ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེགས་གསུངས་པ།
ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེགས་གསུངས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བྲག་མགོ་ཚེ་དབང་རྒྱལ་མཚན།] [ཟླ་ཚེས། 11-04-17] [ཀློག་གྲངས། ]

༧གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེགས་གསུངས་པ།

བོན་གྱི་འབྱུང་ལྡན་༣༠༡་བགྲང་བྱ་ལྕགས་མོ་ཡོས་སྟེ། ཕྱི་ལོ་༢༠༡༡ལོ་ཟླ་༤པའི་ཚེས་༦་ནས་ཚེས་༡༥་བར་ཉིན་༡༠་རིང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྦྱིན་བསྲེགས་སྟོང་ཐོག་བརྒྱ་བཞག་དང་ལས་བཞི་རྒྱུན་ལྔའི་རྒྱུན་བསྲེགས་ཀྱི་མཆོད་སྦྱིན་སུམ་སྐོར་རམ་འབྲིང་པོ་ཞིག་གསུངས་པའི་སྐོར་གྱི་གནས་ཚུལ་དང་དཔར་རིས་ཁག་གཅིག
དེ་ཡང་ལག་ལེན་ནི་གཞུང་ལུགས་འདིར་ཕྱག་ལེན་བཞེད་ཚུལ་དུ་མ་ཞིག་སྣང་ཡང་འདི་ནི་སྲིད་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་མཁས་པའི་དབང་པོ་སྨན་རིའི་༧མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གིས་༼མཚན་མེད་ཡེ་ཤེས་འབར་བར་མ་ལྕོགས་ཚེ། དགེ་བསྙེན་ཐེག་པའི་བཞེད་བསྟུན་མཚན་བཅས་ཀྱི། ཉམས་ལེན་ལ་བརྟེན་གསོན་གཤེན་གཉིས་ཀ་ཡིས། སྒྲིབ་སྦྱང་ཚོགས་གཉིས་བསགས་པའི་ལག་ལེན་སྟོན།༽ཞེས་གསུངས་པས་ཀུན་རིག་ལས་བཞི་རྒྱུན་ལྔའི་ལག་ལེན་འདི་ནི་ཐེག་པ་དགུའི་ནང་ཚན་དགེ་བསྙེན་ཐེག་པའི་ལུགས་ཀྱི་ཤི་གསོན་གཉིས་ཀྱི་སྐྱེ་བ་སྔ་ཕྱི་བར་གསུམ་གྱི་སྒྲིབ་པ་སྦྱང་ཞིང་། ཚེ་འདིར་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ནས་ཕྱི་མ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཆེད་དུ་མཁས་གྲུབ་གཉིས་ལྡན་གྱིས་སྐྱེས་ཆེན་དམ་པ་མཁས་པ་གཉོས་དང་འགྲོ་མགོན་བློ་གྲོས་རྗེ་མཉམ་མེད་བཅས་ཀྱི་དགོངས་དོན་གཙོར་བཟུང་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གིས་མཛད་པའི་ལས་བཞི་རྒྱུན་ལྔའི་ལས་རིམ་ཟིན་རིས་ཀུན་གསལ་མེ་ལོང་དང་། སྦྱིན་བསྲེགས་ལས་བཞི་རྒྱུན་ལྔའི་བཅའ་ཐབས་ལག་ཁྲིད་གསལ་བའི་དམིགས་བུ་བཅས་དང་ མཐུན་པར་ཐོག་མར་བསྒྲུབ་གཞུང་འདིར་དགོས་པའི་རྫས་དཔོན་གསས་ཀྱི་ཕྱག་རྫས་གསུམ་དང་། མཆོད་འཕྲེང་གི་རྫས་སོགས་ཀུན་ཚང་པར་སྒྲིག་ཞིང་གསེར་དངུལ་ཟངས་གསུམ་གྱི་བྲིས་པའི་ཤིང་བྱང་ནི་རྒྱུན་ལ་༡༧༨དང་། རྒྱས་པ་ལ་༤༥༢། ཞི་བ་༢༡༠། དབང་ལ་༣༦༦། དྲག་པོ་ལ་༢༠༤། དཔལ་མགོན་ལ་༧༧། ཀློང་རྒྱས་ལ་༡༡༤༤། དུ་ཏྲི་སུ་ལ་༣༠༨། སྨོན་ལམ་ཤིང་རིང་༢༥། རྣམ་དགུ་དང་རྣམ་བརྒྱད་ལ་༢༥། སྐུ་གསུམ་སྡོང་བུར་༣།བཅས་ཁྱོན་རིང་ཐུང་བསྡོམས་ཤིང་བྱང་༢༩༨༩།ལྷག་དང་། ཤུག་ཏི་ལ་ཡང་ཤིང་བྱང་དང་གྲངས་མཉམ་པར་རྒྱུ་ཤུག་པ་ལ་སོགས་ཀྱི་བསང་ཤིང་ཀུན་ཚང་ བར་བྱས་སོ། །
གཞན་ཡང་རིན་ཆེན་རིགས་དང་སྨན་སྣ་བརྒྱ་རྩ་སོགས་མཆོད་རྫས་དངོས་འབྱོར་གང་ལྕོགས་སྒྲིག་ཏེ་མཆོད་པར་རྒྱ་ཆེ་ཕུལ་བ་དང་བུམ་འཛུགས་དང་མེ་སྤར་གྲུབ་མཆོད་སྨོན་ལམ་བཀྲ་ཤིས་སོགས་ལ་འཚོགས་མགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་༧མཁན་སློབ་རྣམ་གཉིས་དང་བཤད་སྒྲུབ་གྲྭ་ཚང་གི་༧མཁན་སློབ་བཅས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང་། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་མང་དང་། རདྣ་སྨན་གླིང་གི་བཙུན་མ་རྣམས། བོན་གཞིས་ཉིན་སློབ་ཀྱི་སློབ་མ་བཅས་མདོར་ན་བོན་གཞིས་སེར་སྐྱ་མི་མང་རྣམས་གྲུབ་མཆོད་སྨོན་ལམ་ཆེན་མོར་མཇལ་འཛོམས་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྐབས་ཀྱི་འགན་འཛིན་བྲག་མགོ་ཚེ་དབང་རྒྱལ་མཚན་གྱིས་བྲེལ་བྲིས་སུ་བགྱིས་པ་དགེའོ།།


མཆོད་བཤམས་ཀྱི་རྣམ་པ།


མཆོད་བཤམས་ཀྱི་རྣམ་པ།

སྐྱབས་རྗེ་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་འདུས་པའི་རྒྱ་མཚོས་ཀུན་རིག་གི་གཞུང་བསྲང་བཞིན་པ།

སྐུ་གསུམ་སྡོང་བུ།

ཞི་རྒྱས་དབང་དྲག་གི་ཤིང་རྩེག

༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་སྦྱིན་བསྲེགས་གསུངས་བཞིན་པ།

མེ་སྤར་གསུངས་བཞིན་པའི་སྐབས།

བོན་གཞིས་སེར་སྐྱ་མི་མང་སྦྱིན་བསྲེགས་ལ་ཕེབས་གནང་བ།

གྲྭ་ཚང་འདུས་མང་ནས་གྲུབ་མཆོད་སྐབས།

མེ་སྤར་གྱི་བསང་ཤུག་ལ་སོགས་ཀྱི་སྟ་གོན་སྐབས།

ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར།

སྨོན་ལམ་ཤིང་རིས་ཁག་གི་དཔར་རིས།

ཁྲི་གཡུང་དྲུང་ལགས་ནས་མཐུན་འགྱུར་གནང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག