ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་འཁོར་གཅིག་འཁོར་བར་རྗེས་དྲན་ཞུ།
ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་འཁོར་གཅིག་འཁོར་བར་རྗེས་དྲན་ཞུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་བཏུས།] [ཟླ་ཚེས། 11-04-14] [ཀློག་གྲངས། ]

༢༠༡༠་༤་༡༤ཉིན་གྱི་ས་ཡོམ་ཁྲོད་ཚེ་སྲོག་ཤོར་བའི་སྤུན་ཟླ་སྟོང་ཕྲག་དག་ལ ༧ སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་དྲི་མ་མེད་པ་ལས་ཁྲི་རྗེ་མདོ་མང་བྱུང་བའི་ས་བཅུ་སྨོན་ལམ་ཕུལ་བས་དགེ་ཚོགས་འདིས་ཁོ་ཚོ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བསྔོ་སྨོན་གྱིས་རྒྱས་གདབ་པའོ། །
སྟོན་པ་ཀུན་ཏུ་བཟང་བོ་འདས་པ་མི་མངའ་བ། །ཐུགས་རྗེ་ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །

 དུས་འདི་ནས་བཟུང་ཉོན་མོངས་སེམས་ཅན་རྣམས། །ས་གནས་ཁྱད་པར་ཅན་དུ་བགྲོད་བྱའི་ཕྱིར། །སེམས་བསྐྱེད་རྣམ་དག་སྨོན་ལམ་འདི་གདབ་པས། །འཕྲུལ་བོན་གསང་བ་ངང་རིང་ཐུགས་རྗེ་ཡིས། །འཁོར་བའི་གནས་ངན་ཀུན་སྤངས་ནས། །དག་པའི་ས་ལམ་བགྲོད་པའི་ཕྱིར། །ས་དང་བོ་རབ་ཏུ་དགའ་བའི་ས། །རབ་ཏུ་དགའ་བའི་ས་ལ་ནི། །སེར་སྣའི་སྒྲིབ་པ་དག་བྱང་ནས། །སྦྱིན་པའི་ཚོགས་ཆེན་རབ་རྫོགས་ཏེ། །སྦྱིན་པའི་བྱམས་མའི་ཞལ་མཐོང་ཤོག ། གཉིས་པ་དྲི་མེད་ཤེལ་གྱི་ས། །དྲི་མེད་ཤེལ་གྱི་ས་ལ་ནི། །འཆལ་བའི་སྒྲིབ་པ་དག་བྱང་ནས། །ཚུལ་ཁྲིམས་ཚོགས་ཆེན་རབ་རྫོགས་ཏེ། །ཚུལ་ཁྲིམས་བྱམས་མའི་ཞལ་མཐོང་ཤོག །གསུམ་པ་འོད་ཟེར་འཕྲོ་བའི་ས། །འོད་ཟེར་འཕྲོ་བའི་ས་ལ་ནི། །བྱུང་ཚོར་སྒྲིབ་པ་དག་བྱང་ནས། །བཟོད་པའི་ཚོགས་ཆེན་རབ་རྫོགས་ཏེ། །བཟོད་པའི་བྱམས་མའི་ཞལ་མཐོང་ཤོག །བཞི་བ་ཕྱག་རྒྱ་བསྒྱུར་བའི་ས། །ཕྱག་རྒྱ་བསྒྱུར་བའི་ས་ལ་ནི། །ལེ་ལོའི་སྒྲིབ་པ་དག་བྱང་ནས། །བརྩོན་འགྲུས་ཚོགས་ཆེན་རབ་རྫོགས་ཏེ། །བརྩོན་འགྲུས་བྱམས་མའི་ཞལ་མཐོང་ཤོག །ལྔ་བ་བོན་ཉིད་སྤྲིན་ཚོགས་ས། །བོན་ཉིད་སྤྲིན་ཚོགས་ས་ལ་ནི། །གཡོ་རྩོལ་སྒྲིབ་པ་དག་བྱང་ནས། །བསམ་གཏན་ཚོགས་ཆེན་རབ་རྫོགས་ཏེ། །བསམ་གཏན་བྱམས་མའི་ཞལ་མཐོང་ཤོག །དྲུག་པ་བདེ་ལྡན་རྟོགས་པའི་ས། །བདེ་ལྡན་རྟོགས་པའི་ས་ལ་ནི། །མ་ནུས་སྦུང་ཆུང་སྒྲིབ་པ་དག་བྱང་ནས། །སྟོབས་ཀྱི་ཚོགས་ཆེན་རབ་རྫོགས་ཏེ། །སྟོབས་ཀྱི་བྱམས་མའི་ཞལ་མཐོང་ཤོག །བདུན་པ་ཡིད་བཞིན་འགྲུབ་པའི་ས། །ཡིད་བཞིན་འགྲུབ་པའི་ས་ལ་ནི། །གདུག་སེམས་སྒྲིབ་པ་དག་བྱང་ནས། །སྙིང་རྗེའི་ཚོགས་ཆེན་རབ་རྫོགས་ཏེ། །སྙིང་རྗེ་བྱམས་མའི་ཞལ་མཐོང་ཤོག །བརྒྱད་པ་མ་ཆགས་དག་པའི་ས། །མ་ཆགས་དག་པའི་ས་ལ་ནི། །རེ་དོགས་སྒྲིབ་པ་དག་བྱང་ནས། །སྨོན་ལམ་ཚོགས་ཆེན་རབ་རྫོགས་ཏེ། །སྨོན་ལམ་བྱམས་མའི་ཞལ་མཐོང་ཤོག །དགུ་བ་ཡི་གེ་འཁོར་ལོའི་ས། །ཡི་གེ་འཁོར་ལོའི་ས་ལ་ནི། །ཕྱིན་ཅི་ལོག་གི་སྒྲིབ་པ་དག་བྱང་ནས། །ཐབས་ཀྱི་ཚོགས་ཆེན་རབ་རྫོགས་ཏེ། །ཐབས་ཀྱི་བྱམས་མའི་ཞལ་མཐོང་ཤོག །བཅུ་བ་མི་འགྱུར་གཡུང་དྲུང་ས། །མི་འགྱུར་གཡུང་དྲུང་ས་ལ་ནི། །འཁྲུལ་རྨོངས་སྒྲིབ་པ་དག་བྱང་ནས། །ཤེས་རབ་ཚོགས་ཆེན་རབ་རྫོགས་ཏེ། །ཤེས་རབ་བྱམས་མའི་ཞལ་མཐོང་ཤོག །ས་ཏྲིག་ཨེར་སངས་ཞལ་མཐོང་ཤོག །ས་ཏྲིག་ཨེར་སངས་ཞལ་མཐོང་ནས། །བདག་དོན་ལྷུན་གྱིས་གྲུབ་པར་ཤོག །བདག་དོན་ལྷུན་གྱིས་གྲུབ་ནས་ཀྱང་། །གཞན་དོན་མཐའ་རུ་ཕྱིན་པར་ཤོག །གཞན་དོན་མཐའ་རུ་ཕྱིན་ནས་ཀྱང་། །སེམས་ཅན་དོན་ཀུན་སྨིན་པར་ཤོག །སེམས་ཅན་དོན་ཀུན་སྨིན་ནས་ཀྱང་། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །ཀུན་ཏུ་འོད་ཀྱི་ས་ལ་ནི། །བདེ་ཆེན་བོན་གྱི་ས་ལ་ཡང་། །ཅིར་ཡང་བརྗོད་དུ་མེད་པ་ལ། །མི་གཡོ་མཉམ་གསལ་སྐུ་གསུམ་རྫོགས་པར་ཤོག །མི་གཡོ་མཉམ་གསལ་སྐུ་གསུམ་རྫོགས་ནས་ཀྱང་། །པདྨ་དག་ལ་རྫུས་ཏེ་སྐྱེ་བར་ཤོག །པདྨ་དག་ལ་རྫུས་ཏེ་སྐྱེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཐའ་རུ་ཕྱིན་པར་ཤོག །ས་བཅུ་ལམ་བགྲོད་ཀྱི་སྨོན་ལམ་འདི་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་ཁྲི་རྗེ་མདོ་མང་ལས་བྱུང་བའོ། །
 བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་འབུལ་བ་དང་། །བཤགས་དང་སྡོམ་དང་གསོལ་བ་བཏབ་པའི་མཐུས། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱས་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །༧སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཅི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། །༧སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། །ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུག་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། །

༢༠༡༠་༤་༡༤ཉིན་གྱི་ས་ཡོམ་ཁྲོད་དུ་ཁྱིམ་གཞི་ཞིག་འཐོར་སོང་བའི་སྤུན་ཟླ་དག་ལ་མཁའ་འགྲོ་ཤེས་རབ་བློ་འཕེལ་མའི་ཞལ་ལུང་བར་ཆད་ལམ་སེལ་བསམ་པ་ལྷུན་གྲུབ་ཕུལ་བས་ཁོང་ཚོའི་ཁྱིམ་གཞི་མྱུར་དུ་ལེགས་འགྲུབ་ཡོང་ཞིང་རྐྱེན་ངན་བར་ཆད་ཀུན་ལས་ཐར་བའི་སྨོན་འདུན་དུ།

  ཨེ་མ་ཧོ། སྔོན་བྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་དང་། །ད་བྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་དང་། སླད་འབྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་སོགས། །དུས་གསུམ་སངས་རྒྱས་ཀུན་འདུས་བླ་མའི་ཐུགས། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་ཐར་བའི་ལམ་སྣ་འདྲེན། །བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས། །༧རྒྱལ་བ་ཀུན་གྱི་དགོངས་པ་མངོན་ཤར་བཀའ། །མ་ལུས་ཀུན་མཁྱེན་འཕགས་པ་ཀུན་གྱི་ལུང་། །བཀའ་ལུང་ཀུན་ཤོང་དྲི་མེད་རང་རིག་སྣོད། །ཚད་གསུམ་བོན་མཆོག་ཀུན་འདུས་བླ་མའི་གསུང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བ་ཆད་ཀུན་ཞི་ཐར་བའི་ལམ་སྣ་འདྲེན། །བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས། །༧བསླབ་པ་ཚུལ་ཁྲིམས་ལྡན་པའི་དགེ་འདུན་དང་། །ཏིང་འཛིན་ལྡན་པའི་དགེ་འདུན་དང་། །བསླབ་པ་ཤེས་རབ་ལྡན་པའི་དགེ་འདུན་སོགས། །བསླབ་གསུམ་དགེ་འདུན་ཀུན་འདུས་བླ་མའི་སྐུ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་ཐར་བའི་ལམ་སྣ་འདྲེན། །བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རླབས། །༧དུས་གསུམ་ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་དང་། །ཚད་གསུམ་ལུང་རྟོགས་བོན་གྱི་བྱིན་རླབས་དང་། །བསླབ་གསུམ་སེམས་དཔའ་མང་ཚོགས་བྱིན་རླབས་ཀྱིས། །སྒོ་གསུམ་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ། །འདི་ཡི་མཐུ་སྟོབས་བདག་སོགས་གར་གནས་སར། །ནད་མུག་མཚོན་འཁྲུག་མི་མཐུན་མིང་མེད་ཅིང་། །སེམས་ཅན་དཔལ་འབྱོར་ཕུན་ཚོགས་ཐེག་གསུམ་བོན། །མཁའ་ཁྱབ་ས་སྟེང་དར་རྒྱས་ཡུན་གནས་ཤོག །ཅེས་བར་ཆད་ལམ་སེལ་བསམ་པ་ལྷུན་གྲུབ་འདི་ནི། ཚར་གཅིག་འདོན་པས་ལོ་གཅིག་གི་བར་ཆད་ཞི། ཚར་བརྒྱ་འདོན་པས་ཚེ་གཅིག་གི་བར་ཆད་ཞི། རྒྱུན་དུ་ཡི་དམ་བྱས་ན་སྡིག་སྒྲིབ་མ་ལུས་དག་ནས་ཚེ་གཅིག་ལ་སངས་རྒྱས། གཞན་ཡང་འདོན་པ་ཙམ་གྱིས་ལྷ་འདྲེ་མི་གསུམ་གཅན་གཟན་དུད་འགྲོ་འབྱུང་ལྔ་ལ་སོགས་པའི་འཇིགས་པ་དང་གནོད་པ་ཐམས་ཅད་སྐྱབས་ནུས་སོ། །ནད་གདོན་ཞི་ཞིང་མོ་ངན་རྨིས་ངན་ཐན་ངན་ལྟས་ངན་ཐམས་ཅད་བཟློག་པར་འགྱུར། སྨོན་ལམ་བཏབ་ཅིང་དངོས་གྲུབ་ཕུལ་ན། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། བུ་འདོད་པ་ལ་བུ་ལ་སོགས་མཆོག་གི་དངོས་གྲུབ་གང་ཞུས་ཡོང་བ་ཐེ་ཚོམ་མེད། ས་མ་ཡ་རྒྱ་རྒྱ་རྒྱཿབོན་སྐུ་ཀུན་ཏུ་བཟང་བོས་རྫོགས་སྐུ་ཤེས་རབ་སྨྲ་སེང་ལ། མཁའ་འགྲོ་ཤེས་རབ་བློ་འཕེལ་གྱིས་བདག་ལའོ། །དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག