ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཉེ་ཆའི་གནས་ཚུལ།
༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཉེ་ཆའི་གནས་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀུན་ཁྱབ།] [ཟླ་ཚེས། 12-03-04] [ཀློག་གྲངས། ]

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་མཉམ་མེད་དུས་ཆེན་སྒྲུབ་ཆེན་ཨ་མཆོད་གར་འཆམ་བཅས་ཀྱི་གནས་ཚུལ་ཕྱོགས་བསྡུས།

   གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཙོས་པའི་དགོན་སྡེ་ཁག་ནས་ལོ་རྟག་པར་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་སྲུང་བརྩི་ཞུ་བར་བརྟེན། འདི་ལོ་ཡང་རྗེ་རིན་པོ་ཆེའི་དུས་ཆེན་སྲུང་བརྩི་ཞུས་པའི་གནས་ཚུལ་སྐོར་ཞིག་ལྷན་རྒྱས་ཀྱི་གཟིགས་མོར་འགོད་ཀྱི་ཡིན། སྤྱིར་བཏངས་རྒྱལ་བ་སྨན་རི་བའི་མཁན་རབས་རིམ་བྱོན་ཐམས་ཅད་བོན་པོ་ཡོངས་ཀྱི་བླ་སྤྱི་དང་། བོན་པོ་སྤྱི་ཡི་སྐྱིད་སྡུག་ལ་གཟིགས་ཏེ་བོན་པོའི་བསྟན་པ་སྤྱི་ཡོངས་ལ་ཐུགས་བསམ་རྒྱ་ཆེན་པོ་བཞེས་མཁན་ཞིག་ཡིན་པ་མ་ཟད་མཛད་པ་ཕྲིན་ལས་རྒྱ་ཆེ་ཤོས་དང་བསྟན་པ་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ཡིན། ལྷག་པར་དུ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི། དམུ་རྒྱལ་ཉི་མ་རྒྱལ་མཚན་ལ་རིག་འཛིན་མཁའ་འགྲོས་སྙན་དུ་བརྒྱུད་པའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུག །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །།བསྟན་འཛིན་གཤེན་རབས་དེ་དང་ཕྱོགས་བཅུ་ཡི། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་རྒྱུད་གསུམ་བླ་མར་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །ཞེས་གསུངས་པ་ལྟར་ཕྱི་ལྟར་ན་ཤེས་རབ་སྨྲ་བའི་སེང་གེ ནང་ལྟར་ན་གསང་བ་འདུས་པ། གསང་བ་ལྟར་ན་བོན་སྐུ་ཀུན་ཏུ་བཟང་པོ་ལ་སོགས་རྒྱལ་བ་སྲས་བཅས་ཀུན་འདུས་པའི་ངོ་བོ་དངོས་སུ་བསྟན་ཏེ། བདག་དོན་བསླབ་པ་གསུམ་གྱི་བོན་ངེས་དོན་ཟབ་མོའི་ནོར་གྱིས་ཕྱུག་པར་གྱུར་ཅིང་། གཞན་དོན་སངས་རྒྱས་ཀྱི་བསྟན་པ་ལ་འཆད་རྩོད་རྩོམ་པའི་སྒོ་ནས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་པར་བྱེད་ཅིང་བརྒྱུད་གསུམ་བསྟན་པའི་མདོ་འཛིན་དུ་གྱུར་པའི་སྐྱེས་མཆོག་གང་ཉིད་ཀྱི་དུས་ཆེན་འདི་ནི་དུས་གཞན་ལས་ཁྱད་པར་འཕགས་པ་ཡིན་ཏེ། ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་དུས་ཆེན་ཟིན་བྲིས་ལས་། སྤྱིར་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་འབུམ་འགྱུར་རེ་ཡོད་ཅིང་། ལྷག་པར་རྗེ་རིན་པོ་ཆེའི་དུས་ཆེན་འདི་ཉིན་དགེ་སྡིག་གང་བྱས་ཀྱང་འབུམ་ཕྲག་གཅིག་དང་ཁྲི་ཕྲག་རེའི་འགྱུར་ཡོད་པས། དེས་ན་འདི་ཉིན་མར་མེ་གཅིག་ཕུལ་ཀྱང་། མར་མེ་འབུམ་ཕྲག་གཅིག་དང་། ཁྲི་ཕྲག་གཅིག་ཕུལ་བའི་ཕན་ཡོན་ཡོད་། །ཅེས་དང་། གསང་སྔགས་རྫོང་འཕྲང་ལས། ཁྱད་པར་རྫོགས་པའི་སངས་རྒྱས་ཀྱི། །དུས་ཆེན་བཞི་ལ་འབུམ་འགྱུར་དང་། །མཆོག་ཆེན་བླ་མ་དགེ་བཤེས་ཀྱི། །དུས་ཆེན་རྣམས་ལ་ཁྲི་འགྱུར་རོ། །ཞེས་སོགས་གསུངས་པའི་ལུང་ཚིག་བསླུ་བ་མེད་པ་རྣམས་ཉམས་བཞེས་མཛད་དེ།

   འདི་ལོའི་ཧོར་ཟླ་དང་པོ་དང་བོད་ཟླ་གཉིས་པའི་ཚེས་བཞི་ཉིན་མཆོད་བཟོ་ལེགས་པར་བྱས་ཤིང་ཚེས་པ་ལྔ་སྔོན་མའི་ཉིན་ལ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་དཔལ་བཟང་པོ་མཆོག་དང་། ལུང་རིག་སྨྲ་བའི་དབང་པོ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དགེ་འདུན་འདུས་པ་རྒྱ་མཚོས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། ཚེས་ལྔ་ཕྱི་མའི་ཉིན་ཞྭ་དཀར་གཡུང་བོན་གྱི་བསྟན་པའི་མདོ་འཛིན༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་དབུ་བཞུགས་ཀྱི་ཐོགས་རྣམ་དག་འདུལ་བའི་གསོ་སྦྱོང་འཚོགས་པ་དང་། དེ་བཞིན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཞིབ་འཇུག་པ་དང་དད་ལྡན་ཆོས་ཞུ་བ་དང་། ཀོ་རིས་ཡ་དང་། ཉིན་ཧོང་། རྒྱ་ནག ཧི་མ་ལ་ཡི་རི་རྒྱུད་སོགས་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་དང་། དད་ལྡན་སྐྱ་སེར་མང་པོ་འདུ་འཛོམས་ཀྱི་ཐོག་དཔལ་རྒྱལ་བ་སྨན་རི་བའི་དར་མོ་ཆེ་གྱེན་དུ་བསྒྲེངས་ནས་ཀི་བསྭོ་ལྷ་རྒྱལ་གྱི་འབོད་སྒྲ་དབྱིངས་སུ་བསྒྲོགས་ཤིང་ཕྱེ་མར་དང་བསང་དུད་ཀྱིས་ཁྱབ་པར་བྱས། དེ་རྗེས་རྔ་གཤང་རོལ་མོས་སྣ་དྲངས་ཏེ་མཉམ་མེད་སྐུ་བརྙན་རིན་པོ་ཆེ་སྤྱན་དྲངས་ནས་དགེ་འདུན་རྣམ་པ་སེར་ཕྲེང་ལ་ཕེབས། ཉིན་གུང་གྲྭ་ཚང་ནས་སྐྱ་སེར་མི་མང་ཡོངས་རྫོགས་ལ་བཞེས་ལག་རྒྱས་འབུལ་ཞུས་རྗེས་རྗེ་རིན་པོ་ཆེའི་རྣམ་ཐར་པདྨོའི་ཕྲེང་བ་སྒྲོག་སྦྱང་གནང་། ཕྱི་དྲོ་རྒྱལ་བ་སྨན་རི་བའི་ཐུགས་དམ་བཅའ་ཡིག་རིན་པོ་ཆེ་བསྒྲགས། དུས་ཆེན་གདང་ཡིག་དབྱར་གྱི་རྔ་བོ་ཆེ་ལྟར་ཨ་རྫོགས་སྙན་གསུམ་དབྱངས་སུ་གྱེར།

   དགོང་མོ་ཚོགས་ཁང་ནང་དུ་རྣམ་དག་འགྱུར་མེད་གྱེར་ནས་གཤེན་རབ་མཆོད་ལྔ་བརྡུངས། དེ་རྗེས་སྐྱ་སེར་ཡོངས་ཀྱིས་དད་འདུན་གདུང་ཤུགས་དྲག་པོའི་སྒོ་ནས་འཛམ་བུ་གླིང་དང་བདེ་ཆེན་རྒྱལ་པོ་གྱེར་ཏེ་བླ་བྲང་ནས་མཉམ་མེད་ཆེན་པོའི་སྐུ་བརྙན་གདན་དྲངས་ཤིང་བསྟན་འབར་སྨོན་ལམ་གསུང་བཞིན་མཉམ་མེད་སྐུ་བརྙན་དང་མཉམ་མེད་གོས་སྐུ་བཅས་མཇལ་ཁ་ཞུས། དེ་རྗེས་བླ་བྲང་དང་འདུ་ཁང་གྲྭ་ཤག་སོ་སོའི་སྟེང་དུ་མཆོད་གློག་དང་སྣང་གསལ་སྒྲོན་མེའི་མཆོད་སྤྲིན་གྱིས་ཡོངས་སུ་ཁེངས་པར་བྱས་ནས་དུས་མཆོད་སྲུང་བརྩི་ཞུས།

 

   ཚེས་དྲུག་ཉིན་སྔར་སྲོལ་ལྟར་སྒྲུབ་ཆེན་ཨ་མཆོད་འདེམ་བསྐོས་གནང་སྟེ་མཁན་རིན་པོ་ཆེ་ནས་སྒྲུབ་ཆེན་གྱི་ཕྱག་ལེན་ཁག་ཚུལ་བཞིན་སྦྱང་དགོས་པའི་བཀའ་སློབ་ཟབ་རྒྱས་བསྩལ། ཡོངས་འཛིན་རིན་པོ་ཆེ་མཆོག་ནས་སྲོལ་འཛིན་གོང་མ་རྣམ་པས་རྒྱལ་བ་སྨན་རི་བའི་སྒྲུབ་ཆེན་གྱི་ཕྱག་ལེན་གནང་སྟངས་སྐོར་ཞིབ་ཅིང་ཕྲ་བ་ནས་བཀའ་སློབ་ལམ་སྟོན་གྱི་བཀའ་དྲིན་བསྩལ་ཏེ་སྒྲུབ་ཆེན་ཨ་མཆོད་རྣམ་པ་ཚོ་ལ་གསོལ་རས་དང་ཁ་བཏགས་གནང་།
ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་ལ་རྒྱུན་སྲོལ་བཞིན་གར་འཆམ་གྱི་མཛད་སྒོ་ཡོད་པ་ལྟར། ཉིན་དེར་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོགས་མཁན་སློབ་རྣམ་པ་གཙོས་པའི་དགེ་འདུན་འདུས་པ་རྒྱ་མཚོ་དང་ཧྥ་རན་སིས་གཞུང་ཚབ་གཙོས་པའི་ཕྱོགས་ཀྱི་སྐུ་མགྲོན་ཁག་དང་དད་ལྔན་མི་སྐྱ་ཕོ་མོ་རྣམས་འདུ་འཛོམ་གྱི་དྲུང་དུ།




   ཐོག་མར་རྔ་གཤང་རོལ་མོ་དང་རྐང་གླིང་གི་སྒྲ་བསྒྲགས་ཏེ་དྲི་ཞིག་སྤོས་ཀྱི་དུད་པས་སྣ་དྲངས་ནས་སྲིད་རྒྱལ་དུས་དྲུག་འཆམ། དེ་ནས་རྣམ་བརྒྱད་དང་། གཤེན་རབ་དགུ་འཆམ། སེང་འཆམ། མ་རྒྱུད་ཚོགས་འཆམས་མཛད་ནས་ཉིན་གུང་གྲྭ་ཚང་དང་ལྟད་མོ་བ་རྣམས་གསོལ་ཚིག་ལ་རོལ། ཆུ་ཚོད་དང་པོ་ཕྱེད་ཀ་ནས་གཟེ་མ་དགུ་འཆམ་དང་། གཡག་འཆམ་དང་། ཤ་བ་འཆམས་ནས་འཆམ་གྱི་མཛད་སྒོ་མཇུག་བསྡུས་སོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག