ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཉག་རོང་གྲུབ་མཐའ་བཞིའི་རིག་གཞུང་དར་སྤེལ་བགྲོ་གླེང་།
ཉག་རོང་གྲུབ་མཐའ་བཞིའི་རིག་གཞུང་དར་སྤེལ་བགྲོ་གླེང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་འཆི།] [ཟླ་ཚེས། 11-10-12] [ཀློག་གྲངས། ]


བགྲོ་གླེང་གནས་སའི་ཟུར་ཞིག

  ཉག་རོང་རིག་གཞུང་དར་སྤེལ་བགྲོ་གླེང་ནི་ཉིས་སྟོང་དགུ་ནས་འགོ་བཟུང་སྟེ་ལོ་རེ་ཐེངས་རེ་འཚོགས་ཀྱི་ཡོད་པས་དེ་ནི་བོན་པོ་དང་རྙིང་མ་ས་སྐྱ་བཀའ་རྒྱུད་བཅས་གྲུབ་མཐའ་ཆེན་པོ་བཞི་མཉམ་འབྲེལ་གྱིས་གྲུབ་པ་ཞིག་ཡིན་པས་ཚོགས་པ་འདི་ནི་ཉག་རོང་ཙམ་མ་ཚད་ཁམས་ཕྱོགས་ཀྱི་རིག་གཞུང་དར་སྤེལ་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་རེད་ཚོགས་གཙོ་མི་སྣ་ཡང་བོན་པོ་དང་རྙིང་མ་སོགས་གྲུབ་མཐའ་བཞིའི་མི་སྣ་བཅུ་ལྷག་ཡོད་ལ་དེ་ནི་མི་རིགས་དང་གྲུབ་མཐའི་བར་གྱི་ཐེ་ཚོམ་སྒྲོ་འདོགས་ལ་སོགས་སེལ་ནས་ཕན་ཚུན་ལ་མོས་གུས་དང་དག་སྣང་སྐྱེད་བྱེད་ཡང་ཡིན་པ་རེད། ཚོགས་པ་འདིའི་ནང་ལ་དངོས་ཞུགས་མཁན་ནི་ཉག་རོང་དགོན་ཁག་ལྔ་བཅུ་ང་གསུམ་གྱི་བླ་སྤྲུལ་མཁན་པོ་ཡོངས་དང་གཞན་ནས་གསེར་རྟ་བླ་རོང་སྒར་གྱི་མཁན་སྤྲུལ་རྣམས་དང་ཡ་ཆེན་བསམ་གཏན་གླིང་གི་མཁན་སྤྲུལ་རྣམ་པ་རྒྱལ་བ་བཀའ་ཐོག་དགོན་པའི་མཁན་སྤྲུལ། ཤར་རྫའི་རི་ཁྲོད་ཀྱི་མཁན་པོ་རྣམ་པ་བཅས་མདོར་ན་བླ་སྤྲུལ་དང་དགེ་འདུན་སྟོང་ལྷག་བཞུགས་ཡོད་ལ་དེའི་ནང་བོན་པོ་དགོན་པ་བརྒྱད་ཀྱི་བླ་སྤྲུལ་ཉི་ཤུ་ལྷག་ཡོད་ལ།

 
བོན་གྱི་སྐུ་ཚབ་རྣམ་པ།

   ད་ལོའི་རིག་གཞུང་བགྲོ་གླེང་དེའི་སྟེང་ནས་མཁན་རིག་འཛིན་དབང་རྒྱལ་དང་། ཨ་འཆི་མེད་རྣམ་རྒྱལ་གཉིས་ཀྱིས་གཡུང་དྲུང་བོན་དང་འབྲེལ་བའི་གསུང་བཤད་གནང་བ་དང་མཁན་རིག་འཛིན་དབང་རྒྱལ་གྱིས་བན་བོན་གཉིས་ཀ་ཐུགས་མཐུན་ཁྲིམས་གཙང་གཙོ་བོ་ཡིན་ཚུལ་དང་རྩ་བའི་ཆ་ནས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་པ་ལ་ཁྱད་པར་མེད་པས་དེ་ལ་འགལ་བ་མེད་ཚུལ་གྱི་སྐོར་རྒྱས་པར་བཤད། ཨ་འཆི་མེད་རྣམ་རྒྱལ་གྱིས་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེསམཛད་པ་སྐྱོངས་ཚུལ་དང་དེའི་གསུངས་པའི་བཀའ་ཐེག་པ་རིམ་དགུ་རྣམས་ངོ་སྤྲོད་བྱེད་པ་དང་ད་དུང་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་ལ་སོགས་ཇི་ལྟར་ཡིན་ཚུལ་གྱི་སྐོར་རྒྱས་པར་བཤད། དེ་ནས་གྲུབ་མཐའ་བཞིའི་མཁན་སྤྲུལ་རྣམས་ཀྱིས་གསུང་བཤད་རིམ་པར་བྱེད་དེ་བོད་ཀྱི་རིག་གནས་དང་ཆོས་ལུགས་སོགས་དར་སྤེལ་གཏོང་ཚུལ་ལ་མཉམ་དུ་བསམ་བློ་བརྗེ་རེས་མཛད།

   གཡུང་དྲུང་བོན་གྱི་ཐད་ནས་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་དང་སུ་ལ་རི་ཁྲོད་ཀྱི་མཁན་པོ་ཨ་འཆི་མེད་རྣམ་རྒྱལ་གཉིས་ཀྱི་གཙོ་བོར་བྱས་ཏེ་བླ་སྤྲུལ་རྣམས་ཀྱིས་བགྲོ་གླེང་བྱས་པ་དང་རྙིང་མའི་ཐད་ནས་གསེར་རྟ་མཁན་པོ་ཚུལ་ཁྲིམས་དང་ཡ་ཆེན་བསམ་གཏན་གླིང་གི་རྒྱལ་ཚབ་དང་བཀའ་ཐོག་དགོན་པའི་སྤྲུལ་སྐུ་བློ་དགའ་སོགས་ཀྱི་གཙོ་བོར་བྱས་ནས་མཁན་སྤྲུལ་རྣམས་ཀྱིས་གསུང་བཤད་གནང་། ས་སྐྱ་ནས་ས་སྐྱ་མཁན་པོ་བློ་ལྡན་གཙོས་པའི་མཁན་པོ་རྣམས་ཀྱིས་གསུང་བཤད་གནང་། བཀའ་རྒྱུད་ནས་མཁན་པོ་འཇམ་དབྱངས་གཙོ་བོར་བྱས་ནས་མཁན་པོ་རྣམ་པས་གསུང་བཤད་གནང་། གསུང་བཤད་ཀྱི་ནང་དོན་ནི་གྲུབ་མཐའ་བཞི་བོ་གཅིག་ལ་གཅིག་རྟེན་གྱི་མཐུན་སྒྲིལ་ཟབ་མོ་བྱས་ནས་རིག་གཞུང་དར་སྤེལ་གཏོང་དགོས་ཚུལ་གྱི་སྐོར་ཡིན་པ་རེད།

   འདི་ནི་ལོ་རེ་བཞིན་བན་བོན་གཉིས་ཀའི་དགོན་པ་ནང་རེས་བསྐོར་བྱས་ནས་འཚོགས་རྒྱུའི་གྲོས་ཐག་བཅད་པ་རེད། ཉིན་བཞི་ཙམ་གྱི་རིང་ལ་གྲུབ་མཐའ་སོ་སོ་ཕན་ཚུན་བགྲོ་གླེང་བྱས་ནས་མཇུག་མཐའ་ཕན་ཚུན་ལ་དད་གུས་དང་མོས་འདུན་གྱི་ངོས་ནས་ཚོགས་པ་གྲོལ་བ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག