ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> འོད་སྡེར༼ཡར་ཀླུང་གཙང་པོའི་བཞུད་སྒྲ།༽ཞེས་པ་བཀྲམ་པ།
འོད་སྡེར༼ཡར་ཀླུང་གཙང་པོའི་བཞུད་སྒྲ།༽ཞེས་པ་བཀྲམ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-02-09] [ཀློག་གྲངས། ]



   རེ་བ་དང་ཡིད་ཆེས་ཀྱི་ཀློང་ན་འཚོ་ཞིང་། ཉི་མ་དང་ཟླ་བའི་འཁོར་སྐྱོད་ལ་ཅེར་བའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཕུ་ནུ་མིང་སྲིང་རྣམ་པ་ལགས། ངས་དེ་རིང་སྲིད་པའི་རྗེ་བོ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ། བརྩེ་བ་དང་མིག་ཆུ་འདྲེས་ཤིང་། སྙིང་གཏམ་དང་ཁྲག་རྒྱུན་བསྲེས་པའི་ཡར་ཀླུང་གཙང་བོའི་རླབས་རིས་དང་། གངས་རྒྱལ་ཏི་སེའི་བརྗིད་ཉམས་ཏེ་ཞང་བོད་མི་རིགས་ཀྱི་སེམས་ཀྱིས་བཀུར་ཞིང་ལག་པས་སྐྱོར་བའི་ཞང་བོད་ནང་བསྟན་རིག་གནས་སོགས་མི་རིགས་ཤིག་གི་གཟི་བརྗིད་དང་། ཡུལ་སྲོལ་གོམས་གཤིས། དགའ་སྐྱོ་ཆགས་སྡང་། མཐུན་སྒྲིལ་སློབ་གསོ་སོགས་མི་རིགས་ལ་བཅང་བའི་རེ་བ་དང་། མི་རིགས་ལ་དུངས་པའི་ལྷག་བསམ་ཡོད་ཚད་ལྷན་དུ་བཤམས་ཏེ། དུས་རབས་ཉེར་གཅིག་པའི་བོད་མི་སྤུན་ཟླ་ཡོངས་ཀྱི་མཐུན་སྒྲིལ་དང་། མདུན་སྐྱོད། སྐད་ཡིག་རིག་གསུམ་གྱི་ངོ་བོ་ཡར་ངོའི་ཟླ་ལྟར་རྒྱས་པའི་འབོད་སྐུལ་དང་། ལྷག་པར་དུ་བརྙན་འཁོར་འདིའི་སྦྱིན་བདག་སྦྲ་ཆེན་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ཁོང་ཉིད་བོད་མི་ཞིག་ཡིན་ཕྱིར་རི་བོ་གངས་དཀར་ཏི་སེའི་ཉིན་སྲིབ་ན་གནས་པའི་བོད་མི་རྒན་དར་གཞོན་གསུམ་ལ་ལྷག་བསམ་གཙང་མའི་ཞབས་ཕྱི་རྣལ་མ་ཞིག་དང་། བརྩེ་བ་འབུམ་གྱི་སེམས་གཏམ་དྲོན་མོ་ཞིག་གི་དོད་དུ། མདོ་དབུས་མཐོ་སྒང་གི་རི་ལུང་ཀུན་ན། སྙན་འགྱུར་དབྱངས་རྟ་ཡི་གླུ་སྒྲས་རྨི་ལམ་དཀྲོགས་པའི་རྔ་ལྗོངས་ཁུ་བྱུག་སྔོན་མོ་གྲགས་བྷེ་དང་། སྙན་གྲགས་ཀྱི་རླུང་རྟ་དགུང་ལ་སྤུར་ཞིང་རྣམ་རིག་གི་མེ་ཏོག་ལྷུག་པོར་བཞད་པའི་གཉེན་པོ་གཡུ་རྩེའི་བུ་རྒྱུད་ཤེར་བསྟན། མཚན་སྙན་གྱི་བ་དན་དཀར་པོ་གངས་དཀར་རི་བོའི་དབུ་རྩེ་ན་འཕྱོ་ཞིང་། ངག་རིག་གི་དབྱངས་རྟ་སྙན་མོ་ཆོལ་གསུམ་སྤུན་ཟླའི་རྣ་བ་རུ་ཟགས་པའི་གངས་ལྗོངས་གླུ་ཡི་རྒྱལ་སྲས་སྐལ་བཟང་ཡོན་ཏན། ཚངས་སྲས་བུ་མོའི་འགྱུར་ཁུག་ལ་མངའ་དབང་བསྒྱུར་ཞིང་། དྲི་ཟའི་བུ་མོའི་ལང་ཚོ་ལས་མཛེས་སྡུག་རྫོགས་པའི་ཚངས་པའི་སྲས་མོ་དར་མཚོ་སོགས་གངས་རིའི་འདབས་རོལ་ནས་ལང་ཚོ་རྒྱས་ཤིང་། གོ་ལའི་གཞིས་ཁྱིམ་དུ་རླུང་རྟ་སྐྱོད་པའི་ན་གཞོན་ཁྱུ་གཅིག་གི་སྙན་མོའི་དབྱངས་ལ་བསྐུལ་ཏེ།{ཡར་ཀླུང་གཙང་པོའི་བཞུད་སྒྲ།}ཞེས་པའི་བརྙན་འཁོར་འདི་ཕུལ་བ་ཡིན་ལ། དེ་བས་ཁོང་གིས་རྒྱལ་ཕྱི་ནང་ན་བཞུགས་པའིབ་བོད་མི་སྤུན་ཟླ་ཡོངས་ལ་འཚམས་འདྲི་ལེགས་སྐྱེས་དང་། བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ངོ་བོ་སྔར་ལས་རྒྱས་ཤིང་། ཚེ་བསོད་རླུང་རྟ་ཡི་བ་དན་ནམ་ཡང་གཟི་བརྗིད་ངང་གནས་པའི་བཀྲ་ཤིས་སྨོན་འདུན་དུ་ཕུལ་བ་ཡིན་ཟེར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག