ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོའི་གནས་ཚུལ་རགས་བསྡུས།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོའི་གནས་ཚུལ་རགས་བསྡུས།
[རྩོམ་གྱི་ཡོང་ཁུངས། ཨ་ཀྲོང་རིན་རྒྱལ་གྱི་ཟིན་བྲིས།] [རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།] [ཟླ་ཚེས། 11-11-22] [ཀློག་གྲངས། ]

    གངས་ཅན་སྒེག་མོ་སཱ་ལའི་ལྗོངས་འདིར་མཁྱེན་དཔྱོད་ཀྱི་ཕ་མཐར་སོན་ཞིང་། སྙན་པའི་གྲགས་པ་དགུང་ལ་འཕྱུར་བའི་གནའ་རབས་ཀྱི་གདན་ས་གཡས་རུ་དབེན་ས་ཁ་ཡི་མཁས་གྲུབ་གོང་མ་དག་གི་གདམས་ཟབ་ཐུན་མོང་མ་ཡིན་པའི་བཞེད་གཞུང་རླབས་པོ་ཆེ་ཕ་རོལ་གྱི་རྒོལ་བ་ངན་པ་དེ་དག་སུན་ཕྱུང་ཞིང་ཕམ་པར་བྱེད་པ་ལ་རང་གཞན་ཀུན་གྱི་མ་རྟོགས་པ་དང། ལོག་པར་རྟོག་པ། ཐེ་ཚོམ་སོགས་སྒྲོ་འདོགས་ཀྱི་བློའི་འཆིང་ཞགས་མཐའ་དག་རྣམ་པར་གྲོལ་བར་བྱེད་པ་སྟེ། འཆད་རྩོད་རྩོམ་གསུམ་གྱི་གསེར་གྱི་འཁོར་ལོ་ཅི་དགར་སྐོར་བར་བྱེད་ཅིང་རྣམ་རིག་གྱི་བང་རྩལ་མཁའ་རུ་རྩེན་པའི་སྨྲ་བའི་དབང་ཕྱུག་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དེ་ཉིད་ཀྱིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བའི་གཞུང་འདི་ཉིད་གཙོས་ཚད་མའི་གཞུང་ལུགས་ཀུན་ལས་བློ་གྲོས་ཀྱི་རྩལ་མངོན་པར་རྒྱས་ཤིང་རིག་པའི་འཕྲུལ་འདེགས་ཀྱི་ནུས་པ་ཆེ་ཙམ་ཐོན་པ་སོགས་དགེ་ཕན་ཆེ་བར་གཟིགས་ཏེ་གདན་ས་གོང་མ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་གཉེར་བ་ཡོངས་ལོ་རེར་ཟླ་བ་གཅིག་གི་རིང་དམིགས་གསལ་གྱིས་ཚད་མ་ཁོ་ནར་འཆད་རྩོད་བྱེད་དེ་གླིང་སྟོད་དང་གླིང་སྨད་ཅེས་འཛིན་གྲྭ་གཉིས་སུ་བགོས་ནས་ཉིན་ལྟར་སྔ་དྲོ་ཕྱག་ཕྱོད་བདུན་ པའི་ཐོག་ཚོགས་ཏེ་ཚོགས་འདོན་གསུངས་རྗེས་ཞོགས་ཇ་གསོལ།

འཆད་ར་དགའ་ཚལ་གླིང་དུ་རྩོད་སྦྱོང་གནང་བཞིན་པ།

དེ་མཚམས་བྱམས་མ་དང་བར་ཆད་ལམ་སེལ་སོགས་གསུངས་རྗེས་ཚོགས་གྲོལ། དེ་ནས་ཕྱག་ཕྱོད་བདུན་དང་ཕྱིད་ཀ་ནས་བརྒྱད་པའི་བར་རང་ཤག་ཏུ་བློ་འཛིན་དང་སྐྱོར་སྦྱོང་སོགས་གནང་རྗེས་ཕྱག་ཕྱོད་དགུ་དང་ཕྱི་ཀའི་བར་འཆད་རར་ཕེབས་ཏེ་གནས་གསུམ་ཚད་མ་གསུམ་དང་མི་འགལ་བའི་སྒོ་ནས་རིག་པའི་སྒྲོ་འདོགས་ལེགས་པར་དཔྱད་རྗེས་ཕྱག་ཚོད་དགུ་བ་ཕྱིད་ཀའི་ཐོག་འཆད་ར་གྲོལ་རྗེས་གླིང་སྟོད་སྨད་གཉིས་སོ་སོའི་དགེ་རྒན་བཤད་སྒྲུབ་འདུས་སྡེའི་མཁན་དཔོན་སློབ་རྣམ་གཉིས་ཀྱི་མདུན་དུ་དཔེ་ཁྲིད་ལ་ཕེབས་ཏེ་སློབ་མའི་དབང་པོ་དང་འཚམས་པའི་གང་ལ་གང་འདུལ་གྱི་གལ་གནད་ཆེ་ཁག་རིགས་བསམ་གཞིགས་ཐོག་ཕན་ཚུན་བགྲོ་གླིང་དང་། སློབ་མས་ཀྱང་གསལ་ཁ་མེད་པའི་དཀའ་གནད་ཀྱི་གོ་དོན་རིགས་ལ་དོག་སེལ་བཀའ་འདྲི་ཞུས་ཏེ། ཕྱག་ཕྱོད་བཅུ་གཅིག་བར་དཔེ་ཁྲིད་གནང་རྗེས་ནང་སྦྱོང་གི་ལས་ལ་བརྩོན་པར་མཛད།


བཤད་སྒྲུབ་འདུས་སྡེའི་སློབ་དཔོན་རིན་པོ་ཆེས་རྟགས་གསལ་གཏོང་གནང་བ།

ཕྱག་ཕྱོད་བཅུ་གཉིས་ཐོག་གཙུག་ལག་ཁང་ཆེན་ནང་དུ་གསོལ་ཚིག་བཞེས་པ་དང་བཀའ་ལུང་སོགས་གསན་པར་མཛད་ནས་ཚོགས་གྲོལ། དེ་རྗེས་ཕྱག་ཕྱོད་དང་པོ་དང་ཕྱི་ཀའི་ཐོག་འཆད་ར་དགའ་ཚལ་གླིང་དུ་འཛོམས་ཏེ་དགག་སྒྲུབ་ཀྱི་གནས་ལ་བརྩོན་རྗེས་ཕྱག་ཕྱོད་གསུམ་པའི་ཐོག་ཚོགས་ཁང་ནང་དུ་ཚོགས་ཏེ། མཚན་ཉིད་རྩ་གཞུང་སོགས་གསུངས་རྗེས་གསོལ་ཇ་བཞེས་མཚམས་འཇིག་རྟེན་གྱི་ཁམས་སུ་ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་རྒྱས་ཡུན་དུ་གནས་པ་དང་། བསྟན་འཛིན་སྐྱེས་འཕགས་གང་ན་སུ་བཞུགས་རྣམས་ཞབས་པད་བརྟན་ཞིང་བཞེད་དོན་གེགས་མེད་ལྷུན་གྱི་འགྲུབ་ཆེད་དང་། སྦྱིན་བདག་རྣམ་པའི་མི་མཐུན་རྒུད་ཚོགས་ལྷག་མེད་དུ་ཞི་ཕྱིར་བསྐང་གསོལ་དང་བར་ཆད་ལམ་སེལ་སོགས་བདེན་ཚིག་སྨོན་ལམ་གྱིས་རྒྱས་གདབ་གནང་ཏེ་ཚོགས་གྲོལ།

དེ་ནས་ཕྱག་ཕྱོད་གསུམ་དང་སྐར་མ་བཞི་བཅུ་ནས་ཕྱག་ཕྱོད་ལྔ་པའི་བར་ཆར་ཅན་ལྟར་རིག་གནས་སོགས་ཀྱི་དཔེ་ཁྲིད་མེད་པར་ཚད་མའི་གཞུང་ཁོ་ནར་དཔེ་བལྟ་དང་བློ་འཛིན་སོགས་གནང་རྗེས་དགོང་མོ་ཕྱག་ཕྱོད་ལྔ་པ་ནས་དྲུག་པ་ཕྱི་ཀའི་བར་འཆད་ར་ནང་དུ་རྩོད་སྦྱོང་བྱས་ཏེ་རིག་པའི་བརྡར་ཤ་ལེགས་པར་དཔྱད་ཅིང་། ཕ་རོལ་པོའི་རིག་པ་ལྟར་སྣང་གི་འདོད་ཚུལ་མི་མཐུན་པ་དེ་དག་སུན་ཕྱུང་ཞིང་འགོག་པའི་ཐབས་ལ་འབད་པ་ཆེས་ཆེར་མཛད། དེ་རྗེས་འཆད་ར་ཆེན་མོའི་གླིང་ཁ་གྲུ་བཞིའི་ནང་དུ་སློབ་གཉེར་བ་རྣམས་གུས་བསྟར་ཚར་དུ་དངར་བར་བསྒྲིགས་ནས་ཕྱག་པད་སྙིང་ཀར་ཟླུམ་སྟེ་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་འཆད་ར་གྲོལ།


གླིང་སྟོད་སྨད་གཉིས་ཀྱིས་ཐུག་རྒྱག་བཞིན་པ།

དངོས་གཞིའི་དམ་བཅའ་ཆེན་མོ་ཚོགས་བཞིན་པ།

བདུན་ཕྲག་གསུམ་གྱི་རིང་དུ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་གཙོས་པའི་བཤད་སྡེའི་མཁན་སློབ་རྣམ་གཉིས་དང་དགེ་བའི་བཤེས་གཉེན་རྣམ་པ་དཔང་དུ་བཞུགས་ཏེ་རྩོད་ཐུག་རྒྱག་སྐབས་གླིང་སྟོད་སྨད་སོ་སོའི་ནང་དུ་སློབ་གཉེར་བ་གཉིས་རེ་རེས་མོས་ཀྱིས་དམ་བཅར་བཞུགས་ཏེ་བཀའ་ལུང་རིག་པའི་སྒོ་ནས་བརྡར་ཤ་དཔྱད་དེ་རྒྱལ་ཕམ་དགག་བཞག་མཛད་། དེ་རྗེས་བདུན་ཕྲག་གསུམ་གྱི་རྗེས་སུ་བདུན་ཕྲག་གཅིག་གི་རིང་དུ་རྩོད་རྒྱུགས་ཆེན་མོའི་དམ་བཅའ་ཚོགས་ཏེ་སློབ་གཉེར་བ་གཉིས་རེ་དམ་བཅར་བཞུགས་ནས་རིག་ལམ་པའི་རྟགས་གསལ་དེ་ཡང་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་མདུན་དུ་དཀའ་གནད་ཀྱི་གཞུང་དོན་ཁག་ལ་ཤོག་སྒྲིལ་གནང་སྟེ་བཞག་ཡོད་པ་ནས། རིག་ལམ་པ་སོ་སོས་རེ་རེ་སླངས་རྗེས་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་ཤོག་སྒྲིལ་ཁ་ཕྱེས་ཤིང་དེའི་ནང་དུ་གལ་གནད་དང་རྩ་ཚིག་སོགས་གང་འཁོད་ཀྱི་དོན་ལ་མི་རེས་སྐར་ཆ་བཅོ་ལྔ་ཡས་མས་སུ་རང་གི་རིག་པའི་སྟོབས་དང་བློ་གྲོས་ཀྱི་རྩལ་ཡང་དག་གིས་སུས་ཀྱང་བསྙོན་དུ་མི་ནུས་པའི་འཐད་ལྡན་གྱི་རིགས་པ་ཡང་དག་གི་ལམ་ནས་དགག་བཞག་ཚུལ་མཐུན་གནང་སྟེ་གཡས་རུའི་འཆད་རྩོད་ཆེན་མོ་རྒྱལ་ཁའི་ངང་དུ་འཇུག་གྲུབ་པས་གནས་ཚུལ་མདོར་བསྡུས་ཙམ་དུ་བཀོད་པའོ། །ཐ་ཚན་མུ་ཙུག་སྨར་རོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག