ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གཤེན་གྱི་འཁྲུངས་མཆོད་ཆེན་མོ་དང་སྐབས་བརྒྱད་པའི་སྒྲུབ་ཐོན་མཛད་སྒོ།
གཤེན་གྱི་འཁྲུངས་མཆོད་ཆེན་མོ་དང་སྐབས་བརྒྱད་པའི་སྒྲུབ་ཐོན་མཛད་སྒོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་ཁྲི་ལྡེ།] [ཟླ་ཚེས། 12-02-09] [ཀློག་གྲངས། ]

༧ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་འཁྲུངས་མཆོད་ཆེན་མོ་དང་སྐབས་བརྒྱད་པའི་སྒྲུབ་ཐོན་མཛད་སྒོ་བཅས་ཀྱི་གནས་བསྡུས།

བླ་གྲྭ་འདུས་པ་རྒྱ་མཚོ་རྒྱས་འཚོགས་གནང་བཞིན་པའི་ཚུལ།

དུས་ཆེན་ངོ་སྤྲོད་ཀྱི་བཀའ་ཡིག་གསལ་བསྒྲགས།

   མཛད་མདོ་རྒྱས་པ་གཟི་བརྗིད་དང་།འབྲིང་པོ་གཟེར་མིག་གཉིས་ཀྱི་དགོངས་དོན་ལྟར་ན་རྒྱལ་ཟླ་བ་ནི་དཔྱིད་ཟླ་ར་བ་དང་།སྟོན་པའི་འཁྲུངས་ཟླ་ཡིན་པ་ནི་དཔྱད་གསུམ་དག་པའི་གྲུབ་དོན་ཡིན་པས་སུས་ཀྱང་བསྙོན་མི་ནུས་པ་ཡིན།སྟོན་པའི་མཛད་མདོའི་རྗེས་སུ་འབྲངས་ནས་རབ་གནས་ལྕགས་ཡོས་ལོའི་རྒྱལ་ཟླ་བའི་ཚེས་༡༥ཉིན་རང་ཅག་འདྲེན་པ་ཀུན་གྱི་གཙུག་རྒྱན་བསྐལ་ཆེན་གྱི་སྟོན་པ་ཆེན་པོ་རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་མི་མཇེད་འཇིག་རྟེན་འདིར་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༡༨༠༢༩འཁོར་བའི་དུས་དྲན་ཁྱད་པར་ཅན་དེ་ཉིད་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དང་།བལ་ཡུལ་བོན་ཆེས་མཐོའི་ལྷན་ཚོགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་འཚོགས་ཡོད་པ་རེད།


ཞབས་སྐོར་དུ་སེར་ཕྲེང་ཕེབས་ནས་རོལ་མོ་སྒྲ་སྙན་གྱི་མཆོད་པ་འབུལ་བཞིན་པའི་རྣམ་པ།

   དེ་ཡང་ཚེས་བཅུ་གསུམ་ཉིན་མཆོད་བཟོ་བྱས་ཤིང་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་གྲྭ་མང་གིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། ཚེས་བཅོ་ལྔའི་ཞོགས་ཀ་གསོ་སྦྱོང་འཚོགས་ནས་ཉི་ཤར་འབྲུག་གི་དུས་སུ་བླ་སྤྲུལ་གྲྭ་མང་ཡོངས་རྫོགས་སེར་ཕྲེང་ཕེབས།


སྒྲ་དབྱངས་ཀྱི་མཆོད་འབུལ་གནང་བཞིན་པ།

   བལ་ཡུལ་ཆུ་ཚོད་བཅུ་པའི་ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་“གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་”གི་སྒྲུབ་ཐོན་པ་གསུམ་ལ་གཤེན་གྱི་རྣལ་འབྱོར་པའི་མཚན་བཏགས་དང་ཕྱག་འཁྱེར་བསྩལ།


གཤེན་གྱི་རྣལ་འབྱོར་བ་གསུམ་སྒྲུབ་ཐོན་མངའ་གསོལ་ཞུ་བཞིན་པའི་ཚུལ།

   བལ་ཡུལ་བོན་ཆེས་མཐོའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དཔལ་བཟང་པོ་མཆོག་དང་།དཔོན་སློབ་རིན་པོ་ཆེ།སྒྲུབ་གྲྭའི་མཁན་རིན་པོ་ཆེ་གཙོས་པའི་བསམ་གླིང་དགོན་པའི་བླ་མ། གཡུང་དྲུང་འགྲོ་འདུལ་གླིང་དགོན་པའི་བླ་མ། སྲིབ་ཕྱོགས་དགོན་གྱི་བླ་མ།མཐའ་གསུམ་མཚོ་གླིང་དགོན་གྱི་བླ་མ། འདི་གའི་དགེ་བཤེས་རྣམ་པ། ཀླུ་བྲག་དགོན། ཚ་ལུང་སྲིད་རྒྱལ་དགོན། པུས་མོ་ཐེག་ཆེན་རབ་རྒྱས་གླིང་། ཡང་སྟོན་མཐོང་གྲོལ་ཕུན་ཚོགས་གླིང་། བ་སླེ་གཡུང་དྲུང་ཤུག་ཚལ་གླིང་། བཀྲ་ཤིས་རྣམ་རྒྱལ་དགོན། ཟུར་དཀར་ཡུལ་པའི་དགོན། མོན་རི་ཟུར་གསུམ་དགོན་བཅས་ཀྱི་སྐུ་ཚབ་དང་། ཁྲི་བརྟན་ནོར་བུའི་རྩེ་དགེ་རྩ་ཚོགས་པ། བོན་པོ་ཚོགས་པ། ཏ་པི་ཧྲི་ཙའི་སྤྱི་ཚོགས་ཞབས་ཞུ་ཚོགས་པ། མི་སི་ཏང་བོན་པོ་ཚོགས་པ། ནེ་པལ་ལིས་ཏ་མང་བོན་པོ་ཚོགས་པ། དོལ་པོ་བོན་ཚོགས། ཞང་ཞུང་མེ་རི་བོན་རིག་གཞུང་ཚོགས་པ། འོམ་གློ་བོན་རིག་གཞུང་ཚོགས་པ་བཅས་ཀྱི་དབུ་འཛིན་དང་། ཏ་པི་ཧྲི་ཙའི་སློབ་གྲྭའི་སློབ་སྤྱི་དང་། ཕྱྭ་སྲས་ཀེང་རྩེའི་སློབ་གྲྭའི་སྐུ་ཚབ་བཅས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཞིབ་འཇུག་པ་དང་དད་ལྡན་ཆོས་ཞུ་བ་དང་། དེ་བཞིན་ཀོ་རིས་ཡ།ཉི་ཧོང་།རྒྱ་གར།རྒྱ་ནགཐེ་ཝན།ཡུན་ནན་བཅས་ནས་ཕེབས་པའི་བོན་གྱི་སློབ་མ་ཁག་དང་།བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོན་དགོན་ཁག་གི་བླ་སྤྲུལ་དགེ་བཤེས་དང་དད་ལྡན་མང་ཚོགས་རྣམས་ལྷན་དུ་ཚོགས་ཏེ་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་མཛད་རིམ་སྙན་སྒྲོན་ཞུས། དེ་རྗེས་ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་རྣམ་གཉིས་ནས་སྣང་གསལ་མར་མེ་སྒྲོན་ནས་མཛད་སྒོ་དབུ་འཛུག་གནང་གྲུབ་པ་དང་། ཚོགས་གཙོ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་མཛད་སྒོ་ངོ་སྤྲོད་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་བཀའ་སློབ་ཟབ་རྒྱས་བསྩལ་གྲུབ་པ་དང་།དེའི་རྗེས་སྟོན་པའི་མཛད་རྣམ་བོད་སྐད་དང་བལ་སྐད་གཉིས་ཀྱི་ཐོག་ནས་སྒྲོག་སྦྱང་གནང་ཟིན་ནས། ཁོར་ཡུག་སྲུང་སྐྱོབ་ཆེད་སྟོན་པའི་མཛད་རྣམ་དང་འབྲེལ་བའི་སྐུ་ཤུག་ལྡེམ་དྲུག་གི་ཚུལ་དུ་ཤུག་པའི་ལྗོན་ཤིང་དྲུག་གསར་དུ་འདེབས་འཛུག་གནང་གྲུབ་མ་ཐག མི་མང་ཀུན་ནས་བསྟན་པ་དར་བའི་སྨོན་ལམ་དང་བཅས་ཕྱེ་མར་མཆོད་ཅིང་ཀི་བསྭོའི་ལྷ་རྒྱལ་འཐེན།གྲྭ་ཚང་ནས་ཉིན་གུང་སྐྱ་སེར་མི་མང་ཡོངས་ལ་གསོལ་ཚིགས་རྒྱས་འབུལ་ཞུས་ཏེ་ཉིན་རྒྱབ་མི་མང་ལ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་དང་བཤད་ཁྲིད་གནང་སྟེ་དད་ལྡན་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་སྐོར་མཆོད་འབུལ་གང་ནུས་བྱས།


དགོན་པའི་ཤག་ཁང་ཕྱི་ནང་ཁོར་ཡུག་ཀུན་ཏུ་སྣང་གསལ་འོད་ཀྱི་སྒྲོན་མེའི་མཆོད་པ་འབུལ་བཞིན་པའི་རྣམ་པ།

དགོན་པའི་ཤག་ཁང་ཕྱི་ནང་ཁོར་ཡུག་ཀུན་ཏུ་སྣང་གསལ་འོད་ཀྱི་སྒྲོན་མེའི་མཆོད་པ་འབུལ་བཞིན་པའི་རྣམ་པ།

   དགོང་མོ་རྣམ་དག་འགྱུར་མེད་གྱེར་ནས་གཤེན་རབ་མཆོད་རྔ་བརྡུངས་ཏེ་བསྟན་པ་རྒྱས་པའི་སྨོན་ལམ་གང་གི་བདེན་ཚིག་གྱེར་བཞིན་སྟོན་པའི་སྐུ་བརྙན་རིན་པོ་ཆེ་མཇལ་ཁ་ཞུས་ནས་ཀུན་གྱིས་ངག་ནས་སྟོན་པའི་རྒྱལ་པོ་གསུང་བཞིན་མཆོད་མེ་སྤར་ཏེ་སྟོན་པའི་དུས་ཆེན་བསྲུང་བརྩི་ཟབ་རྒྱས་ཞུས་པའོ།།།།

གནས་ཚུལ་མཁོ་འདོན་པ་ཁྱུང་ཁྲི་ལྡེ་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག