ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཐེངས་ལྔ་པའི་རྩོད་རྒྱུགས་ཆེན་མོའི་གནས་བསྡུས།
དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཐེངས་ལྔ་པའི་རྩོད་རྒྱུགས་ཆེན་མོའི་གནས་བསྡུས།
[རྩོམ་གྱི་ཡོང་ཁུངས། སྤྱི་སྤུངས་ཟིན་བྲིས།] [རྩོམ་པ་པོ། ཁྱུང་ཁྲི་ལྡེ།] [ཟླ་ཚེས། 12-01-25] [ཀློག་གྲངས། ]

ཇི་སྐད་དུ། རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།།
འཆད་པ་རིན་ཆེན་གླིང་ལ་མི་ཕྱིན་པས།།
རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱར་ཅི།།
                            དེའི་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས།། ཞེས་དང་།

རྗེ་རིན་པོ་ཆེས། རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་ན་ཡང་དག་པའི་དོན་སྤྱི་འཆར་བ་དཀའ་སྟེ། ཞེས་གསུངས་པ་ལྟར། གཞུང་ལུགས་ཀྱི་གནད་དོན་དཔྱིད་ཕྱིན་པ་ཞིག་རྟོགས་པ་ལ་བརྒལ་རྟགས་རིག་པ་འདི་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ཞྭ་དཀར་བསྟན་པའི་སྒྲོན་མེ་དཔལ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་སྨྲ་བའི་སེང་གེ་༧སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེ་ཕྱག་བཏབ་ནས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཙུགས་ཏེ་ད་བར་མི་ལོ་བཅུ་བདུན་ཟིན་ཡོད་ལ་བརྒལ་རྟགས་རིག་པའི་གནས་ལ་སློབ་སྦྱོང་གི་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ན་ཡང་།

ཅི་ཕྱིར་རྒྱ་མཚོ་ཆུ་ཡིས་མི་ངོམ་བཞིན། །
མཁས་པའི་ཡོན་ཏན་རིན་ཆེན་ནོར་གྱིས་མིན། །ཞེས་པ་ལྟར།

སློབ་སྦྱོང་ལ་ངོམས་པ་དང་ཆོག་ཤེས་བྱེད་མི་རུང་བ་སོང་། མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དེང་དུས་ཀྱི་འགྲོ་སྟངས་ལྟར་རྨང་གཞི་རྒྱུགས་སྤྲོད་དེ་ཡིན་པ་ངོས་འཛིན་ཐོག ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་དཔལ་བཟང་པོ་མཆོག་དང་། སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་རྣམ་གསུམ་ཀྱིས་དབུས་པའི་དགེ་རྒན་དང་དགེ་བཤེས། སྐབས་བཞི་པའི་བཙའ་སྐྱོང་ལྷན་ཚོགས། སྐབས་བཅུ་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་བཅས་ཚང་འཛོམས་ཐོག་རྒྱུགས་སྤྲོད་སྐོར་གྱི་བགྲོ་གླེང་ལྷུག་པོར་བྱས་མཐར་ལོ་རེ་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་རེ་གཏོང་རྒྱུའི་གྲོས་ཆོད་ལེགས་པར་བྱུང་། རྩོད་རྒྱུགས་གཏོང་སྟངས་ནི་དགེ་རྒན་རྣམ་པས་གཞུང་གི་དོན་གནད་ཁག་ནས་རྟགས་བསལ་གཏོང་རྒྱུའི་ཟིན་རིས་བཀོད་ནས་ཟླ་བ་དེའི་ཟླ་འགོ་ནས་དམ་བཅའ་བ་དང་རྩོད་པ་པོ་ཀུན་གྱི་ཕྱག་ཏུ་བཀྲམ་སྟེ་བསྐྱར་སྦྱོང་གནང་གི་རེད།

སྤྱི་ལོ་ ༢༠༠༧ ལོར་ཚོད་ལྟའི་རྩོད་རྒྱུགས་ཐེངས་དང་པོ་དེ་འགོ་བཙུགས་ཏེ་རང་རང་འཛིན་གྲྭའི་ནང་ནས་སློབ་གཉེར་བ་རེ་རེ་དམ་བཅའ་བཞག་ནས་སྡུད་གྲྭ་འཛིན་གྲྭ་ཡན་ཆད་རྩོད་རྒྱུགས་ནང་ཞུགས་རྒྱུ་བྱས། དེའི་ཕྱི་ལོ་ནས་ལོ་དེའི་བཀའ་རམས་པ་ཚོ་དམ་བཅའ་བཞུགས་ནས་མཚན་ཉིད་པ་ཡོངས་རྫོགས་རྩོད་རྒྱུགས་ནང་ཞུགས་ཏེ་ཧོར་ཟླ་བཅུ་པའི་ཚེས་ཉེར་བདུན་དང་ཉེར་བརྒྱད་ཉེར་དགུ་གསུམ་ལ་རྩོད་རྒྱུགས་དང་ཧོར་ཟླ་བཅུ་གཅིག་པའི་ནང་བྲིས་རྒྱུགས་གཏོང་རྒྱུའི་སྲོལ་ཚུགས།

ད་ལོ་དུས་ཚོད་བརྗེ་མོ་བྱས་ཏེ་བྲིས་རྒྱུགས་ཧོར་ཟླ་བཅུ་པའི་ནང་བཏང་བ་རེད། རྩོད་རྒྱུགས་ཐེངས་ལྔ་པ་དེ་ནི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ཞོགས་ཀ་བལ་ཡུལ་ཆུ་ཚོད་དགུ་པའི་ཐོག་དངོས་གཞི་རྩོད་རྒྱུགས་ཆེན་མོ་དབུ་ཚུགས་ཏེ་ཉི་མ་རེ་ལ་བཀའ་རམས་པ་གསུམ་རེ་དམ་བཅའ་བཞུགས། ཉིན་དང་པོའི་ཞོགས་ཀ་སྐྱབས་རྗེ་ ༧ ཡོངས་འཛིན་སྨྲ་བའི་སེང་གེ་དབུ་བཞུགས་ཀྱི་བཀའ་དྲིན་བསྩལ་ཐོག་མཁན་སློབ་དགེ་རྒན་དགེ་བཤེས་ཡོངས་རྫོགས་ཟུར་དཔང་མཛད་ནས་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུའི་བར་དང་ཆུ་ཚོད་གཉིས་པ་ནས་གསུམ་པའི་བར་དང་གསུམ་པའི་སྐར་མ་སུམ་ཅུ་ནས་ལྔ་པའི་བར་ཉིན་གསུམ་གྱི་རིང་ལ་རྩོད་རྒྱུགས་ཆེན་མོ་མཛད་ནས་དགུན་ཟླ་ཐ་ཆུང་གི་ཉི་ཤུ་དགུ་ཡི་ཕྱི་དྲོར་རྒྱལ་ཁའི་ངང་ནས་མཇུག་གྲུབ་བོ།། །།

གནས་ཚུལ་མཁོ་འདོན་པ་ཁྱུང་ཁྲི་ལྡེ་ནས་ ༢༠༡༢།༠༡།༢༣ དགོང་མོར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག