ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་བོ།
ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་བོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲ་ཚིགས་གཙོ་སྒྲུབ་པ།] [ཟླ་ཚེས། 11-12-24] [ཀློག་གྲངས། ]

      2011-12-23ཉིན་ཧི་མ་ལ་ཡའི་རི་བརྒྱུད་ནས་ཐོན་པའི་མཁས་དབང་བླ་སྤྲུལ་དགེ་བཤེས་ཞིབ་འཇུག་པ་དུ་མ་ཞིག་པེ་ཅིང་དུ་ཡོད་པའི་ཧི་མ་ལ་ཡའི་སྣེ་ལེན་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཧི་མ་ལ་ཡའི་བོད་ཟས་ཁང་དུ་༼ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ༽སྐོང་ཚོགས་བྱས་ལ། སྐབས་འདིའི་ཚོགས་ཐེངས་འདི་ནི་ཧི་མ་ལ་ཡའི་རི་གསེབ་ཏུ་གནས་པའི་གནའ་བོའི་ཞང་བོད་ཀྱི་ལོ་རྒྱུས་དང་། ཤེས་རིག ཆོས་ལུགས་སོགས་ཞིབ་འཇུག་དང་འབྲེལ་འཛམ་གླིང་གོ་ལ་ཧྲིལ་པོའི་མི་སྣ་རྣམས་ལ་ངོ་སྤྲོད་དང་མཚམས་སྦྱོར་གནང་རྒྱུའི་ཆོད་སེམས་ཏེ་ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་འགན་འཛིན་རྣམས་ཀྱི་རིང་ནས་ཡིད་ལ་བརྣག་པའི་ལས་དོན་ཉག་གཅིག་དེ་སྤྱི་ལོ་༢༠༡༠ལོའི་ཟླ་བ་༦ཚེས་༢༠ཉིན་དངོས་སུ་ལེགས་གྲུབ་བྱུང་སྟེ་ཧི་མ་ལ་ཡའི་བོན་ཞེས་པའི་དྲ་ཚིགས་དེ་འཛམ་གླིང་ཐོག་ལ་ཁྱབ་སྤེལ་གྱི་དབུ་ཚུགས། དེ་རྗེས་༢༠༡༡ལོའི་ཟླ་བ་༥པའི་ཚེས་༥ལ་རྒྱལ་ཕྱི་ནང་གང་སར་བཞུགས་པའི་གནའ་བོའི་བོན་གྱི་ཤེས་རིག་ལོ་རྒྱུས་ལ་ཐུགས་སྣང་དཀར་བའི་རྒྱ་ཆེའི་གཟིགས་པ་པོ་དང་ཞིབ་འཇུག་པ་རྣམས་ལ་ཕན་པའི་གནད་དམིགས་ཧི་བོན་ཟིན་བྲིས་ཞེས་པ་རྩོམ་པ་པོ་སོ་སོའི་ལྗགས་རྩོམ་དང་གཏམ་བཤད་སྤེལ་སའི་འཇུག་སྒོའི་ལེའུ་གསར་པ་ཞིག་སྒོ་ཕྱེས་ལ། ལོ་རྗེས་མར། བོན་གྱི་ལོ་རྒྱུས་དང་། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས། རིག་གནས་ཤེས་རིག  དམངས་ཁྲོད་ཀྱི་སྲོལ་རྒྱུན་སོགས་ཀྱི་དྭོགས་སློང་དང་། དཔྱད་ཞིབ། གཏམ་བཤད་བགྲོ་གླེང་སོགས་ཀྱི་ཞབས་ཞུའི་ལྟེ་གནས་ཧི་བོན་གླེང་སྟེགས་ཞེས་པ་སྒོ་འབྱེད་གནང་རྒྱུའི་ལས་འཆར་དང་བཅས་སོ། །

  ༼ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ༽སྐབས་སུ་ཚོགས་ཞུགས་གནང་མཁན་ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་རྣམས་དང་། ཀྲུང་གོ་ནང་བརྒྱུད་ནང་བསྟན་མཐོ་སློབ་ཏུ་བཞུགས་པའི་བོན་གྱི་དགེ་རྒན་དང་སློབ་མ་རྣམ་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་སོགས་མི་སྣ་སུམ་ཅུ་ཙམ་ཞིག་འདུ་འཛོམས་བྱུང་བ་ནི། དེ་ཡང་ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་། ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་ཨ་གྲགས་ཤེས་རབ་དཔལ་ཆེན། ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན། ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་ཁྲི་བསོད་བསྟན་བཅས་ཧི་བོན་དྲ་ཚིགས་གཙོ་སྒྲུབ་པ་བཞི་དང་། གཞན་ཡང་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་བ་སྣང་ཞིག་དགོན་གྱི་མཁན་ཟུར་དགེ་བཤེས་ལུང་རྟོགས་རྒྱ་མཚོ། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་གཡུང་དྲུང་བོན་སྡེ་ཚན་གྱི་འཛིན་གྲྭའི་ལས་དཔོན་ལུང་དཀར་དགོན་པའི་དགེ་བཤེས་བསྟན་འཛིན་འགྱུར་མེད། རྔ་བ་སྣང་ཞིག་དགོན་གྱི་པཎ་ཙ་བླ་བྲང་བླ་མ་བསྟན་འཛིན་དར་རྒྱས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒན་ཚེ་དབང་ལྷ་མོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་གི་དབུ་འཛིན་སྐུ་གཞོན་ཤེས་རབ་རྒྱ་མཚོ། བོད་ལྗོངས་ཆབ་མདོ་ཁུལ་སྟེང་ཆེན་རྫོང་ཀོ་རྒྱལ་དགོན་པའི་བླ་མ་མཁྱེན་རབ་རྒྱ་མཚོ། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་སྤ་ཚང་དགོན་པའི་དགེ་བཤེས་བསམ་གཏན་རྒྱལ་མཚན། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་རྩེ་དྲུག་དགོན་པའི་དགེ་བཤེས་ཤེས་རབ་རྣམ་རྒྱལ། མདོ་སྨད་སྣང་ཞིག་དགོན་པའི་དགེ་བཤེས་གཡུང་དྲུང་བློ་གསལ། ཆབ་མདོ་ཁུལ་མཛོ་སྒང་རྫོང་རྟ་མཚེར་དགོན་པའི་བླ་མ་འབྲུག་གསས་རྒྱལ་མཚན། སྣང་ཞིག་དགོན་པའི་བསོད་ནམས་བསྟན་འཛིན། ཟིང་ཆུ་རྫོང་ཤར་དུང་རི་བླ་མ་བཀྲ་ཤིས་ནོར་བུ། འབར་ཁམས་བྷོ་ལ་དགོན་པའི་རྒྱལ་མཚན་དྲི་མེད། ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་སྤ་ཚང་དགོན་པའི་དགེ་བཤེས་བློ་གྲོས་རྒྱལ་མཚན། ཆབ་མདོ་སྟེང་ཆེན་དགོན་པའི་དགེ་བཤེས་གཙུག་གཤེན་དོན་འགྲུབ། སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་རང་གྲོལ་ཉི་མ་རྒྱལ་མཚན། མདོ་སྨད་གཟི་ཚ་སྡེ་དགུ་ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་པའི་དབང་རྒྱལ་ཚེ་རིང་། དཀར་མཛེས་ཉག་རོང་ཡེ་ཤེས་དགོན་པའི་ཀུན་བཟང་རྣམ་རྒྱལ། རྔ་བ་སྣང་ཞིག་དགོན་པའི་དགེ་བཤེས་བསོད་ཀོ། རྔ་བ་སྣང་ཞིག་དགོན་པའི་བསོད་ཏེ། ལུང་དཀར་དགོན་པའི་གྲྭ་གཡུང་དྲུང་བསྟན་འཛིན། སྤུ་ལ་དགོན་པའི་དཔོན་སློབ་བསྟན་འཛིན་རྣམ་རོལ། སྣང་ཞིག་དགོན་པའི་དགེ་བཤེས་སྨར་བསྟན་འཛིན་རྣམ་རྒྱལ། སུ་ལ་དབྲ་ཁྱུང་བྱང་ཆུབ་གླིང་གི་མཁན་པོ་ཨ་འཆི། ཆབ་མདོ་ཚ་རོང་མདོ་དར་དགོན་པའི་བླ་མ་ཤེས་རབ་བློ་གྲོས། སྡེ་དགེ་ཤར་རྫའི་རི་ཁྲོད་མཁན་པོ་ཉི་མ་བསྟན་འཛིན། ཟིང་ཆུ་རྫོང་གཙོ་ཚང་དགོན་པའི་ཁམས་ཆེན། དགའ་མལ་དགོན་པའི་བསོད་ནམས་རབ་བརྟན། ཞང་བོད་ཤེས་རིག་ཚོགས་པའི་ཚོགས་གཙོ་སྣང་མཐའ་བསྟན་འཛིན་ཉི་མ། པེ་ཅིང་བོན་གྱི་ཞིབ་འཇུག་པ་ཧུང་ཕྲེང་བཅས་མི་སྣ་སུམ་ཅུ་ཙམ་ཚོགས་ཞུགས་གནང་ལ།

      ཐོག་མར་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་དགོས་པ་དང་དམིགས་ཡུལ་སོགས་ཀྱི་སྐོར་ཧི་བོན་དྲ་ཚིགས་གཙོ་སྒྲུབ་པ་འགོ་བ་དགེ་བཤེས་བསྟན་འབྲུག་གྲགས་ཀྱིས་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་སྤེལ་ལ། དེ་རྗེས་ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན་གྱིས་ཧི་བོན་དྲ་ཚིགས་ཀྱི་ཧི་བོན་ཟིན་བྲིས་དང་མ་འོངས་པའི་འཆར་གཞིའི་སྐོར་གཏམ་བཤད་གནང་ལ། དེ་ནས་ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་ཁྲི་བསོད་བསྟན་གྱིས་ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་ད་ལྟའི་གནས་བབས་སྐོར་གཏམ་བཤད་དང་ངོ་སྤྲོད་མཛད།

   ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་བ་སྣང་ཞིག་དགོན་གྱི་མཁན་ཟུར་དགེ་བཤེས་ལུང་རྟོགས་རྒྱ་མཚོ་ལགས་དང་འཛིན་གྲྭའི་ལས་དཔོན་དགེ་བཤེས་བསྟན་འཛིན་འགྱུར་མེད་རྣམ་གཉིས་ཀྱིས་ཧི་མ་ལ་ཡའི་བོན་དྲ་ཚིགས་ཚུགས་ནས་ད་བར་ལས་དོན་ལེགས་གྲུབ་ལ་བསྔགས་འོས་དང་འབྱུང་འགྱུར་ལས་དོན་འདིའི་ཐད་ལ་མུ་མཐུད་རྒྱུན་སྐྱོང་གལ་ཆེ་ཚུལ་དང་བཅས་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་ལེགས་མཚོན་གྱི་བཀའ་སློབ་གནང་། རྔ་བ་སྣང་ཞིག་དགོན་གྱི་པཎ་ཙ་བླ་བྲང་བླ་མ་བསྟན་འཛིན་དར་རྒྱས་ལགས་ནས་ཧི་མ་ལ་ཡའི་བོན་དྲ་ཚིགས་འདི་ཉིད་སྤྱི་ཚོགས་སྟེང་ཕན་འབྲས་བླ་མེད་ཡོད་ཚུལ་དང་མུ་མཐུད་དུ་རྒྱུན་སྐྱོང་དགོས་པའི་ཁ་གཡང་བཀྲ་ཤིས་སོགས་ཀྱི་གསུང་བཤད་གནང་བ་དང་།

   དེ་རྗེས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོ་བ་ཚེ་དབང་ལྷ་མོས་བོན་གྱི་དྲ་ཚིགས་དེ་བོན་ཙམ་མ་ཚད་བོད་མི་རིགས་སྤྱི་ལ་ཕན་འབྲས་ཆེ་ཚུལ་དང་། བོད་ཀྱི་ལོ་རྒྱུས་དང་། དམངས་ཁྲོད་རིག་གནས། ཆོས་ལུགས་སྐོར་སོགས། བོན་ཆོས་དེ་བོད་ཀྱི་ཆོས་ལུགས་ཀྱི་རྨང་གཞི་ཡིན་པའི་ཆ་ནས་སློབ་ཁྲིད་སྐབས་སུའང་སློབ་མ་རྣམས་གསལ་བཤད་གནང་བཞིན་ཡོད་ཚུལ་དང་། བོད་མིས་བོད་སྐད་གཙང་མ་རྒྱག་རྒྱུ་དེ་གལ་ཆེན་ཙམ་དུ་མ་ཟད་བོད་ཀྱི་མིང་ཚིག་ཐ་སྙད་མང་པོ་ཞིག་མི་རིགས་གཞན་གྱི་སྐད་ཐོག་ལ་སྐད་བསྒྱུར་གནང་རྒྱུ་གལ་ཆེ་ཚུལ་གསུངས་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་འགན་འཛིན་གཞོན་པ་རྒན་ཤེས་རབ་རྒྱ་མཚོས་བོད་ཀྱི་ལོ་རྒྱུས་བཤད་དགོས་ན་བོན་གྱི་ལོ་རྒྱུས་དེ་གལ་ཆེ་ཚུལ་དང་། བོད་ཀྱི་ལོ་ཐོ་ལ་མཚོན་ན་བོད་ཀྱི་ལོ་ཐོའི་ལོ་རྒྱུས་རྙིང་ཤོས་དེ་བོན་ལ་ཐུག་པ་མ་ཟད་ལོ་ངོ་བཞི་བརྒྱའི་ཡར་སྔོན་བོན་དང་འབྲེལ་བའི་ལོ་ཐོའི་ལག་ལེན་ཡིག་ཐོག་དང་འདྲ་རིས་སོགས་དེང་ཟི་ཁྲོན་ཞིང་ཆེན་ནང་ཡོད་པའི་ཞེ་ལོ་བོད་རིགས་དང་མོ་སོ་རིགས་གཉིས་ཀྱི་ས་གནས་འབྲེལ་མཚམས་ཕྱོགས་ལ་ཡོད་པས་དེ་གལ་ཆེ་ཚུལ་དང་ཞིབ་འཇུག་བྱས་པའི་ལག་རྗེས་ལ་་དེའི་སྐོར་དེབ་གཅིག་དཔར་སྐྲུན་ཚར་གྲབས་ཡོད་པའི་སྐོར་གསུངས།

དེ་ནས་ཞང་བོད་ཤེས་རིག་ཚོགས་པའི་ཚོགས་གཙོ་སྣང་མཐའ་བསྟན་འཛིན་ཉི་མས་ཁྱེད་ཧི་བོན་དྲ་ཚིགས་གཙོ་སྒྲུབ་པ་རྣམས་ཀྱིས་དྲ་ཚིགས་འདི་མི་ཉམས་གོང་འཕེལ་ཡོང་ཆེད་དྲ་བའི་མ་ལག་ཆ་མི་ཚང་བས་དེ་ཡར་རྒྱས་གཏོང་རྒྱུ་དང་། དྲ་གནས་བར་སྟོང་སོགས་ཁྱབ་ཁོངས་ཅུང་རྒྱ་ཆུང་ལ་ཆ་རྐྱེན་མི་འདང་བ་དེ་ཡར་རྒྱས་གཏོང་དགོས་ཚུལ། ཟིན་བྲིས་སྤེལ་སྐབས་ཐོ་འགོད་གནང་དུས་སོ་སོ་ལ་རང་དབང་དགོས་རྒྱུ་གལ་ཆེ་ཚུལ། དྲ་བའི་དྲ་ཚིགས་རང་རྐྱ་འཕེར་བ་ཞིག་གནང་ཐུབ་རྒྱུ་དེ་གལ་ཆེ་ཚུལ་གྱི་དགོངས་འཆར་གནང་། གཞན་ཡང་ཚོགས་ཞུགས་པ་དུ་མས་སྤྱིར་ཧི་བོན་དྲ་ཚིགས་ཀྱིས་བོན་གྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་མཁན་ལ་རྒྱུས་ཡོད་ཀྱི་ཚུལ་དུ་ལམ་སྟོན་དང་། བོན་གྱི་མི་སྣ་དང་། དགོན་སྡེ་རི་ཁྲོད། གསུང་རབ་དཔེ་ཆ། ཐང་ཀ་སྒྱུ་རྩལ་སོགས་འཛམ་གླིང་མི་སྣ་སོ་སོ་ལ་ངོ་སྤྲོད་དང་མཚམས་སྦྱོར་གནང་བ་ཙམ་གྱིས་བོན་གྱི་གནས་ཚུལ་དུ་མ་ཞིག་རྒྱལ་ཕྱི་ནང་གི་རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་ཞབས་ཞུ་ངེས་ཅན་ཞིག་བསྒྲུབ་ཐུབ་པ་ལ་ཡིད་རངས་བསྔགས་འོས་ཀྱི་གནས་སུ་མཆིས་ལ།

ད་དུང་ལས་དོན་འདི་ལ་མི་ཉམས་རྒྱུན་སྐྱོང་གནང་རྒྱུ་གལ་ཆེ་ཚུལ་དང་། རྩ་བའི་ཧི་བོན་དྲ་ཚིགས་ལ་བོད་རྒྱ་དབྱིན་གསུམ་གྱི་སྡེ་ཚན་ཡོད་ཀྱང་བོད་ཡིག་ཙམ་དུ་མ་ཚད་ད་དུང་རྒྱ་ཡིག་དང་དབྱིན་ཡིག་ཐོག་ལ་ལས་དོན་དེ་སྔར་ལས་ལྷག་པ་ཞིག་གནང་རྒྱུ་གལ་ཆེ་ཚུལ་གྱི་གཏམ་བཤད་དུ་མ་སྤེལ།

མཐར་ཧི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་ཨ་གྲགས་ཤེས་རབ་དཔལ་ཆེན་གྱིས་ཧི་བོན་དྲ་ཚིགས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་མགོ་མཇུག་བར་གསུམ་ལས་དོན་ལེགས་གྲུབ་བྱུང་བའི་ཤིས་སྨོན་དང་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་སྦྱར་ཏེ་ཚོགས་འདུའི་མཇུག་བསྡུས་པའི་གནས་ཚུལ་བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག