མཁན་གྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གསོལ་རས་གཟེངས་རྟགས་བསྩལ་གནང་བ་སོགས་ཀྱི་མཛད་བཟང་སྐྱོང་བ་དང་། དེ་བཞིན་ད་ལོ་ནས་དམིགས་བསལ་གྱི་ལོ་འཁོར་ཡིག་རྒྱུགས་སྐབས་ཀྱི་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་གསུམ་ལ་གཟེངས་རྟགས་བསྩལ་གནང་བ་དང་།


འཁོར་གཅིག་གི་དམིགས་བསལ་གཟེངས་རྟགས་ཐོབ་མཁན་དང་འགྲེལ་པ་ངག་རྒྱུགས་ཕུལ་མཁན་རྣམས།

མཛད་སྒོའི་སྐབས་ཀྱི་ཚོགས་རའི་ཕྱི་ཡི་རྣམ་པ།

དེ་རྗེས་སྐབས་སོ་གསུམ་པའི་ཚོགས་གཙོ་མཆོག་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་གཙོས་སེར་སྐྱ་མང་ཚོགས་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་བཅས་རྒྱལ་ཁའི་ངང་འཇུག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག