ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་ཚོགས་ཁང་གསར་བཞེངས་ལེགས་འགྲུབ་ཟིན་པ།
རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་ཚོགས་ཁང་གསར་བཞེངས་ལེགས་འགྲུབ་ཟིན་པ།
[རྩོམ་གྱི་ཡོང་ཁུངས། གཡུང་དྲུང་བོན་དྲ་ཚིགས།] [རྩོམ་པ་པོ། རྟོགས་གྲྭ་འཆི་མེད་རྣམ་རྒྱལ།] [ཟླ་ཚེས། 12-02-08] [ཀློག་གྲངས། ]

   ཕྱི་ལོ་༢༠༡༡ཟླ་བ་༡༡་ཚེས་༡༦ཉིན་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་ཚོགས་ཁང་གསར་བཞེངས་གྲུབ་ནས་དགའ་སྟོན་མཛད་སྒོ་ཉིན་གསུམ་ལ་གནང་ཡོད་པ་རེད། དེ་ཡང་ལོ་ངོ་བཅུ་ཕྲག་འགའ་ཡི་སྔོན་ལ་རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་ནས་བཀའ་མངགས་བཞིན་དྲུང་མུ་ཧ་རའི་སྤྲུལ་སྐུ་རྟོགས་ལྡན་ཚུལ་ཁྲིམས་པད་མ་རིན་ཆེན་མཆོག་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན། ༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཡུལ་ཁྱད་པར་ཅན། ཆུ་ཆེན་རབ་བརྟན་རྒྱལ་པོའི་ས་གནས་སུ། ཡོངས་གྲགས་ལ་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པ་ཞེས་པ་རུ་ཕེབས་ནས་སྔར་གྱི་དགོན་པ་སླར་གསོ་མཛད་དེ་དགོན་བདག་གནང་ཡོད་པ་དང་། ཉེ་བའི་ལོ་ཤས་སྔོན་ནས་ཁོང་གིས་ཚོགས་ཆེན་འདུ་ཁང་ཆེན་མོ་ཞིག་གསར་བཞེངས་མཛད་དེ་གོང་ཟླའི་ཚེས་བཅུ་དྲུག་ཉིན་སྒོ་འབྱེད་ཀྱི་རྟེན་འབྲེལ་གནང་ཡོད་ལ། 

དེ་ཡང་སྐུ་མགྲོན་གཙོ་བོ་རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་དབུས་པའི། སྨོན་རྒྱལ་ལྷ་སྲས་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོ་མཆོག་དང་། གཏེར་སྟོན་གསང་སྔགས་གླིང་བའི་ཡང་སྲིད། རྟོགས་ལྡན་དགོན་པའི་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཞགས་གདུགས་སྤྲུལ་སྐུ་བསྟན་པ་དར་རྒྱས། ཐེ་བོ་གཙོ་ཚང་དགོན་པའི་དཔོན་སློབ་བསྟན་པ་རབ་རྒྱས། སྣང་ཞིག་དགོན་པའི་ལས་སྣེ་ལྷན་རྒྱས། གདོང་ལེགས་དགོན་པའི་ལས་སྣེ་ལྷན་རྒྱས། རྒྱལ་རོང་དགོན་ཁག་བཅུ་གསུམ་ནས་སྐུ་ཚབ་མགྲོན་པོ། བྲག་མགོ་ཞུ་རི་དགོན་ནས་ཡང་སྟོན་སྤྲུལ་སྐུ་བདེ་ལེགས་རྒྱ་མཚོ། དམ་པ་རང་གྲོལ་དགོན་གྱི་སྤྲུལ་སྐུ་རིགས་སྔགས་རྒྱ་མཚོ། ཉག་རོང་སི་ལའི་རི་ཁྲོད་གོང་མའི་སི་ལ་སྤྲུལ་སྐུ་སྐལ་བཟང་ཐོགས་མེད་སོགས་དང་། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་། ཐེན་ཅིན། ཧྲན་ཏོང་། ཤིན་ཅང་། གྲོང་ཁྱེར་སྤོས་ལྡན་སོགས་ནས་ཀྱང་བླ་མ་པད་མ་མཆོག་གི་སློབ་མ་དང་སྦྱིན་བདག་སུམ་བརྒྱ་ལྷག་ཅིག་འཛོམས་ཡོད་པ་དང་།
དེ་བཞིན་ཕྱི་ཚེས་བཅུ་དྲུག་ཉིན་བླ་སྤྲུལ་གྲྭ་བཙུན་ཉིས་བརྒྱ་ལྷག་གིས་ཀུན་རིག་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རབ་གནས་སོགས་མཛད། ཕྱི་དྲོར་རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གིས་ཀུན་རིག་གི་བཀའ་དབང་ཡང་གནང་ཡོད་པ་དང་། ཕྱི་ཚེས་བཅུ་བདུན་ཉིན་རྟོགས་ལྡན་ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གིས་སེར་སྐྱ་མང་ཚོགས་ཡོངས་ལ་བཀའ་སློབ་ཟབ་རྒྱས་དང་། ཕྱི་ཚེས་བཅོ་བརྒྱད་ཉིན་སྤྲུལ་སྐུ་རྣམ་གཉིས་ཀྱིས་གཙོས་པའི་བླ་སྤྲུལ་དགེ་བཙུན་རྣམ་པས་གཡུང་དྲུང་ལྷ་སྟེང་དགོན་པའི་ཕྱི་ནང་གི་རྟེན་དང་བརྟེན་པ་སོགས་ལ་རབ་གནས་རྒྱས་པ་མཛད་དེ། ཕྱི་དྲོར་དགེ་འདུན་པ་རྣམས་ནས་གཤེན་གྱི་གར་འཆམ་དང་མང་ཚོགས་ནས་བྲོ་བརྡུང་གླུ་གཞས་བཏང་ཏེ་དགའ་སྟོན་ཕུན་སུམ་ཚོགས་པར་མཛད་དེ་མཛད་སྒོ་གཟབ་ངང་གྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ།།


མཛད་སྒོ་ཉིན་གྱི་སྐུ་མགྲོན་ཁག་ཕེབས་བསུ་ཞུ་བཞིན་པ།

སྐུ་མགྲོན་གཙོ་བོ་རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་གཙོས་པའི་སྐུ་མགྲོན་རྣམས།

ཚོགས་ཁང་ནང་གི་རྣམ་པ།

ཚོགས་ཆེན་འདུ་ཁང་གི་ཕྱི་ཡི་རྣམ་པ།

གཡུང་དྲུང་ལྷ་སྟེང་དགོན་པའི་དགོན་བདག་ཚོགས་ཁང་གསར་བཞེངས་མཛད་པོ་བླ་མ་ཚུལ་ཁྲིམས་པད་མ་རིན་པོ་ཆེ་མཆོག

མཛད་སྒོ་སྐབས་ཀྱི་མི་ཚོགས་ཀྱི་རྣམ་པ།

པར་དང་གནས་ཚུལ་མཁོ་སྤྲོད་གནང་མཁན་རྟོགས་གྲྭ་འཆི་མེད་རྣམ་རྒྱལ།
གཡུང་དྲུང་བོན་དྲ་ཚིགས་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག