ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས༽ཀྱི་རྒྱུན་ལས་ཚོགས་འདུ་འཚོགས་པ།
༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས༽ཀྱི་རྒྱུན་ལས་ཚོགས་འདུ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཡིག་ཚན་ཁག] [ཟླ་ཚེས། 11-10-14] [ཀློག་གྲངས། ]

༧ དཔལ་ཤར་རྫ་བའི་གདན་ས་རུ་གསས་ཁང་སྒོ་འབྱེད་ཀྱི་མཛད་སྒོ་ཆེན་མོ་དང་འབྲེལ་ཏེ་སྐབས་དང་བོའི་ཐེངས་གཉིས་པའི་༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་༽ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་རྒྱལ་ཁ་དང་གཟི་བརྗིད་ངང་ནས་འཚོགས་པ།

མདོ་སྨད་སྨན་ལྗོངས་ས་ཡི་ཐིག་ལེ་ཀུན་མཁྱེན་ཤར་རྫ་བའི་གདན་ས་ནི་བཤད་སྒྲུབ་སྒོམ་གསུམ་གྱི་ནང་ཚན་སྒྲུབ་པ་ཉམས་ལེན་གཙོར་འཛིན་པའི་མདོ་དབུས་ཁམས་གསུམ་གྱི་ནང་ནས་བར་མདོ་ཁམས་སྒང་དྲུག་གི་ཁྱབ་ཁོངས་རྫ་སྒང་རིང་མོའི་རི་གསེབ་དང་། རྫ་ཆུ་སྔོན་མོ་ཆུ་རྒྱུད་ལ་གནས་ཤིང་། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཞལ་ནས། རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག ང་བཞིན་བྱས་ན་ང་བཞིན་ཡོང་བར་ངེས། ཞེས་གསུངས་པ་ལྟར་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག ཕྱི་སོ་ཐར་གྱི་སྡོམ་པས་སྐུ་བཙུན་ཞིང་། ནང་བྱང་སེམས་གསང་སྔགས་ཀྱི་སྒོམ་སྒྲུབ་ཉམས་ལེན་དང་། ཁྱད་པར་བླ་མེད་རྫོགས་པ་ཆེན་པོའི་གདམས་པ་རང་རྒྱུད་ལ་སྦྱར་ཏེ་ཚེ་གཅིག་ལུས་གཅིག་ལ་ཤར་རྫ་གཡུང་དྲུང་ལྷུན་པོའི་སྒྲུབ་གནས་སུ་ཉམས་ལེན་མཐར་ཕྱིན་མཛད་པས་ཟག་བཅས་གདོས་ལུས་ཀྱི་ཕུང་པོ་དེ་ཟག་མེད་འཇའ་ལུས་སུ་དེངས་པར་བསྒྲུབ་པ་ནས་བཟུང་ཀུན་མཁྱེན་ཤར་རྫ་པའི་གདན་ས་ཞེས་མཚན་སྙན་རླུང་ལྟར་འབར། དེ་ནས་འཇའ་ལུས་པ་ཁོང་གི་ཐུགས་སྲས་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་གྱིས་ཤར་རྫ་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་གྱི་སྡེ་སྔར་ལས་ལྷག་པའི་ཡར་རྒྱས་བཏང་སྟེ་རིམ་བཞིན་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་གང་སར་ཤར་རྫ་པའི་སྒྲུབ་གྲྭའི་སྲོལ་བཙུགས། དེ་ནས་དུས་ཀྱི་འཕོ་འགྱུར་ལ་བརྟེན་འཕེལ་འགྲིབ་ཀྱི་རང་བཞིན་འགའ་བྱུང་ཡང་།

སྤྱི་ལོ་༡༩༨༣ནས་བཟུང་རྩ་བའི་གནས་འདིར་བསྟན་པའི་རྒྱུན་རྩ་ཐོག་མར་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེས་བཙུགས་ཤིང་དེ་ནས་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་དང་ཉག་བླ་གཡུང་དྲུང་བསྟན་འཛིན་སོགས་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་སྔར་སྲོལ་རྒྱུན་གནས་སུ་བྱུང་ཐུབ་ཡོད་ལ། དེང་གི་ཆར་རྒྱལ་ཚབ་ཨ་འཇིག་གམ་འཇིགས་མེད་དབང་ཕྱུག་དང་། མཁན་པོ་རིག་འཛིན་དབང་རྒྱལ་ཟུང་གིས་ཤར་རྫ་བའི་སྒྲུབ་རྒྱུན་བཀའ་གཞུང་མཛོད་ཆེན་སྡེ་ལྔའི་གཞུང་དོན་སྐལ་ལྡན་གྱི་བུ་སློབ་རྣམས་ལ་འཆད་ཁྲིད་སྒོམ་སྒྲུབ་སོགས་གནང་ནས་རི་ཁྲོད་ཀྱི་རྣམ་པར་གནས་པ་ལ།

 

ཉེ་བའི་ལོ་ཤས་ནང་ཕྱོགས་ཕན་གྱི་གྲྭ་རྒྱུན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དང་། མི་རིགས་དང་གྲུབ་མཐའ་རིས་སུ་མ་ཆད་པ་མི་སྣ་མང་པོ་འདུ་འཛོམས་དང་། བར་ཁམས་ཕྱོགས་བོན་གྱི་གྲྭ་ས་ལྟ་བུ་ཆགས་ནས་སྔར་གྱི་སྒོམ་སྒྲུབ་རི་ཁྲོད་བྱིན་ཅན་དེ་འདུ་འཛོམས་ཆེ་བའི་གྲྭ་ས་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད། གྲྭ་སའི་རྣམ་པ་ཅན་ཞིག་གནས་པ་ལ་ཕྱི་ནང་ཕྱོགས་གང་ཐད་ཆ་རྐྱེན་ཅུང་དཀའ་བའི་གནས་སུ་མཆིས་པ་ལ་ཐར་སྡེ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་རིན་པོ་ཆེས་དགོངས་པ་ཆེ་བཞེས་ཐོག་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ། ཁྱད་པར་དུ་ཀུན་མཁྱེན་ཤར་རྫ་པའི་གདན་ས་རུ་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་བ་རྣམས་ལ་དམིགས་ཏེ་ཡོ་བྱད་ཀྱི་རྒྱུ་དང་། བརྩོན་འགྲུས་ཀྱི་ཕྱག་སོགས་ལོ་ངོ་གཉིས་ལྷག་རིང་དཀའ་སྤྱད་འབད་བརྩོན་གནང་བའི་ཕྱག་རྗེས་སུ་ཚོགས་ཆེན་འདུ་ཁང་དང་བཤད་ཁྲིད་ཁང་སོགས་ཀ་རིང་བརྒྱད་དང་ཀ་ཐུང་བཅུ་དྲུག་ཅན་གྱི་གསས་ཁང་ཐོག་གཉིས་བརྩེགས་གསེར་འཕྲུ་རྒྱ་ཕིབ་དང་ལྡན་པའི་མཐོང་གྲོལ་ལྷ་ཁང་བསྟན་འགྲོའི་དཔལ་དུ་བཞེངས་བསྐྲུན་དང་། དེའི་ནང་ལ་བསྟན་གཙོ་རྒྱུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་རྫོགས་པའི་སངས་རྒྱས་འཆི་མེད་གཙུག་ཕུད་དམ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་གཙོས་ཕྱི་ནང་གི་རྟེན་དང་བརྟེན་པ་ཆ་ཚང་བསྟན་པའི་དཔལ་དུ་རྗེས་བཞག་མཛད།

དེ་ནས་ཕྱིའི་གསས་ཁང་དང་། ནང་གི་སྐུ་བརྙན་མཐོང་གྲོལ་ཆེན་མོ་དག་མངའ་དབུལ་དང་བཀྲ་ཤིས་རབ་གནས་རྟེན་འབྲེལ་གྱི་མཛད་སྒོ་ལ་མདོ་དབུས་ཁམས་གསུམ་གྱི་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དུ་མ་གདན་ཞུ་དང་འབྲེལ་རྟེན་འབྲེལ་གྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། རྟོགས་ལྡན་ཁྲི་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། སྣང་ཞིག་རྒྱ་འོབ་བསྟན་འཛིན་དབང་རྒྱལ། སྐྱང་སྤྲུལ་དྲི་མེད་འོད་ཟེར། རྟོགས་ལྡན་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། རྒྱལ་ཚབ་འཇིགས་མེད་དབང་ཕྱུག གྲུབ་ཆེན་ནམ་མཁའ་རྒྱལ་མཚན། དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་བླ་མ་ཚེ་རིང་། ཐར་སྡེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དགེ་བཤེས་གདོང་བཙུན་རྒྱ་ཐར། རྟོགས་ལྡན་སྐལ་ཁོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དགེ་བཤེས་ཤེས་རབ་གྲགས་པ། མཁན་པོ་ཚེ་རིང་ནོར་བུ། དགེ་བཤེས་བསྟན་པའི་ཉི་མ། མཁན་པོ་ལུང་རྟོགས་བསྟན་འཛིན་དཔལ་ལྡན། མོང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་སོགས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་དང་།

གཞན་ཡང་དགོན་སྡེ་དང་རི་ཁྲོད་ཁག་གི་བླ་སྤྲུལ་དགེ་བཤེས་དང་། མཁན་པོ་གྲྭ་པ་མཁའ་འགྲོ་བཙུན་མ་སོགས་འདུས་སྡེ་བརྒྱད་བརྒྱ་ཙམ་འདུ་འཛོམས་བྱུང་ལ།




སྤྱི་ལོ་ ༢༠༡༡ལོའི་ཟླ ༡༠ ཚེས་ ༡༠ ཉིན་སྔ་དྲོ་ལ་ཤར་རྫ་ཁོག་གི་དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་གིས་ཟབ་རྒྱས་ཀྱི་ཕེབས་བསུ་ལ། མི་རིགས་ཀྱི་རྒྱན་གོས་ཕུན་སུམ་ཚོགས་པ་གྱོན་ཞིང་། ཅང་ཤེས་རྟ་ཕོ་ལ་གཟར་སྒ་ཆས་བརྒྱན་ཏེ་སྤྱི་ལེ་བཅུ་ཕྲག་གི་ལམ་ནས་ཅང་ཤེས་རྟ་ཕོ་བརྒྱ་ཕྲག་གི་སྣེ་དྲངས་ནས། དེ་རྗེས་སྦག་སྦག་འཕྲུལ་འཁོར་སྟོང་ཕྲག་ལྷག་ལ་དར་ཚོན་སྣ་ལྔ་དང་མེ་ཏོག་སྣ་ཚོགས་ཐོག་པ་དང་། རླངས་འཁོར་འདྲ་མིན་ཅི་རིགས་སོགས་མུ་ཏིག་ཕྲེང་བ་ལྟར་ཚར་དུ་དངར་བའི་ཕེབས་བསུ་དང་། དེ་རྗེས་བླ་སྤྲུལ་སྐུ་མགྲོན་རྣམས་ཀྱི་ཕེབས་འཁོར་བང་སྒྲིག་བརྗིད་ཉམས་ལྡན་པའི་ངང་དཔལ་ཤར་རྫའི་གདན་ས་རུ་འབྱོར་མཚམས་རྫ་ཁོག་གི་དགོན་སྡེ་ཁག་གི་བླ་སྤྲུལ་འདུས་སྡེ་རྒྱ་མཚོའི་གསེར་ཕྲེང་དང་ཕེབས་བསུ་ཟབ་རྒྱས་ཞུས་ཏེ་བཀྲ་ཤིས་པའི་ལྷ་རྫས་ཀྱི་མཆོད་པ་ཅི་རིགས་དང་རོལ་མོ་སྣ་ཚོགས་སོགས་ཀྱི་མདུན་བསུས་ཏེ་གཙུག་ལག་ཁང་མཐོང་གྲོལ་ཆེན་མོའི་རྡོ་བཅལ་སྟེང་།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་ཆེན་མོ་དབུས་བཞུགས་ཐོག་གཡས་གཡོན་རིམ་པར་སྐྱེས་ཆེན་གྱི་བླ་སྤྲུལ་ཁག་དང་མཁན་པོ་དགེ་བཤེས་སོགས་སོ་སོར་བཞེངས་ཏེ་མཆོད་རྔ་བརྒྱ་རྩ་རྒྱས་འབུལ་གྲུབ་མཚམས་ཚོགས་ཁང་དབུས་སུ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་བཤམས་ཏེ།


 

ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་གཙོས་དེར་ཡོད་འདུས་པ་ཡོངས་ཀྱིས་མཎྡལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་སོགས་འདེགས་འབུལ་ཞུས། དེ་ནས་གཙུག་ལག་གསས་ཁང་ཆེན་མོར་སྒོ་འབྱེད་ཀྱི་མཛད་སྒོ་དབུ་ཚུགས་ཏེ་མཛད་སྒོའི་འདིའི་དབུ་འཛིན་མཆོག་སྤྲུལ་ཚེ་དབང་འཇིགས་མེད་དང་། རྫ་སྟེང་ཆེན་དགོན་པའི་དབུ་བླ་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཤར་རྫ་རི་ཁྲོད་ཀྱི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་ཚབ་སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ། འབྲེལ་ཡོད་ས་གནས་སྲིད་གཞུང་ཁག་གི་སྐུ་ཚབ་མི་སྣ་རྣམས་ཀྱིས་གསུང་བཤད་དང་གཏམ་གླེང་སྤེལ།

དེ་མཚམས་གཙུག་ལག་ཁང་སྒོ་འབྱེད་དངོས་ལ་སྒོ་གཡས་གཡོན་དུ་ཞུགས་མར་སྒྲོན་མེ་རེ་བཏེགས་ཏེ་བླ་སྤྲུལ་རྒན་པ་རྣམས་ཀྱིས་འདུ་ཁང་ལེགས་གྲུབ་མཛད་སྒོའི་བཀྲ་ཤིས་དར་རིས་བཅད་པ་དང་ཆབ་ཅིག་སངས་རྒྱས་བསྟན་པའི་བ་དན་མཁའ་ལ་སྒྲོན་ཞིང་འདུས་སྡེ་ཡོངས་ཀྱིས་བསྟན་རྒྱས་སྨོན་ལམ་གསུངས།


དེ་རྗེས་ཐེངས་འདིའི་མཛད་སྒོའི་དྲན་རྟེན་བླ་སྤྲུལ་འདུས་སྡེ་ཡོངས་ཀྱི་སྐུ་པར་མཉམ་སྒྲོན་ཞུས། དགོང་མོར་བླ་སྤྲུལ་རྣམས་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་ཐད་བཞུགས་མོལ་ཚོགས་འདུ་དང་བགྲོ་གླེང་མཛད།


དེ་ནས་ཉིན་གཉིས་པའི་སྔ་དྲོར་བླ་སྤྲུལ་འདུས་སྡེ་ཀུན་གྱིས་ཆོ་ག་བཅུ་གཉིས་ཀྱི་ནང་ཚན་དུས་འཁོར་ཆོ་གའི་སྒོ་ནས་གསས་ཁང་རབ་གནས་ཀྱི་མཛད་སྒོ་དང་།

དེ་ནས་རྫ་སྟེང་ཆེན་དགོན་པའི་དགོན་གནས་གསར་སྤོའི་གནས་ལ་བླ་སྤྲུལ་རྣམས་ཀྱིས་ས་འདུལ་རབ་གནས་མཛད། ཕྱི་དྲོར་མུ་མཐུད་བཞུགས་མོལ་ཚོགས་འདུ་དང་བགྲོ་གླེང་མཛད།

དེ་ནས་ཉིན་གསུམ་པའི་སྔ་དྲོ་ལ་ས་གནས་ཀྱི་དད་ལྡན་མང་ཚོགས་ཡོངས་ལ་མཇལ་ཁ་དང་དབང་བསྐུར། ཕྱི་དྲོར་ཐེངས་འདིའི་མཛད་སྒོའི་འཇུག་སྡོམ་དང་བགྲོ་གླེང་སྐབས་ཀྱི་གྲོས་ཆོད་ཁག་གཏན་འབེབས་བཅས་ཀྱི་འཇུག་སྡོམ་བྱས་པའི་གནས་ཚུལ་བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག