སྤྱིར་རྒྱལ་སྤྱི་དང་རྒྱལ་ནང་གང་སར་བོད་ཀྱི་མེས་པོའི་རིག་གཞུང་དང་། ལོ་རྒྱུས། ཆོས་ལུགས་བཅས་ཀྱི་སྐོར་ལ་ཆུ་འགོ་གངས་བཏུགས་ཀྱི་ལོ་རྒྱུས་ཡ་ཐོག་གི་ཞང་ཞུང་དང་བོན་གྱི་ལོ་རྒྱུས་ལ་སྔར་ལས་ལྷག་པའི་དོ་སྣང་དང་། བགྲོ་གླེང་། ཞིབ་འཇུག་སོགས་བྱེད་པའི་དུས་འདིར། བོན་གྱི་ཐ་སྙད་དེ་དག་མི་རིགས་གཞན་གྱི་སྐད་ཡིག་ཏུ་བསྒྱུར་སྐབས་དེ་སྔོན་གཏན་འབེབ་བྱས་པའི་ལོ་རྒྱུས་ཡིག་རིགས་ཅུང་དཀོན་པར་བརྟེན། དུས་རྒྱུན་དཀའ་ངལ་འཕྲད་ཆེ་བ་དབྱིན་ཡིག་དང་རྒྱ་ཡིག་ཏུ་ཐོག་བོན་གྱི་ཐ་སྙད་བསྒྱུར་དུས་དེ་དག་མིང་དོན་འཆུག་པ་དང་ནོར་བ། གོ་བ་ལོག་པ། ཐ་ན་མིང་གཅིག་ལ་ཐ་སྙད་འབྲི་ཚུལ་མི་འདྲ་བ་དུ་མ་ཞིག་ཐོན་ཏེ་རྒྱ་ཆེའི་ཀློག་པ་རྣམས་དང་། ཞིབ་འཇུག་དང་ཆེད་ལས་པ་ཀུན་ལ་ཐ་སྙད་གཅིག་གྱུར་མེད་པའི་རྐྱེན་གྱིས་དཀའ་ངལ་དུ་མ་ཞིག་འཕྲད་དང་འཕྲད་མུས་ཡིན། དཀའ་ངལ་དེ་གདོང་ལེན་བྱེད་ཆེད་སྔ་ལོ་༢༠༡༠ལོའི་ཟླ་༡༢ཚེས་༡ནས་ཚེས་བཞི་བར་ཉིན་བཞིའི་རིང་། བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་ནག་ནང་ཁུལ་ནས་བོན་གྱི་ཆེད་ལས་མཁས་པ་ཉི་ཤུ་ཡས་མན་བགྲོ་གླེང་དང་དག་ཐེར་བྱས་ནས་རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་ཚོགས་ཐེངས་དང་པོ་དེ་རྒྱ་ནག་ཁྲི་འདུ་གྲོང་ཁྱེར་ལ་བསྐང་ཚོགས་བྱས་ཟིན་ལ།
ད་ལན་ཚོགས་འདུ་འདི་ལྟ་བུ་དེ་རྒྱལ་ཁབ་སྲིད་གཞུང་གིས་གཙོ་བོར་འགན་ཁུར་ནས་མི་རིགས་ལོ་རྒྱུས་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་དང་གཏན་འབེབ་དགོས་པ་ཞིག་ཡིན་ཀྱང་། མིག་སྔར་ད་བར་རང་རྒྱལ་སྲིད་གཞུང་དང་ཚོགས་སྡེ་གང་གིས་ཀྱང་གལ་ཆེའི་གནད་དོན་འདི་ཐོག་ལ་བགྲོ་གླེང་དང་། ཐ་སྙད་གཏན་འབེབ་སོགས་ཀྱི་ལས་དོན་གང་ཡང་སྤེལ་ཐུབ་མེད། སྐབས་འདིའི་ཚོགས་ཐེངས་འདི་བོད་མི་རིགས་ཀྱི་ཡ་ཐོག་གི་རིག་གཞུང་ལོ་རྒྱུས་དང་ཆོས་ལུགས་སོགས་ཀྱི་ཐ་སྙད་སྐོར་དེ་ཞང་ཞུང་དང་བོན་ལ་འབྲེལ་བ་ཆེར་ལྡན་ཡོད་པར་བརྟེན། བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཕུག་བསམ་དང་ཤ་ཞེན། བོན་གྱི་ཤེས་རིག་ལོ་རྒྱུས་ཆེད་མཁས་དུ་མ་ཞིག གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་གོམ་པ་གཉིས་པའི་ཚུལ་དུ། རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་ཚོགས་ཐེངས་གཉིས་པ་དེ་ལེགས་གྲུབ་བྱུང་བ་རེད། སྐབས་འདིའི་ཚོགས་ཞུགས་གནང་མཁན་བོན་གྱི་ཆེད་ལས་མི་སྣ་དང་། བོད་རྒྱའི་སྐད་ཡིག་གཉིས་མཁས་བླ་སྤྲུལ་དགེ་བཤེས་ཆེད་ལས་མཁས་པ་རྣམ་པ་ཉི་ཤུ་ཙམ་འདུ་འཛོམས་གནང་། ཕེབས་མཁན་གཙོ་བོ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ། སི་ཁྲོན་ཞིང་ཆེན་ནང་བསྟན་འཐུས་ཚོགས་གྱི་ལས་འཛིན་པ། རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་པའི་སྤྲུལ་སྐུ་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་འགན་འཛིན། དཔལ་གཤེན་བསྟན་སྨན་རི་དགོན་པའི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས། 《གླང་དར་མ》དུས་དེབ་རྩོམ་སྒྲིག་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་མི། རྔ་བ་རྫོང་སྣང་ཞིག་དགོན་པའི་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་དང་། ཀོང་པོ་སྐུ་ཤུག་དགོན་པའི་དགོན་བདག རྔ་བ་སྣང་ཞིག་དགོན་པའི་ཁྲི་ཟུར་སྤྲུལ་སྐུ་ཨ་གྲགས་ཤེས་རབ་དཔལ་ཆེན། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་མི། རྔ་བ་རྫོང་རྟོགས་ལྡན་དགོན་པའི་ཁྲི་ཟུར་བསྐལ་ཁོ། ཤར་ཁོག་དགའ་མལ་དགོན་ཆེན་གྱི་མཁན་ཆེན་དང་། ཤར་ཁོག་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཚེ་རིང་། མཚོ་སྔོན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་། ཁྱུང་མོ་དགོན་པའི་མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ། རྔ་བ་སྣང་ཞིག་དགོན་པའི་དམངས་བདག་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ། དགེ་བཤེས་ཤེས་རབ་ཚུལ་ཁྲིམས་སམ་འཇམ་མེ། རྔ་བ་སྣང་ཞིག་དགོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན། སྣང་ཞིག་དགོན་པའི་དགེ་བཤེས་གཡུང་དྲུང་བསམ་གཏན། རྩེ་དྲུག་དགོན་པའི་གྲྭ་ཚང་མཁན་པོ་དགེ་བཤེས་ལུང་རྟོགས་བསྟན་འཛིན་དཔལ་ལྡན། རྔ་བ་ཁུལ་རྒྱལ་རོང་ཆུ་ཆེན་རྫོང་། མཚོ་སྟེང་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་རིན་ཆེན་ཕུན་ཚོགས། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ། འབུམ་རམ་པ་ཤར་བ་ཐོགས་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། སི་ཁྲོན་རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་མཐོ་འབྲིང་དགེ་རྒན་ཆེན་མོ་ཆུ་མདོ་པད་མ་བཀྲ་ཤིས། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་རྒན་ཚེ་བརྟན་སྐྱབས། སི་ཁྲོན་རྔ་བ་ཁུལ་མཐོ་རིམ་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོ་ཤར་པ་ཚེ་བརྟན། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ། རྒན་མཆོག་ལྡན་ཐར། གཡང་གི་ཕྱུག་མོའི་དཔར་སྒྲིག་ཁང་གི་འགན་འཛིན་ཀུན་ཐར་མཚོ། ཟིང་ཆུ་ཞང་ངུ་ཀུན་དགའ། རྔ་བ་ཁུལ་རྒྱལ་རོང་ཆུ་ཆེན་རྫོང་། མཚོ་སྟེང་དགོན་པའི་ཁ་ལོ་བ་ཚེ་རིང་བཀྲ་ཤིས་བཅས་སོགས་ཐེངས་འདིའི་ཚོགས་འདུར་ཕེབས་ཡོད།
འདི་ལོ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཐེངས་གཉིས་པའི་ཚོགས་འདུའི་གྲོས་ཆོད་སྐབས་བོན་གྱི་ཐ་སྙད་ཁག་རྒྱ་སྐད་ཐོག་གཏན་འབེབ་བཟོ་རྒྱུ་དེ་ཆེས་ཁ་ཚ་དགོས་གཏུགས་ཀྱི་གལ་གནད་ཆེ་བར་བརྟེན་འབྱུང་འགྱུར་ལོ་རེའི་ནང་ལས་དོན་དེའི་ཐོག་ཚོགས་འདུ་ཐེངས་རེ་འཚོགས་དགོས་རྒྱུའི་གཏན་འབེབ་བྱས་པ་གཞིར་བཟུང་། འདི་ལོ་ཡང་ཚོགས་ཐེངས་གཉིས་པ་དེ་རྒྱ་ནག་ཁྲི་འདུར་རྒྱལ་ཁའི་ངང་སྐོང་ཚོགས་གནང་རྒྱུའི་གྲོས་ཐག་བཅད་ལ། ཐེངས་འདིའི་ཚོགས་འདུའི་གོ་སྒྲིག་དང་སྟངས་འཛིན་གནང་མཁན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་དང་། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་གཉིས་ཀྱིས་གནང་ཞིང་། ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་སྔ་ཕྱིར་གཏན་འབེབས་ཟིན་པའི་ལག་རྗེས་ཕྲ་མོ་འདི་ནི་མི་བརྒྱ་ངག་གཅིག་གི་ལམ་བུ་དང་། ཆུ་བརྒྱ་ཟམ་འོག་ཏུ་བགྲོད་པའི་ལམ་བུ་ཞིག་ངོས་འཛིན་གནང་སྟེ། བོན་གྱི་ལོ་རྒྱུས་ལ་དོ་སྣང་དང་ཐུགས་སྣང་དཀར་བའི་རྩོམ་སྒྲིག་པ་དང་། ཞིབ་འཇུག་པ། སློབ་གཉེར་བ། ཉམས་ལེན་པ་སུ་ཡིན་རུང་། བོན་གྱི་སྐོར་རྒྱའི་སྐད་ཡིག་ཐོག་ཕབ་བསྒྱུར་དང་རྩོམ་འབྲི་སོགས་གནང་དུས་གཏན་འབེབས་ཟིན་པའི་ཐ་སྙད་འདི་དག་ངེས་པར་དུ་ཁྱེད་རྣམས་ཀྱིས་བེད་སྤྱོད་གནང་རོགས་ཞུ་ལ། ཐ་སྙད་གཅིག་གྱུར་ཡོང་ཆེད་སྐུ་ཉིད་ཀྱི་གྲོགས་པོ་རྣམས་ལ་དེ་བཞིན་འབོད་བསྐུལ་གནང་རོགས་ཞུ་རྒྱུ། གལ་སྲིད་གང་ཟག་ཆེ་གེ་མོ་ཞིག་སྤྱི་ཚོགས་ཐུན་མོང་གི་བགྲོད་ལམ་ལ་མ་ཕྱིན་གྲོགས་མེད་ཁེར་རྐྱང་གི་ལམ་ལ་ཕྱིན་ན། བོད་ཀྱི་གཏམ་དཔེར། “བྱ་བརྒྱ་ཁ་ཤར་བསྟན་དུས། སྒམ་ཁྱེར་ཕ་བོང་ཨ་ཀེ་ཁ་ནུབ་ཏུ་བལྟ”ཞེས་པའི་དཔེ་ཟླར་འགྱུར་སྲིད།
ཐེངས་འདིའི་ཉིན་བཞིའི་བགྲོ་གླེང་ནང་། བོན་གྱི་རྒྱུན་སྤྱོད་ཐ་སྙད་གལ་ཆེན་ཁག་གཅིག་རྒྱའི་སྐད་ཡིག་ཐོག་སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཀའི་ཐོག་ནས་བསམ་གཞིག་གནང་སྟེ། སྒྲ་དོན་ཐོག་སྤྱིར་རྒྱལ་སྤྱིའི་སྒྲ་དོན་དང་སྒོས་སུ་བོད་ཀྱི་སྒྲ་གདངས་ཐད་མདོ་དབུས་ཁམས་གསུམ་གྱི་སྒྲ་ཀློག་སྟངས་མི་འདྲ་བར་བརྟེན་གཙོ་བོར་ལྷ་སའི་སྒྲ་གདངས་དང་བསྟུན་ནས་བཞག དོན་བསྒྱུར་ཐད་གཙོ་བོར་བོན་གྱི་གཞུང་ལུགས་དང་མ་འགལ། དེ་ནས་རྒྱའི་སྐད་ཡིག་འགྲོས་དང་མཐུན་པ། ཐུན་མོང་གིས་སྤྱོད་བདེ་བ་བཅས་གཙོ་བོའི་གནད་དོན་གསུམ་གྱི་སྒོ་ནས་ ཐོག་མའི་འཆར་གཞི་འདི་ལོར་མི་སྣའི་སྐོར་དང་། ལྷ་ཚོགས། གསུང་རབ། དགོན་སྡེ་རི་ཁྲོད། གནས་རི་བསྒྲུབ་གནས་སོགས་དོན་ཚན་ཁ་ཤས་ཡོད་ཀྱང་། དུས་ཡུན་ཐུང་བའི་དབང་གིས་སྐབས་འདིར་གཙོ་བོར་མི་སྣ་སྟོན་པ་རབ་དགུ་དང་། སྔགས་ཀྱི་གྲུབ་ཆེན་བརྒྱད་ཅུ། རྫོགས་ཆེན་གྱི་ཨ་སྙན་རྫོགས་གསུམ་གྱི་བླ་བརྒྱུད་ཆ་ཚང་། མདོ་ལུགས་ཀྱི་འདུལ་རྒྱུད་སྐོར། གཡས་རུའི་མཁས་གྲུབ་བཅོ་བརྒྱད། སྨན་རིའི་མཁན་རབས་སོ་གསུམ། བཀའ་འགྱུར་གྱི་མཇུག་བྱང་དུ་འཁོད་པའི་གཏེར་སྟོན་རྣམས་ཀྱི་མཚན་སོགས་སྐབས་འདིའི་ཚོགས་ཐེངས་ཐོག་གཏན་འབེབ་བྱས་ལ། ཉིན་རྗེས་མའི་ནང་སྔ་ལོར་གཏན་འབེབ་བྱས་པའི་ཡིག་ཆ་དང་ད་ལན་གཏན་འབེབ་བྱས་པའི་ཐ་སྙད་སྐོར་ཆ་ཚང་ཞུ་དག་ལེགས་པར་བགྱིས་ལ། ལྷག་ཏུ་སྔ་ལོ་དང་འདི་ལོའི་ཐ་སྙད་སྒྲ་བསྒྱུར་ཁག་དེ་ཐ་སྙད་གཅིག་གྱུར་ངེས་པ་ཅན་ཞིག་གཏན་འབེབ་བཟོས་ཡོད།
ཐེངས་འདིའི་ཚོགས་འདུའི་གྲོས་ཆོད་ཁག་གཤམ་གསལ།
༡༽སྐད་བསྒྱུར་ཚོགས་པའི་མིང་ནི། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས། ཞེས་འབོད་རྒྱུ། རྒྱ་སྐད་ལ།本波教名词术语汉译审定第二次会议
༢༽ བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་སྐབས་གཏན་འབེབ་ཟིན་པའི་ཡིག་ཆ་དེ་ཚོད་ལྟའི་ཆེད་རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་ཁྱབ་བསྒྲགས་དང་འབྲེལ་རང་བསྟན་སྲི་ཞུར་ལྷག་བསམ་ལྡན་པ་གཡང་གི་ཕྱུག་མོའི་འགན་འཛིན་ཀུན་ཐར་མཚོ་ལགས་ཀྱིས་དེབ་གྲངས་སྟོང་ཕྲག་གཅིག་གི་ལས་ཀ་དང་འགྲེམས་སྤེལ་གྱི་སྦྱིན་བདག་གནང་རྒྱུའི་ཞལ་བཞེས་ཐག་བཅད་བྱས།
༣༽ལོ་རྗེས་མའི་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་བཟོ་རྒྱུའི་ལས་འཆར། བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་གྱི་མིང་གཏན་འབེབ་བཟོ་རྒྱུ། དེ་ཡང་ཐོག་མར་བཀའ་འགྱུར་དཀར་ཆག་སྐོར་དེ་རྒྱའི་མཁས་དབང་ལིའུ་ལི་ཆིང་དང་བླ་མ་ཨ་གཡུང་གཉིས་ཀྱིས་རྩོམ་སྒྲིག་བྱས་པ་དེ་གཞིར་བཟུང་ནས་བཀའ་འགྱུར་དཀར་ཆག་བཟོ་དུས་མིང་རྒྱས་བསྡུས་གཉིས་རེ་བཟོ་རྒྱུ། དཔེར་ན། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལྟ་བུ་མིང་རྒྱས་པ་དང་། བསྡུས་ན་མདོ་དྲི་མེད་གཟི་བརྗིད་ལྟ་བུ་ལྟར་རིགས་འགྲེ་རྒྱུའོ།
༤༽རྒྱ་ཡུལ་ལ་བོན་གྱི་སློབ་མ་རྣམས་ལ་སོ་ཐར་གྱི་སྡོམ་པ་གནང་དུས་རང་ལུགས་སྲོལ་རྒྱུན་ལག་ལེན་མ་འཆུག་པ་གལ་ཆེ་བས། རྒྱལ་བ་མཉམ་མེད་པས་མཛད་པའི་འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ལྟར་གྱི་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་འབོག་ལག་ལེན་དེ་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་བཟོ་རྒྱུ། དེ་ཡང་ཨ་གྲགས་ཤེས་རབ་དཔལ་ཆེན་གྱིས་འགན་ཁུར་ཏེ་བཟོ་རྒྱུའི་ཐག་བཅད།
༥༽ བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབ་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྒྱུ་དེ་ལོ་རྗེས་མའི་སྤྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་ཁྲི་འདུར་འཚོགས་རྒྱུ་དང་། སྐབས་དེའི་ཚོགས་འདུའི་གོ་སྒྲིག་འགན་ཁུར་མི་སྣ་དང་། དུས་ཚོད་གཏན་ཁེལ་དེ་ལོ་རྗེས་མའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཚོགས་འདུའི་སྐབས་ཐག་གཅོད་རྒྱུ་བྱས་སོ། །