ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཚད་མའི་རིགས་སྒྲ་ཆེན་མོའི་གནས་བསྡུས།
ཚད་མའི་རིགས་སྒྲ་ཆེན་མོའི་གནས་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་ཁྲི་ལྡེ།] [ཟླ་ཚེས། 11-12-16] [ཀློག་གྲངས། ]

བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་<<ཚད་མ་རིགས་སྒྲ་ཆེན་མོ>>འཚོགས་པའི་གནས་བསྡུས།
ཁྱུང་ཁྲི་ལྡེ།

   ས་སྟེང་བོན་བསྟན་ཡོངས་ཀྱི་མངའ་བདག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་ཀ་ཆེན་༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡོངས་འཛིན་སྨྲ་བའི་སེང་ཆེན་དྲན་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པའི་བོན་གྱི་གྲྭ་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཕྱི་ལོ་༡༩༩༦ལོར་ཚད་མའི་རིགས་སྒྲ་ཆེན་མོ་དབུ་བརྙེས་པ་ནས་བཟུང་ལོ་ལྟར་ཚད་མ་ལོ་རིམ་གཉིས་པའི་ཡན་གྱི་སློབ་གཉེར་བ་ཡོངས་ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་ཉེར་གཅིག་བར་རིགས་སྒྲ་འཚོགས་རྒྱུའི་སྲོལ་བཟང་ཡོད་པ་ལྟར་འདི་ལོར་ཡང་ཕྱི་ལོ་༢༠༡༡།༡༡།༢༦།དང་།

   ཧོར་ཟླ་བཅུ་པའི་ཚེས་གཅིག་ཉིན<<གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང>>གི་བཤད་སྒྲུབ་འདུས་སྡེའི་ལས་འཛིན་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་གནང་བའི་ཚད་མ་རིགས་སྒྲའི་སྐོར་གྱི་རྩོད་པ་བྱེད་སྟངས་དང་། རྩོད་པའི་སྐབས་ཀྱི་ཀུན་སློང་བཟུང་སྟངས་སོགས་ཀྱི་གསུང་འཕྲིན་ཁག་གཉིས་དང་། དེ་བཞིན་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རིམ་བྱོན་ནས་གཏན་འབེབས་གནང་བའི་ཚད་མའི་རིགས་སྒྲ་ཆེན་མོའི་སྒྲིག་གཞི་དོན་ཚན་དྲུག་གི་བདག་ཉིད་ཅན་བཅས་གསལ་བསྒྲགས་ཞུས།

དགུན་དུས་སློབ་གཉེར་གྱི་དུས་ཚོད་རེའུ་མིག་ལྟར་ཞོགས་ཀའི་ཕྱག་ཚོད་དྲུག་དང་སྐར་ཞེ་ལྔའི་ཐོག་རྡོ་ཏིང་བརྡུངས་ཏེ་ཞོགས་ཇ་བཞེས་ནས་ཕྱག་ཚོད་བརྒྱད་པའི་བར་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལྗགས་ལུང་བཀའ་དྲིན་བསྩལ། ཕྱག་ཚོད་བརྒྱད་པ་ནས་བཅུ་པའི་བར་འཆད་ར་འཚོགས་ནས་ཆུ་ཚོད་གཅིག་རིང་རང་རང་འཛིན་གྲྭ་དང་ལྷན་དུ་རྩོད་པ་བྱེད་པ་དང་། དེ་རྗེས་ཆུ་ཚོད་གཅིག་རིང་འཛིན་གྲྭ་གོང་འོག་བསྲེས་ནས་ཚད་མར་རྩོད་སྦྱོང་གནང་།

 

  ཕྱག་ཚོད་བཅུ་པ་ནས་བཅུ་གཅིག་བར་སློབ་དཔོན་ཆེན་མོ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག མཚན་ཉིད་དགེ་རྒན་དགེ་བཤེས་སྐལ་བཟང་རྒྱ་མཚོ་བཅས་རྣམ་པ་གསུམ་གྱིས་སློབ་གཉེར་བ་རྣམས་ཚོ་གསུམ་བྱས་ནས་རྗེ་རིན་པོ་ཆེའི་ཚད་མ་ལེའི་གསུམ་པ་ནས་དཔེ་ཁྲིད་གནང་།

དེ་རྗེས་ཕྱག་ཚོད་དང་པོ་ནས་གསུམ་པའི་བར་འཆད་ར་འཚོགས་ཤིང་ཆུ་ཚོད་གཅིག་རིང་ཐུག་དང་རྩོད་པའི་རིག་ལམ་བརྒལ་རྟགས་འགྲན་པ་དང་། ཕྱག་ཚོད་ལྔ་པ་ནས་བརྒྱད་པའི་བར་དམ་བཅའ་འཚོགས།

བདུན་ཕྲག་རེ་རེའི་ཉིན་ལྔ་པ་དང་དྲུག་པར་ཉིན་གུང་དང་དགོང་མོ་གཉིས་ལ་ཐུག་ཆེན་བཞི་རེ་བརྒྱབས་ནས་ཉིན་གྲངས་ཉེར་གཅིག་རིང་ལ་རྒྱལ་བ་མཉམ་མེད་ཆེན་པོའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྩ་འགྲེལ་གཉིས་དང་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཚད་མ་ཀུན་བཏུས་གཉིས་གཞིར་བཟུང་སྟེ་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་ཁག་བརྒལ་རྟགས་འགྲན་རྩོད་དང་གསན་སྦྱོང་ཚུལ་མཐུན་གྱི་རིག་ལམ་གོང་དུ་སྤེལ་བའི་ཐབས་ལམ་བསྒྲུབས།

བོད་ཚེས་ཉེར་གཉིས་དགོང་མོ་ཕྱག་ཚོད་བདུན་པའི་ཐོག་དགེ་སློབ་ཀུན་སྤྲོ་དགའི་འཛུམ་མདངས་དང་བཅས་འདི་ལོའི་ཚད་མ་རིགས་སྒྲ་ཆེན་མོ་རྒྱལ་ཁའི་ངང་མཇུག་གྲུབ་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག