ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཤར་རྫ་རིན་པོ་ཆེའི་གསུང་འབུམ་དཔར་སྐྲུན་སྐོར་གྱི་གནས་འཕྲིན།
ཤར་རྫ་རིན་པོ་ཆེའི་གསུང་འབུམ་དཔར་སྐྲུན་སྐོར་གྱི་གནས་འཕྲིན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་བོ་ཚེ་རིང་དཔལ་རྒྱལ།] [ཟླ་ཚེས། 11-04-20] [ཀློག་གྲངས། ]

མཁས་ཤིང་གྲུབ་པའི་དབང་པོ་ཀུན་མཁྱེན་ཤར་རྫ་བ་ཆེན་པོ་མཆོག་ཐོག་མར་བྱ་བྲལ་ཉམས་ཆུང་གི་སྒོ་ནས་མཚན་ལྡན་བླ་མ་དམ་པ་མཉེས་གསུམ་གྱིས་ཚུལ་མཐུན་བསྟེན་ཞིང་ཐོས་བསམ་ཚུལ་བཞིན་གནང་བའི་ཐོག་མའི་ཟིན་ཐོ་རིམ་རྒྱས་གཏང་བའི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་དེ་ཉིད་རྗེ་ཉིད་ནས་རང་ལ་གསལ་འདེབས་དང་གཞན་ལ་ཕན་ཕྱིར་ཁྲིད་དང་འཆད་པ་གནང་བ་གདུལ་བྱའི་ཁམས་དང་མོས་པར་ཕན་རླབས་ཆེ་བ་དངོས་ཡོད་གྱུར་བརྟེན། གཏེར་ཆེན་གསང་གླིང་མཆོག་ནས་རྗེ་ཉིད་ཀྱི་བསྟན་དོན་རྒྱ་ཆེར་འབྱུང་བ་མ་འོངས་སྔོན་གཟིགས་ཀྱི་བཀས་བསྐུལ་གནང་དོན། གང་ཉིད་ཀྱི་གསུང་གདམས་པར་བརྐོ་དགོས་ཚུལ་གསུང་། ཁོང་ཉིད་ཆེ་གྲགས་དྲེགས་ཚུལ་གྱི་རྣམ་པ་སོགས་གཏན་མེད་ཡིན་སྟབས། བྱ་བྲལ་སྤྲང་པོའི་ཚུལ་བཟུང་ལ་དེ་འདྲའི་མཐུན་རྐྱེན་རྩོལ་སྒྲུབ་མི་འབྱུང་ཚུལ་དང་། ངེད་ཀྱི་རྒྱ་ཆེའི་བྱ་བ་དེ་ལྟར་འགྲུབ་པ་དཀའ་ཚུལ་གསུངས་ཡང་གཏེར་ཆེན་མཆོག་ནས་ནན་བསྐུལ་གནང་བར་བརྟེན། པར་བརྐོ་དབང་ཕྱུག་ཞེས་པ་ཐོག་མའི་པར་མཁན་རྙེད་ནས་བཟུང་རིམ་པས་རྗེ་ཉིད་ཀྱི་གསུང་འབུམ་ཤིང་པར་བརྐོས་པ་སྤྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་ཤར་རྫ་རི་ཁྲོད་དུ་བཞུགས་པ་དང་། དེ་ཡི་དཔར་མ་སྟོད་སྨད་གང་སར་ཁྱབ་པར་གྱུར།། ཕྱིས་སུ་གངས་ཅན་སྤྱི་ཡོངས་ལ་རིག་གསར་གྱི་ཉམས་རྒུད་འོག་སྔ་དཔེ་དང་པར་ཤིང་སོགས་གཏོར་སྐྱོན་བྱུང་ཤུལ་ལས་ལྷག་པ་ཁྲ་རྒན་དགོན་པའི་འབངས་སྡེའི་གསེང་དུ་སྔར་དཔེ་དཔར་མ་ཉར་ཚགས་ཐུབ་རིགས་རྣམས་ཁྲ་དགོན་མཁན་པོ་སྐལ་བཟང་གཡུང་དྲུང་རིན་པོ་ཆེའི་ཕྱག་ཏུ་དཔེ་བདག་རྣམས་ཀྱི་དད་སྟོབས་ཀྱིས་ཕུལ་འབྱོར་བྱུང་བརྟེན། མཁན་རིན་པོ་ཆེ་གང་ཉིད་ནས་སྐབས་དེ་དུས་ཀྱི་དཔར་སྐྲུན་སྤུས་ལེགས་གནང་འཆར་གཙོ་གཉེར་གནང་བ་དང་འབྲེལ། ཨ་གཡུང་གཤེན་བསྟན་མཐའ་རྒྱས་རིན་པོ་ཆེ་དང་། རྩེ་དྲུག་བླ་མ་གར་དབང་རྣམ་རྒྱལ་རིན་པོ་ཆེ། བཻ་རོ་བློ་བཀྲ་སོགས་ཀྱིས་ཐུགས་ཁུར་ཆེན་པོས་གོང་རིམ་ལ་ཆོག་མཆན་ཞུས་དོན་བཞིན་ཐོབ། རྩེ་བླ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་དང་། གྲྭ་སའི་རྒན་ལགས་བློ་གྲོས་ཉི་མ་རྣམ་གཉིས་ནས་བསྒྲིགས་ཞུས་གནང་བ་དང་། ལྷག་བསམ་དད་ལྡན་གེ་འགེངས་སྐལ་བཟང་རྣམ་རྒྱལ་དང་རྣམ་རྒྱལ་བཀྲ་ཤིས་གཉིས་གཙོས་པས་གལ་ཆེའི་མཐུན་སྦྱོར་ གནང་བ་བཅས་ཐུན་མོངས་མཉམ་འབྲེལ་གྱི་ལས་དོན་གཅིག་དྲིལ་བྱས་ཏེ། ཆབ་མདོ་དཔར་འདེབས་བཟོ་གྲྭ་རུ་སྤྱི་ལོ་༡༩༨༨ལོར་ཞན་པར་བསྒྲིགས་ཏེ་ཤར་རྫ་བའི་གསུང་འབུམ་པོད་བཅུ་གསུམ་དང་ཐེག་འགྲེལ་རྣམ་ཐར་སོགས་བསྡོམས་པའི་པོད་གྲངས་བཅུ་དྲུག་ཚར་གྲངས་༡༠༠༠པར་སྐྲུན་གནང་། གོང་གསལ་གནས་ཚུལ་དང་འབྲེལ་བའི་ད་སྐབས་དཔེ་ཚོགས་འདི་ཡི་འགྲོ་སྟངས་བབས་གནད་གང་ལ་འབྲེལ་ཡོད་ཟེར་ན། ༧ སྨྲ་དབང་ཡོངས་འཛིན་བསྟན་རྣམ་རིན་པོ་ཆེའི་བཞེད་པ་སྔ་དར་བཀའ་བརྟེན་དང་ཕྱི་དར་གསུང་འབུམ་ཞེས་ཕྱོགས་གཉིས་དབྱེ་གཤགས་གནང་བའི་དང་པོའི་དགོངས་དོན་ལྟར་སྤྱི་ལོ་༢༠༠༦ ཡན་མན་ནང་ཁྱུང་པོ་སྟེང་ཆེན་དགོན་ནས༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་༽པོད་གྲངས་༡༡༠ ཅན་པར་སྐྲུན་གྲུབ་རྗེས་ཕྱི་དར་གསུང་འབུམ་སྐོར་སྟོད་སྨད་གང་སར་བླ་སྤྲུལ་དགེ་བཤེས་གང་ཞིག་གིས་གཙོ་སྐྱོང་གིས་མཁས་གྲུབ་སོ་སོ་བའི་གསུང་རྣམས་རིམ་པས་གང་ཐུབ་ཀྱིས་བསྒྲིགས་སྐྲུན་སྤེལ་བའི་དགོས་གལ་ཆེ་ཚུལ་ཁྱུང་པོ་སྟེང་ཆེན་དགོན་གྱི་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ལྷན་ཁང་༽ནས་འབོད་བསྐུལ་ཁ་གསལ་ཅན་ཞིག་སྤྱི་ལོ་༢༠༠༩ལོར་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་གནས་བསྡུས་གསལ་སྟོན་མེ་ལོང་༽ནང་ཞུས་པ་ལྟར་དེ་མཐུན་དངོས་ཡོད་ལག་ལེན་སྟར་ཁུལ་གྱིས། ཕྱི་དར་གསུང་འབུམ་སྐོར་ལས་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་འདི་གར་གློག་ཀླད་དུ་བསྒྲིགས་ཞུས་བྱས་པ་དེབ་གཟུགས་སུ་བཀོད་པའི་དགོས་གལ་ནི། སྤྱི་ལོ་༢༠༡༠ཡར་སྔོན་དུ་གང་སར་ཁྱབ་སྤེལ་བྱས་རིགས་གཙོ་ཆེར་སྔ་མའི་ཆབ་མདོའི་ཞན་པར་ཅན་དེ་བསྐྱར་སྐྲུན་ཡང་སྐྲུན་བྱས་པ་ལས་ལྷག་པ་མེད་གསལ་ཡིན་ན། ཞན་པར་ཅན་དེའི་པར་གཞི་བསྒྲིཊ་སྐབས་ཀྱི་མཐུན་རྐྱེན་རྒྱབ་ལྗོངས་དང་འཚམས་པའི་བྱས་པ་ལས་བསྐྲུན་པར་མ་འདང་བའི་ཞན་ཆ་ཡོད་པ་དཔེར་ན། མ་དཔེ་གཅིག་ལས་གཞན་པའི་བསྡུར་ཡ་མ་རྙེད་པ་ དང་དགོས་ངེས་ཡོད་རིགས་དཔེ་ཆ་མ་འབྱོར་བ། ཞུས་བསྒྲིགས་ལས་སྣེ་མི་སྣ་ཉུང་ཁར་ཞུས་བསྒྲིག ས་ལག་སྟར་ཤིན་ཏུ་དཀའ་བ། འཕྲུལ་ཁང་དང་པར་ཆས་སོགས་ལ་ད་ལྟ་བས་ལྡབ་འགྱུར་མང་པོའི་མཐུན་རྐྱེན་ཉུང་བ་སོགས་ཀྱི་གནས་སྟངས་འབྲེལ་འོག་ལས་ཐོན་པའི་དཔེ་ཚོགས་དར་ཁྱབ་ཆེ་བ་མཐོང་གསལ་ལྟར་ན། འདི་ལ་དགེ་འདོན་སྐྱོན་སེལ་གྱི་ཞབས་ཞུ་དགོས་གལ་ཆེ་སྟེ།
མདོ་སྔགས་སེམས་གསུམ་ཆ་ཚང་བའི་ཟབ་གདམས་གདུལ་བྱའི་དབང་པོ་དང་འཚམས་པའི་སྔོན་འགྲོའི་ཁྲིད་དང་དངོས་གཞིའི་ཁྲིད་རིམ། རྩ་ཐིག་རླུང་གསུམ་གྱི་སྦྱང་ཁྲིད་དང་འདི་སྣང་བསྒྱུར་བའི་བསྐྱེད་རྫོགས་ཀྱི་རིམ་པ། འོད་གསལ་གྱི་ཟབ་གནད་ལམ་དུ་ལྷོངས་བའི་མན་ངག་སོགས་སྐལ་ལྡན་ སྐྱེས་བུ་མངོན་སངས་རྒྱས་པའི་ལམ་སྒྲོན་གོ་སླ་འཇུག་བདེ་ཅན་ལ། དེ་དང་འབྲེལ་བའི་སྔ་རབས་བྱུང་བརྗོད་ཀྱི་ལོ་རྒྱུས་བཅས་ཆ་ཚང་བའི་ཕྱི་དར་མཁས་པའི་གསུང་འབུམ་ཆ་ཚང་ཤོས་དང་རྒྱས་ཤོས་ཡིན་ན། འདི་ཉིད་ལ་ཆད་འཁྲུགས་སོགས་ཀྱི་ཞན་ཆ་ཡོད་རིགས་གང་ཡོང་ཅི་ཡོང་གི་སྒོ་ནས་དག་འབུད་གཏོང་བའི་སྒོ །པར་གཞི་ཞུས་བསྒྲིགས་དང་དཔེ་སྐྲུན་སྐབས་སུ་ཁེལ་སྟབས། དེ་མཐུན་གྱི་རྒྱབ་རྟེན་པར་ཁང་སོགས་ཡོ་བྱད་རིགས་དུས་བབ་ཀྱིས་འཁོར་ཞིང་། སྔ་དཔེ་མ་འབྱོར་བ་ཁག་ཅིག་ལག་སོན་བྱུང་བ་དང་། སྔ་མའི་ཤིང་དཔར་ཅན་ཉར་ཚགས་ཐུབ་པ་ཀ་ལེགས་དགོན་དང་རྒན་བསམ་གཏན་ཡེ་ཤེས། སྟེང་ཆེན་དགོན་བཅས་སུ་ཡོད་རིགས་ཕྱོགས་གཅིག་ཏུ་འབྱོར་བ་དང་། བསྟན་སྦྱིན་ལྷག་བསམ་ཅན་ཚོས་གལ་ཆེའི་མཐུན་སྦྱོར་འཛོམས་པ་སོགས་ དང་སྟབས་བསྟུན། ༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ལྷན་ཁང་༽གཙོ་གཉེར་བ་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་༧ འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་གཙོས་སྐབས་ཀྱི་ལས་དོན་ལག་སྟར་ལྷག་བསམ་ལྡན་པ་རྣམས་ཀྱིས་རང་འཁྲིའི་ཕྱག་ལས་ཧུར་ཐག་གནང་བ་སོགས་ཀྱིས་ཐུན་མོང་མཉམ་སྦྲེལ་རྡོག་གཅིག་གིས་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་དེབ་ཕྲེང་བཅུ་བདུན་ཅན་འདི་ཞུས་འཇུག་བསྒྲིགས་པའི་སྐལ་པ་ཅན་དུ་གྱུར། འདི་ཡི་མ་དཔེ་སྔ་མའི་ཤིང་དཔར་ངོ་མ་དང་གཞི་བཟུང་བྱས་ཐོག་ཆབ་མདོའི་ཞན་པར་ཅན་དང་འདྲ་བསྡུར་བྱས། མ་དཔེ་འདྲ་ཡ་མ་རྙེད་པ་རྣམས་དེ་རང་ཞུས་བསྒྲིགས་བྱས་པ་དང་། ཞུས་བསྒྲིགས་སོགས་ལས་དོན་པ་ངེད་ཚོའི་ངོས་ནས་ཀྱང་བསོད་ནམས་ཚོགས་བསགས་ཀྱི་རྒྱུ་རུ་དམིགས་ཁུལ་གྱིས་དེ་ཐད་འབད་པ་གང་ཤེས་གང་ནུས་བྱས་ཡོད་ནའང་། ད་དུང་རང་ངོས་ཀྱི་མ་རྟོགས་པ་སོགས་དང་། གཞན་རྐྱེན་དབང་གི་མ་འདང་བའི་ཞན་ཆ་སོགས་ཡོད་གཏན་སྲིད་ ངེས་ཡིན་ན། ཕྱིས་སུ་དཔྱོད་ལྡན་མཁས་དབང་རྣམས་ཀྱིས་དག་འབུད་གནང་རེ་དང་གནང་འོས་ཡིན་ནའང་། དེ་ལས་གཞན་པའི་ཉ་་ཉོག་རིགས་རྣམས་གཏང་སྙོམས་མཁའ་ཡངས་ངོགས་སུ་རང་དྭངས་སུ་འཇོག་ན་ཅི་བས་མཛེས་པར་སེམས་། དེ་ལྟར་ཁྱུང་པོ་སྟེང་ཆེན་གྱི་བཀའ་བརྟེན་དཔེ་རྙིང་རྩོམ་སྒྲིག་ཁང་ནས་ལོ་དང་ཟླ་བར་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་འཚོལ་བསྡུ་དང་ཞུས་བསྒྲིགས་་ཀྱི་ཐད་ལ་བརྩོན་པ་བསྐྱེད་འབྲས་བུར་འདི་ལོ་འི་སྤྱི་ཟླ་བདུན་པའི་ནང་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་གསུང་འབུམ་ཚར་གྲངས་སྟོང་ཚོ་བཞི་ཙམ་ཞིག་དཔར་དུ་སྐྲུན་པའི་བྱ་གཞག་ལེགས་འགྲུབ་ཡོང་འཆར་ཡོད་པས་སྐལ་ལྡན་ཡོངས་རྫོགས་ཀྱིས་དད་སྤྲོ་མོས་པས་ངང་སྒུག་གནང་དང་ཆོག་པར་ངེས་་སོ།།
འདི་སྐྲུན་དགེ་བས་ཕྱི་དར་མཁས་པའི་གསུང་འབུམ་རིམ་སྐྲུན་དག་སྤེལ་འབྱུང་སྒོའི་དཔེ་སྟོན་འགྱུར་བ་དང་གང་སྐྲུན་གསུང་རབ་ཀྱི་བསྟན་དོན་ འགྲོ་ཁམས་སུ་སྨིན་ཏེ་ཕན་བདེ་དངོས་འབྱུང་ཡོང་བའི་བསྔོ་སྨོན་ལྷད་མེད་བྱས་པའི་མཚམས་འདིར། གཡུང་དྲུང་བསྟན་པ་གཅིག་གི་བྱས་པ་མ་གྲོས་མཛད་བཟང་གཅིག་ཏུ་གྱུར་པའི་སྐྱེས་བུ་གཞན་ལ་སྤྲོ་བ་ཆེན་པོའི་རྗེས་རངས་འབུལ་ཏེ། མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེས་གཙོ་གཉེར་གནང་བས་དབྲ་སྟོན་པའི་གསུང་འབུམ་ཞུས་བསྒྲིགས་བྱས་པ་དེབ་ཕྲེང་བརྒྱད་ཅན་དཔར་འགྲིམས་གནང་བ་དང་། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་གཉེར་གནང་བས་རིག་འཛིན་ཀུན་གྲོལ་བའི་གསུང་འབུམ་ཞུས་བསྒྲིགས་གྲུབ་པ་དང་། གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད་རིན་པོ་ཆེས་གཙོ་གཉེར་གནང་བས་རྒྱལ་བ་མཉམ་མེད་ཆེན་པོའི་གསུང་འབུམ་ཞུས་བསྒྲིགས་སྤེལ་གཏན་ཁེལ་བའི་མཛད་བཟང་བཅས་ལ། ཕྱི་དར་མཁས་པའི་གསུང་འབུམ་དག་སྐྲུན་འཕེལ་བའི་དགེ་མཚན་རྣམ་པར་རྒྱལ་བའི་སྨོན་རངས་སྤྲོ་གསུམ་གྱི་མཆོད་པ་སྒོ་གསུམ་དག་པས་ཞུས་ཏེ།
སླད་མར་ཁྱུང་པོ་སྟེང་ཆེན་དགོན་ཏུ་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ལྷན་ཁང་༽ནས་བཀའ་བརྟེན་དཔེ་ཚོགས་གང་རུང་བསྒྲིགས་ཞུས་སྤེལ་བའི་འཆར་འགོད་ཡོད་པར་ལམ་དུ་ལྷོངས་བའི་རེ་སྨོན་དང་། དེ་བཞིན་སྟོད་སྨད་བར་གསུམ་གང་ས་ནས་བླ་སྤྲུལ་དགེ་བཤེས་གང་ཞིག་གིས་གཙོ་གཉེར་གྱིས་ཕྱི་དར་མཁས་པའི་གསུང་འབུམ་རྣམས་རིམ་བཞིན་བསྒྲིགས་ཞུས་དག་འཕེལ་འབྱུང་བའི་རེ་སྨོན་རྣམ་པ་དཀར་པོའི་མཚམས་སྦྱར་དང་བཅས། 

ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་དག་བསྒྲིགས་བྱས་པའི་ལེའུའི་རྩིས་བྱང་བློ་གྲོས་སྒོ་འབྱེད།

པོད་དང་པོ།།

༡ ཀུན་མཁྱེན་ཤར་རྫ་པའི་རྣམ་ཐར་རྒྱས་པ།།

པོད་གཉིས་པ།།

༡ སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ། ༢ སྔོན་འགྲོའི་ངག་འདོན། ༣ སྒོམ་རིམ་ཐར་ལམ་མྱུར་བསྒྲོད། ༤ ཨ་ཁྲིད་ཀྱི་སྔོན་འགྲོའི་ཚིག་བཤད། ༥ རིགས་དྲུག་རང་སྦྱོང་གི་ཁྲིད། ༦ བླ་མའི་རྣལ་འབྱོར། ༧ མཎྜལ་བཅུ་བདུན་པའི་ངག་འདོན། ༨ ལྷ་ཡི་བོན་ཡན་ལག་བརྒྱད་པ། ༩ ཡན་ལག་བདུན་པ། ༡༠ གནས་བཞི་མཆོད་པའི་ལས་ཆོག ༡༡ བྱང་སྡོམ་འབོག་ཚུལ། ༡༢ བྱང་སྡོམ་ཆོ་ག ༡༣ བོན་གྱི་དབུ་འཆད། ༡༤ ཡན་ལག་བདུན་པ་མེ་སྟོན་ཅན།།

པོད་གསུམ་པ།

༡ རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་རྩིས་བྱང་། ༢ དངོས་གཞིའི་ཡང་ཏིག ༣ གསང་བདག་ལག་ལེན་ནོར་བུའི་ཕྲེང་བ། ༤ གསང་ བདག་སྒྲུབ་པའི་ཆ་ལག ༥ གསང་བདག་ཚོགས་མཆོད། ༦ གསང་བདག་ཞི་སྒྲུབ། ༧ གསང་བདག་ཁྲོ་སྒྲུབ། ༨ མཁའ་འགྲོའི་སྒྲུབ་པ། ༩ ཁོད་ སྤུངས་སྒྲུབ་ཐབས་སྙིང་ཐིག ༡༠ བརྒྱུད་པའི་ཕྱག་མཆོད། ༡༡ ཚོགས་སྐོང་། ༡༢ ཡེ་ཤེས་དབལ་མོའི་སྲོག་བསྐུལ་སྙིང་གི་ཐིག་ལེ། ༡༣ མ་ གསུམ་བསྐུལ་པ། ༡༤ སྨན་བཞིའི་སྒྲུབ་ཐབས། ༡༥ བྲག་བཙན་བསྐུལ་པ། ༡༦ དབང་བཞིའི་ཟིན་རིས། ༡༧ སྤྲོས་བཅས་དབང་། ༡༨ སྤྲོས་ མེད་དབང་། ༡༩ ཤིན་ཏུ་སྤྲོས་མེད་དབང་། ༢༠ རབ་ཏུ་སྤྲོས་མེད་དབང་། ༢༡ སྔོན་འགྲོའི་རྗེས་ཀྱི་ཚིག་བཤད། ༢༢ རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཁྲིད་ཉམས་སུ་ལེན་ཚུལ། ༢༣ ལས་དང་པོ་བའི་སེམས་སྐྱོང་ཐབས། ༢༤ ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་སྤུངས། ༢༥ བོགས་འདོན་འཁྲུལ་འཁོར། ༢༦ འཁྲུལ་འཁོར་བསྡུས་མ་གསེར་གྱི་ཐུར་མ། ༢༧ ཐོད་རྒལ་སྣང་བཞིའི་ཉམས་ལེན། ༢༨ མཚན་སྣང་ ཨར་གཏད་གདམས་པ། ༢༩ སྤྱོད་པའི་མན་ངག་ཡེ་ཤེས་རང་འབར། ༣༠ གཉིད་ལམ་རྩལ་སྦྱོང་། ༣༡ འཆི་ཁའི་རྩལ་སྦྱོང་། ༣༢ འདོད་ ཆགས་ལམ་བྱེད་བདེ་སྟོང་རང་བྱོན། ༣༣ སྐུ་གསུམ་བཅུད་ལེན་ཐར་པའི་རྒྱགས་ཕྱེ། ༣༤ འབྲས་བུ་རང་སར་བཟུང་བའི་ཁྲིད།།

པོད་བཞི་པ།

༡ སྐྱབས་སྡོམ་ཉི་ཤུ་པའི་ས་བཅད། ༢ སྐྱབས་འགྲོ་ཉི་ཤུ་པ། ༣ སྐྱབས་སྡོམ་ཉི་ཤུ་པའི་འགྲེལ་པ། ༤ བྱང་སེམས་བརྒྱ་རྩ་དགུ་པའི་ས་བཅད། ༥ བྱང་སེམས་ཀྱི་བསླབ་པ་ཚིགས་སུ་བཅད་པ་བརྒྱ་རྩ་དགུ་པ། ༦ བརྒྱ་རྩ་དགུ་པའི་འགྲེལ་པ་ཟླ་འོད་རབ་གསལ། ༧ བྱང་སེམས་ལྔ་བཅུ་ པའི་ས་བཅད། ༨ བྱང་སེམས་ལྔ་བཅུ་རྩ་དགུ་པའི་གཞུང་། ༩ བྱང་སེམས་ལྔ་བཅུ་རྩ་དགུའི་འགྲེལ་པ་ཉིན་བྱེད་སྣང་བ། ༡༠ འོལ་མོ་ལུང་རིང་གི་ཞིང་སྨོན་གྱི་ས་བཅད། ༡༡ བདེ་ཆེན་ཞིང་སྨོན། ༡༢ སྤྲུལ་སྐུའི་ཞིང་སྨོན་གྱི་འགྲེལ་པ། ༡༣ ཞིང་སྨོན་གྱི་ས་བཅད། ༡༤ བདེ་ཆེན་ཞིང་གི་སྨོན་ལམ། ༡༥ ལོངས་སྐུའི་སྨོན་ལམ་གྱི་འགྲེལ་པ། ༡༦ བོན་སྐུའི་སྨོན་ལམ་གྱི་ས་བཅད་རིག་པའི་མེ་ལོང་། ༡༧ བོན་ སྐུའི་སྨོན་ལམ་གཏི་མུག་གཉིད་སྐྲོག། ༡༨ བོན་སྐུའི་སྨོན་ལམ་གྱི་འགྲེལ་པ། ༡༩ འབུམ་སྡེ་བཞིའི་རྣམ་འགྲེལ་ཉི་འོད་གཞོན་ནུ། ༢༠ དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའི་མདོ། ༢༡ དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་འཇའ་ཚོན་དྲྭ་བ།།

པོད་ལྔ་པ།།

༡ ལེགས་བཤད་མཛོད།།

པོད་དྲུག་པ།

༡ ལུང་རིགས་མཛོད།།

པོད་བདུན་པ།།

༡ ས་བཅད་འཕྲུལ་གྱི་ལྡེ་མིག ༢ སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར། ༣ སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་གཤེན་བསྟན་གསལ་བའི་སྒྲོན་མ།།

པོད་བརྒྱད་པ།།

༡ སྡེ་སྣོད་རིན་པོ་ཆེའི་མཛོད་ལས་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་འགྲེལ་པ། ༢ དྲིས་ལན་ཚིག་གསལ་སྒྲོན་མ། ༣ འཇིག་རྟེན་སྣོད་བཅུད་ཀྱི་གཞུང།།

པོད་དགུ་པ།།

༡ བོན་འཆད་མཁས་པའི་མགུལ་རྒྱན། ༢ ཀུན་བཟང་སྙིང་ཏིག ༣ རྩ་རླུང་གནད་ཀྱི་ཞལ་ཤེས། ༤ སྙན་བརྒྱུད་རྩ་རླུང་འཁྲུལ་འཁོར། ༥ གཏམ་ཐོས་རིན་ཆེན་ཕྲེང་བ། ༦ ཚོགས་འཁོར་བསྐོར་བའི་རྣམ་བཤད། ༧ ཐེག་དགུའི་གྲུབ་མཐའི་རྣམ་བཞག་ཉུང་འདུས། ༨ ལྟུང་བ་བཤཊ་པའི་མདོ་ཡི་ཁྲིད་ཀྱི་རིམ་པ། ༩ ཁང་བརྩེགས་མཆོད་རྟེན་བཞེངས་ཐབས་ཀྱི་ལག་ལེན་སྐབས་བཅུ་པ། ༡༠ ལྷོ་གཏེར་སཱཙྪ་ཤོག་གཅིག་མ། ༡༡ དགེ་བསྙེན་ཐེག་པ་ལས་ཕྱུང་བའི་བདེ་གཤེགས་སྐུ་གདུང་སཱཙྪའི་ཆོ་ག ༡༢ སཱཙྪ་རིགས་ལྔ་ཐུགས་རྗེ་ཡོངས་སྤྲོས་ཀྱི་དཀྱིལ་ ཆོག ༡༣ བསྟན་གྲགས་ཀྱི་བརྒལ་ལན། ༡༤ ཨ་ཁྲིད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར། ༡༥ བཀའ་འབུམ་གྱི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ།།

པོད་བཅུ་པ།།

༡ ཀུན་མཁྱེན་བླ་མའི་གསུང་རབ་ལ་འཇུག་པར་བསྐུལ་བའི་གཏམ། ༢ རྫོགས་ཆེན་ནམ་མཁའ་མཛོད་ཀྱི་རྩིས་བྱང། ༣ བླ་སྒྲུབ་འདོད་འབྱུང་རིན་ ཆེན། ༤ བླ་སྒྲུབ་ཆ་ལག། ༥ བདེ་གཤེགས་འདུས་པའི་གཏོར་མ་བཅའ་ཐབས། ༦ སྐུ་གསུམ་རང་ཤར་གྱི་གཏོར་མ་བཅའ་ཐབས། ༧ བདེ་འདུས་ ཟིན་རིས་ཤེལ་དཀར་མེ་ལོང། ༨ སྔོན་འགྲོ་སྦྱོར་བའི་བོན་བདུན། ༩ རྗེས་བྱ་བསྡུད་པའི་བོན་བདུན། ༡༠ ཀུན་བཟང་ཐུགས་ཐིག་གི་གསོལ་ འདེབས། ༡༡ རྩ་གསུམ་གྱི་སྐྱབས་སེམས་གསོལ་འདེབས། ༡༢ ཀུན་བཟང་ཐུགས་ཐིག་གི་བརྒྱུད་ཕྱག། ༡༣ རྩ་གསུམ་བརྒྱུད་ཕྱག། ༡༤ ཀུན་བཟང་ ཐུགས་ཐིག་གི་མཆོད་པའི་རྒྱན་ཕྲེང། ༡༥ བདེ་གཤེགས་འདུས་པའི་སྒྲུབ་པ་ཀུན་ཏུ་བཟང་པོའི་ཐུགས་ཏིག། ༡༦ བདེ་འདུས་འཛབ་ཀྱི་ཤོག་ཆུང། ༡༧ རིག་འཛིན་འདུས་པའི་སྒྲུབ་པ། ༡༨ གསས་མཁར་མཆོག་ལྔའི་སྒྲུབ་པ། ༡༩ མཁའ་འགྲོ་ཀུན་འདུས་སྒྲུབ་པ། ༢༠ མྱོང་གྲོལ་རིལ་བུའི་སྒྲུབ་ ཐབས། ༢༡ ལས་བཞིའི་མཁའ་འགྲོའི་དམིགས་རིམ། ༢༢ སྲིད་པའི་རྒྱལ་མོའི་གསང་སྒྲུབ་དགྲ་སྲོག་གཅོད་པའི་སྤུ་གྲི། ༢༣ ཚོགས་མཆོད་རིན་ཆེན་གཏེར་ཆེན། ༢༤ ཚོགས་བསྡུས་ཚོགས་གཉིས་མཛོད་ཁང་། ༢༥ ཚོགས་བསྡུས་འཕྲོ་འདུ་ལོངས་སྤྱོད། ༢༦ བླ་མ་རྣམས་ལ་ཚོགས་བརྒྱུད་པ་རྐང་ཐོན་ འབུལ་ཐབས། ༢༧ བརྒྱུད་སྐོང་ཐུགས་རྗེས་མྱུར་གཟིགས། ༢༨ ཡན་ལག་བཞི་ལྡན་སྐོང་བ། ༢༩ སྲིད་པའི་རྒྱལ་མོའི་གསང་བསྐུལ་ཐོག་མདའ་ འབར་བ། ༣༠ ལྟ་སྒོམ་ཉམས་ཀྱིས་མྱོས་པའི་ཐོལ་གླུ། ༣༡ དག་སྣང་གཞི་ལམ་འབྲས་བུའི་བསྡུས་དོན། ༣༢ རིག་འཛིན་ཚེ་ཡི་སྒྲུབ་པ། ༣༣ ཞི་ རྒྱས་དབང་དྲག་དགོངས་འདུས་སྒྲུབ་པ། ༣༤ ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཟིན་རིས། ༣༥ ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཆ་ལག། ༣༦ ལས་ བཞི་རྒྱུན་ལྔའི་སྦྱིན་སྲེག། ༣༧ མཆོག་ལྔའི་སྦྱིན་སྲེག་བྱ་ཐབས། ༣༨ སྤྲོས་བཅས་དབང་ཆོག་ལུང་གི་སྒྲོན་མ། ༣༩ སྤྲོས་མེད་དབང་ཆོག་དོན་གསལ་ སྒྲོན་མ། ༤༠ ཤིན་ཏུ་སྤྲོས་མེད་དབང་ཆོག་གསལ་བའི་སྒྲོན་མ། ༤༡ རབ་ཏུ་སྤྲོས་མེད་དབང་ཆོག་རིག་པའི་སྒྲོན་མ། ༤༢ རིག་འཛིན་འདུས་པའི་ དབང་ཆོག ༤༣ གསས་མཁར་མཆོག་ལྔའི་དབང་ཆོག ༤༤ མཁའ་འགྲོ་ཀུན་འདུས་དབང་ཆོག ༤༥ བར་དོའི་ངོ་སྤྲོད་གསེར་གྱི་མེ་ལོང་བསྡུས་པ། ༤༦ བར་དོའི་ངོ་སྤྲོད་གསེར་གྱི་མེ་ལོང། ༤༧ དཀོན་མཆོག་ར་མདའ་སྦྲན་པ། ༤༨ བྱམས་མའི་མནྜལ་བཞི་ཆོག ༤༩ བྱམས་མ་གཡུལ་ལས་རྒྱལ་ བའི་གསོལ་འདེབས། ༥༠ གླུད་དང་ཆང་བུ་བསྔོ་ཐབས། ༥༡ ངག་སྡོམ་ཆོ་ག་གསེར་གྱི་ཐ་རམ། ༥༢ སྡོམ་གསུམ་གསོ་སྦྱོང་རྒྱན་གྱི་ཕྲེང་བ། ༥༣ སངས་རྒྱས་རབས་བདུན་གྱི་བསྟོད་པ་ནོར་ཕྲེང། ༥༤ བསྙེན་སྨྱུང་གཉིས་ཀྱི་སྡོམ་ཆོག ༥༥ ཁམས་ཐིག་ལེའི་མདོ། ༥༦ འབུམ་བསྡུས་ནོར་བུའི་ རྒྱན་ཕྲེང་། ༥༧ རྒྱུན་སྤྱོད་ཡིན་བཞིན་ནོར་བུ། ༥༨ མདོ་འདུས་ལས་བྱུང་བའི་བསྔོ་བ། ༥༩ སྨོན་ལམ་སངས་རྒྱས་ཞིང་བགྲོད། ༦༠ སྨོན་ལམ་ཡིད་བཞིན་ཀུན་འགྲུབ། ༦༡ སྨོན་ལམ་བསྡུས་པ། ༦༢ སྒྲ་དབྱངས་རྒྱལ་མོའི་ཤོག་ཆུང་འདོད་འབྱུང་བུམ་བཟང། ༦༣ སྒྲ་དབྱངས་རྒྱལ་མོའི་སྒྲུབ་ཆུང། ༦༤ སྒྲ་དབྱངས་རྒྱལ་མོའི་དབང་ཀ་ཡེ་ཤེས་དྲྭ་བ། ༦༥ ཀ་བསྟོད་དབྱར་རྔའི་སྒྲ་དབྱངས། ༦༦ ཀ་བསྟོད་བུང་བའི་གླུ་དབྱངས། ༦༧ སྨྲ་སེང་ཚེ་སྒྲུབ་བདུད་རྩི་བུམ་པའི་ཆོག་ཁྲིགས། ༦༨ ཚེ་སྒྲུབ་གསོལ་འདེབས། ༦༩ གཞི་གསུམ་ཆོ་གའི་ཟིན་རིས། ༧༠ བྱིན་རླབས་དབྱུང་གཞུག་གི་ཆོ་ག ༧༡ རིགས་ལྔ་བདེ་གཤེགས་འདུས་པའི་ཚོམ་བུ་སྒྲུབ་པའི་ལག་ལེན། ༧༢ ཚོམ་བུ་ཚོགས་སྒྲུབ་ཀྱི་ཉུ་ལེ་བཀར་བའི་ཆོག་ཆུང་། ༧༣ སྐྱེས་བུ་གསུམ་གྱི་ལམ་ཁྲིད་མདོར་བསྡུས་པ།།

པོད་བཅུ་གཅིག་པ།

༡ དབྱིངས་རིག་མཛོད། སྟོད་ཆ།།

པོད་བཅུ་གཉིས་པ།

༡ དབྱིངས་རིག་མཛོད། སྨད་ཆ། ༢ དབྱིངས་རིག་མཛོད་ཀྱི་དོགས་སེལ་གསལ་བའི་སྒྲོན་མ།།

པོད་བཅུ་གསུམ་པ།

༡ གསང་བ་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམ་པར་འབྱེད་པ་ལྷ་གཉེན་ཤེལ་སྒོང་། ༢ ལྷ་གཉེན་ཤེལ་སྒོང་གི་ཟུར་རྒྱན་བཀའ་ལུང་ཕྱོགས་ བསྒྲིགས། ༣ མ་རྒྱུད་ཐུགས་རྗེ་ཉི་མའི་ཁྲིད་རིམ་ཐར་ལམ་མྱུར་བགྲོད། ༤ མ་རྒྱུད་འཕོ་བ། ༥ འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད། ༦ འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ། ༧ མ་རྒྱུད་གཉན་ས་ལམ་ཁྱེར་ཁྲིད་ཡིག་བདུད་བཞི་ཚར་གཅོད།།

པོད་བཅུ་བཞི་པ།

༡ སྡོམ་གསུམ་རྣམ་པར་འབྱེད་པའི་བཀའ་བརྟེན་གྱི་ས་བཅད། ༢ ཐེག་པ་ཆེན་པོའི་ལམ་གྱི་རྟེན་གཞི་སྡོམ་གསུམ་ རྣམ་པར་འབྱེད་པ། ༣ སྡོམ་གསུམ་གྱི་འགྲེལ་པ་ལེགས་བཤད་འཕྲུལ་གྱི་ལྡེ་མིག ༤ སྡོམ་པ་གསུམ་གྱི་གཏམ་རྒྱུད་ངོ་ མཚར་ནོར་བུའི་ཕྲེང་བ།

པོད་བཅོ་ལྔ་པ།

༡ བཀྲ་ཤིས་རྒྱལ་མཚན་ལ་གསུང་གི་སྒོ་ནས་འདུད་པའི་ཚིག་ཕྲེང་། ༢ སངས་རྒྱས་བསྟན་འཛིན་གྱི་གསོལ་འདེབས། ༣ ཞལ་གདམས་ཚིག་བཅད། ༤ ཞལ་གདམས་ཚིག་ལྷུག ༥ ཉམས་མགུར་བདེ་སྟོང་རིང་མོ། ༦ ཨ་ཁྲིད་སྔོན་འགྲོའི་ཚིག་བཤད་ཀྱི་ཚིག་འགྲེལ། ༧ རྣམ་ཐར་གསོལ་འདེབས། ༨ གྲུབ་དབང་བཀྲ་ཤིས་རྒྱལ་མཚན་གྱི་ཞབས་ལ་ཅུང་ཟད་བསྔགས་པ། ༩ རིས་མེད་བླ་སྤྲུལ་རྣམས་ཀྱིས་ཕུལ་བའི་གསོལ་འདེབས་ཕྱོགས་བསྒྲིགས། ༡༠ ཞུ་འཕྲིན་ཕྱོགས་བསྒྲིགས། ༡༡ རྒྱལ་ཚབ་སྐྱེས་རབས་དང་གསོལ་འདེབས་ཕྱོགས་བསྒྲིགས། ༡༢ སྨོན་ལམ་དཀོན་མཆོག་གསུམ་གྱི་བདེན་པ།།

པོད་བཅུ་དྲུག་པ༎

༡ ཉམས་ཁྲིད་སྙིང་གི་རྒྱ་ཅན། ༢ ཁྲིད་ཡིག་དམར་མོ་མཛུབ་ཚུག་གི་སྔོན་འགྲོའི་རྣམ་བཤད། ༣ ཕྱྭ་སྲས་ཀེང་ཙེ་སྒྲུབ་ཐབས་ཁྲིགས་སུ་ བསྡེབ་པ། ༤ འ བྲུག་གསས་རྩ་སྒྲུབ་ཀྱི་ཆ་ལག་རིན་པོ་ཆེའི་རྒྱན། ༥ འབྲུག་གསས་ཆེམས་པ་དབལ་ཕུར་རྩ་བའི་སྒྲུབ་པ། ༦ སྟོང་ཁྱབ་ནག་ མོ་སྐྱེ་འགྲོ་ཟ་བྱེད་ཀྱི་སྒྲུབ་པ། ༧ དབལ་ཕུར་ནག་པོའི་ནང་སྐོང་། ༨ སྲུང་བའི་མདེལ་ཁའི་འགྲེས་བྱང་། ༩ ཟློག་པའི་མདེལ་ཁའི་འགྲེས་བྱང་། ༡༠ མདོས་ཀྱི་སྒོ་དབྱེ། ༡༡ སྲུང་ཟློག་གི་མདེལ་ཁ། ༡༢ གདུགས་དཀར་གྱི་ཟློག་པའི་འདོད་གསོལ། ༡༣ སྲིད་པ་རྒྱལ་མོའི་ འཁྲུགས་སྐོང་། ༡༤ བཀའ་གསང་ལྷ་མོའི་གནད་བསྐུལ། ༡༥ ཚེ་དབང་བོད་ཡུལ་མའིརྩ་རླུང་ཞལ་ཤེས། ༡༦ ཚེ་དབང་བོད་ཡུལ་མའི་མེ་མཆོད། ༡༧ སྙན་བརྒྱུད་རིན་ཆེན་སྒྲོན་གསལ་གྱི་གཅོད་ཀྱི་ཁྲིད་ཡིག ༡༨ མཆོད་གཏོར་ཟིན་རིས། ༡༩ སྦྱིན་པ་རྣམ་བཞིའི་ལག་ལེན།།

པོད་བཅུ་བདུན་པ།།

༡ བསང་བསྡུས་འདོད་རྒུའི་སྤྲིན་ཆེན། ༢ མ་རྒྱུད་རྒྱལ་བ་རྒྱ་མཚོའི་གཉན་ས་ལམ་ཁྱེར་ཀྱི་གདམས་པ། ༣ གསང་ཆེན་རོལ་པ་ཟང་ཐལ་གྱི་ལུས་སྦྱིན། ༤ མཁའ་འགྲོའི་གད་རྒྱང། ༥ སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་རིགས་དྲུག་སོ་སོའི་འདྲེན་ཆོག ༦ འདོད་ཡོན་གཏད་པ། ༧ ཁྱུང་སྒྲུབ་དྲེགས་པ་ཀུན་འཇོམས། ༨ ཆར་འབེབ་ཀུན་གསོ་བརླན་བྱེད། ༩ མངོན་རྟོགས་བསྡུས་པ་གསེར་གྱི་ཐིགས་པ། ༡༠ ལག་ལེན་ མཐོང་བ་དོན་གསལ། ༡༡ བྲོ་བརྡུང་སྣང་སྲིད་ཟིལ་གནོན། ༡༢ བྲོ་བརྡུང་བསྡུས་པ་སྲིད་གསུམ་ཟིལ་གནོན། ༡༣ གཤེད་འདུལ་དྲག་པོ་ཁོལ་ཕྱུང། ༡༤ བསད་པ་སྤུ་གྲི་རེག་ཆོད། ༡༥ གནས་ཆོག་འཁོར་བ་དོང་སྤྲུག ༡༦ རིགས་དྲུག་སོ་སོའི་གནས་ཆོག ༡༧ དབང་ཁྲིད་ཡེ་ཤེས་རང་ཤར། ༡༨ ཞང་ཞུང་སྙན་བརྒྱུད་ཀྱི་ཡེ་དབང་ཆེན་མོའི་དབང་ཁྲིད། ༡༩ བདེ་གཤེགས་ཀུན་རིག་སྒྲོན་མའི་དབང་ཁྲིད། ༢༠ མཉམ་མེད་གྲུབ་དབང་འཇའ་ལུས་ཡབ་སྲས་བླ་སྒྲུབ། ༢༡ ཡང་གསང་བླ་སྒྲུབ་ཚོགས་བསྡུས། ༢༢ བླ་སྒྲུབ་ཐུགས་རྗེའི་རྒྱུན་སྐྱོང་། ༢༣ ཤར་རྫ་བཀྲ་ཤིས་རྒྱལ་མཚན་དཔལ་་བཟང་པོའི་རྟོགས་བརྗོད།། ༼པོད་བཅུ་བདུན་གྱི་ལེའུ་ཁྱོན་བསྡོམས་གྲངས།། ༢༣༤༽

ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས། སྤྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༨ ཉིན་སྤེལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག