ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཆུ་འབྲུག་ལོར་རེབ་གོང་དུ་བཀའ་དབང་བསྩལ་བའི་གནས་ཚུལ།
ཆུ་འབྲུག་ལོར་རེབ་གོང་དུ་བཀའ་དབང་བསྩལ་བའི་གནས་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-03-06] [ཀློག་གྲངས། ]

      རོང་ཆེན་བཞིའི་ཡ་གྱལ་བྱང་གི་ཨཀྟ་རོང་སྟེ་ཡོངས་གྲགས་སུ་རེབ་གོང་གསེར་མོ་ལྗོངས་ཀྱི་བྱང་ནུབ་ཏུ་སྤྱི་ལེ་ཉི་ཤུ་ལྷག་གི་ས་མཚམས་སུ་གནས་པའི་རེབ་གོང་བོན་མང་ཁ་གསུམ་གྱི་ནང་ཚན་ལས་སྙན་བཟང་བོན་མང་གི་ཁོང་གཏོགས། གྲུབ་ཆེན་ཁྱུང་དཀར་ཚངས་པའི་ཕྱག་བཏབ་པའི་བྱང་གི་གནམ་རྟིང་དགོན་པའི་དགོན་ཤུལ་གྱི་ཉེ་འདབས་སུ་བཞུགས་པའི་ཧོར་སྙན་བཟང་གི་གསས་ཁང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་ཞེས་པ་རྒྱ་བསྐྱེད་དང་ས་གནས་སྤོར་ཏེ། ད་ལོར་རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་བའི་དུས་ཚེས་བཟང་པོར་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་ནས་སྤྱི་སྤུངས་སྐོར་གསུམ་ལས་གསས་མཁར་མཆོག་ལྔའི་ནང་གསེས་ཐུགས་ཀྱི་ཁྲོ་བོ་ངོ་མཚར་རྒྱས་པའི་བཀའ་དབང་ཟབ་མོ་གསུང་བ་རེད།
      བོད་ཆུ་འབྲུག་ལོའི་དཔྱིད་ཟླ་ར་བའི་ཚེས་དགུ་ཉིན་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་སྟོན་འཁོར་ལྷན་རྒྱས་དང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་པ་གྲྭ་ཚང་ལ་རེབ་གོང་སྙན་བཟང་བོན་མང་དང་དད་ལྡན་མང་ཚོགས་མང་པོ་དགའ་སྤྲོའི་ཡོ་ལང་རབ་ཏུ་བརྟས་ཏེ་ཆིབས་བསུ་དང་སེར་ཕྲེང་གིས་མདུན་བསུས་ནས་༧བོན་བརྒྱ་རིན་པོ་ཆེ་སྙན་བཟང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་གི་གསེར་ཁྲིར་མངའ་གསོལ་མཛད་རྗེས། ཁོང་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་ལྷ་སྡེ་མང་ཚོགས་རྣམས་ལ་དགེ་བསྐུལ་ཞལ་ཏ་བསྩལ་བ་དང་གསས་ཁང་བདེ་ལེགས་ཀྱིས་ལེགས་འགྲུབ་བྱུང་བ་ལ་གོས་དར་དང་ཇ་བག་གིས་ཐོག་དྲངས་ཏེ་དམངས་སྒོར་ཁྲི་ཕྲག་གཅིག་ལྷག་གིས་སྒོ་འབྱེད་དང་བཀྲ་ཤིས་རབ་གནས་མཛད། དེ་ནས་དབང་གི་འགན་འཛིན་པ་དང་མཆོད་གཡོག་པ་རྣམས་ནས་གཏོར་མ་བཟོ་བ་དང་དཀྱིལ་འཁོར་གྱི་བཀོད་བཤམས་ལེགས་པར་བྱས།
      ཚེས་བཅུ་ཉིན་མཁས་དང་གྲུབ་པའི་དབང་ཕྱུག་བོན་བརྒྱ་རིན་པོ་ཆེ་སྐུ་དངོས་སུ་ཚོགས་མགོར་བཞུགས་ནས་རང་དགོན་གྱི་འདུལ་འཛིན་པ་བཅུ་ཕྲག་གཅིག་ལྷག་ཙམ་གྱིས་སྤྱི་སྤུངས་ཁྲོ་བོ་ངོ་མཚར་རྒྱས་པའི་སྔོན་འགྲོ་ས་ཆོག་ནས་དངོས་གཞིའི་གཞུང་བསྲིངས་ཏེ་ཚོགས་འཁོར་ཁ་ཚང་གྲུབ་པར་བྱས།
      ཚེས་བཅུ་གཅིག་ཉིན་སྔོན་མ་ནང་བཞིན་དབང་ཆོག་ཁ་ཚང་གྲུབ་རྗེས་ཕྱི་དྲོར་དབང་གི་སྟ་གོན་མཛད་པ་དང་། དབང་བཤད་སྐབས་སུ་དབང་འདི་འདྲ་ཞིག་གསུང་དགོས་དོན་རང་རང་གི་སྙན་གྲགས་རྙེད་བཀུར་དང་འཇིག་རྟེན་ཆོས་བརྒྱད་ཀྱི་ཕྱོགས་སུ་མ་སོང་བར། འདིར་བཞུགས་ཀྱི་བླ་སྤྲུལ་རྣམས་དང་དགེ་འདུན་བོན་གཤེན་རིག་འཛིན་རྣམས་ལ་དབང་གི་བྱིན་རླབས་མ་ཡལ་བའི་གདམས་པ་ཁྱད་པར་ཅན་གཞན་སྨིན་དུ་བསྐུར་བ་ཡིན་ཚུལ་དང་དབང་གི་ལོ་རྒྱུས་དང་འབྲེལ་བའི་ཐུན་མིན་གསང་སྔགས་ཀྱི་དམ་ཚིག་སྐོར་ནས་ཞིབ་རྒྱས་སུ་གསུངས་པ་དང་། དེ་བཞིན་མི་རིགས་དང་མི་རིགས་ནང་ཁུལ་དུ་འགལ་རྐྱེན་འཁྲུག་སློང་མི་བྱེད་པར་མཐུན་སྒྲིལ་དམ་འཛིན་གྱིས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་དང་འགྲོ་ཀུན་ཕན་བདེ་བསྒྲུབ་དགོས་པའི་བསླབ་བྱ་གལ་ཆེན་གནང་།
      ཚེས་བཅུ་གཉིས་ཉིན་ཁོང་གི་བླ་མ་རིན་པོ་ཆེ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་དང་བོན་བརྒྱ་ཡབ་སྲས་ཀྱི་ཕྱག་ལེན་བཞིན་དུ་ཁྲོ་བོ་ངོ་མཚར་རྒྱས་པའི་དབང་ཆེན་འགུ་ཡ་གཏིང་རྫོགས་ཀྱི་དབང་གི་དངོས་གཞི་གསུངས་ཤིང་། དེ་ལ་ཡང་རྟོགས་ལྡན་ཆེན་པོ་༧བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་ཀྱི་ཡང་སྲིད་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་གཙོས་མདོ་སྟོད་སྨད་བར་གསུམ་ནས་ཕེབས་པའི་བླ་སྤྲུལ་ཁག་དང་། བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བཤད་སྒྲུབ་འདུས་སྡེ། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བོན་གཤེན་རིག་འཛིན་འདུས་པ་རྒྱ་མཚོ། དེ་བཞིན་སོ་ནག་བོན་དགོན་མདོ་སྔགས་གཤེན་བསྟན་དར་རྒྱས་གླིང་དང་ཁྲི་ཀའི་སེར་བརྒྱ་གསང་སྔགས་མེ་རི་བདུད་འདུལ་གླིང་། དུང་དཀར་གཤེན་བསྟན་དར་རྒྱས་གླིང་། ཀོས་ནན་བོན་བརྒྱའི་བོན་མང་སོགས་དགེ་འདུན་འདུས་པ་སྤྱི་དང་གོས་དཀར་ལྕང་ལོ་འཛིན་པའི་སྡེ་སོགས་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོར་གོང་བཤད་ཀྱི་བཀའ་དབང་རྒྱས་པ་བསྩལ་བས་དད་ལྡན་གྱི་སློབ་མ་མི་ཉུང་བ་ཞིག་གི་རྒྱུད་ལ་གདམས་ངག་གི་ནུས་པ་དང་བླ་མའི་བྱིན་རླབས་ཞུགས་རྟགས་སུ་དབང་བྱིན་བབས་པའི་སློབ་མ་བགྲང་གིས་མི་ལང་ངོ་། །
      ཚེས་བཅུ་གསུམ་ཉིན་བོན་བརྒྱ་རིན་པོ་ཆེ་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཕེབས་པ་དང་།  དེ་རིང་སྟེ་ཚེས་བཅུ་བཞི་ཉིན་བོན་བརྒྱ་བླ་བྲང་གི་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་རང་དགོན་གྱི་ལོ་མཚམས་སྒྲུབ་གྲྭ་བ་བཅུ་ཕྲག་གཉིས་ལྷག་གཙོ་བྱས་བོན་གཤེན་དད་ལྡན་མང་པོར་ཡི་དམ་ཀུན་འདུས་ཀྱི་ལུང་དང་ངོ་སྤྲོད་སངས་རྒྱས་ལག་འཆང་གི་བཟླས་ལུང་བཅས་བཀའ་དྲིན་ཅི་རིགས་བསྩལ་བའི་གནས་ཚུལ་ཙམ་མོ། །


༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག

སྙན་བཟང་བོན་མང་ཁ་གསུམ་དང་དད་ལྡན་མང་པོས་ཆིབས་བསུ་བྱེད་བཞིན་པ།

དགེ་འདུན་པའི་སྡེ་དང་རིག་འཛིན་འདུས་པ་མང་པོས་བཀའ་དབང་ལ་གསན་བཞིན་པའི་ཚུལ།

རང་དགོན་གྱི་ལས་ཐོགས་པ་དང་རེབ་གོང་བོན་མང་གི་བྱིངས་འདྲེན་རྣམས་ཀྱིས་མཎྜལ་འབུལ་བཞིན་པའི་ཚུལ།

གསས་ཁང་ཕྱི་རོལ་དུ་བྱིན་འབེབ་བཞིན་པའི་དད་ལྡན་སྐོར་ཞིག

བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་བཀའ་ལུང་གསུང་བཞིན་པའི་ཚུལ།

ཕྱོགས་སོ་སོ་ནས་འདུས་པའི་དད་ལྡན་མང་ཚོགས་མང་པོས་བཀའ་ལུང་ལ་མཉན་བཞིན་པ།

བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་༧ཆོས་རྗེ་བོན་བརྒྱ་བ་ཆེན་པོ་བླ་རབས་དང་སྐུ་འཕྲེང་རིམ་བྱོན་གྱི་

མཛད་པ་འཕྲིན་ལས་ལ་བརྟེན་ནས་བྱུང་བའི་སྐུ་གསུང་ཐུགས་རྟེན་ལས་རྟེན་རྙིང་བྱིན་ལྡན་སྐོར་ཞིག

      ༡༽ རེབ་གོང་གྲུབ་ཐོབ་རྣམ་གསུམ་པོ་བོད་རྒྱལ་དར་མ་ཨུ་དུམ་བཙན་གྱི་རིང་དབུས་ནས་མདོ་སྨད་དུ་བྱོན་སྐབས། ཐོག་མར་དགོན་གནས་འདིའི་ལུང་མདོར་བཙན་སྡོང་བཅད་པའི་ཤིང་ལ་སྒྲུབ་པའི་ཕུར་སྐུ་རང་བྱོན་མ་བཞུགས། དུས་སྤྱི་ལོ་༨༥༠ནང་ཡིན་པས་མི་ལོ་༡༡༥༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་ཆེས་སྔ་བ་ཡིན་ནོ།།
      ༢༽ སྐྱང་འཕགས་ཆེན་པོའི་རྟེན་ཕུར་སྤྱི་འདུལ་རྟ་དབུ་མ། གཟུངས་གཞུག་ཏུ་སྟོན་པའི་འཕེལ་གདུང་བཞུགས། སྤྱི་ལོ་༡༡༠༨ལྷག
      ༣༽ སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་ནས་བཟུང་རབ་འབྱམས་པ་ཤེས་རབ་རྣམ་རྒྱལ། རྩེ་ཞིག་འགྱུར་མེད་ཀུན་བཟང་རྒྱ་མཚོ། རྩེ་ཞིག་གཡུང་དྲུང་བསྟན་རྒྱས། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། བོན་བརྒྱ་རང་ཤར་རིག་གྲོལ། སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་སོགས་དམ་པ་དུ་མའི་ཕྱག་བརྒྱུད་ནས་བྱིན་རླབས་གནང་བའི་སེང་ལྡང་གི་ཌཱ་མ་རུ། སྤྱི་ལོ་༡༢༧༠ལྷག
      ༤༽ གཤེན་ཚང་ནས་བརྒྱུད་དེ་བྱོན་པའི་གླང་ཆེན་མཆེ་བ་ལས་གྲུབ་པའི་ཌཱ་མ་རུ་བྱིན་ལྡན། སྤྱི་ལོ་༡༤༠ལྷག
      ༥༽ བོན་བརྒྱ་རང་ཤར་རིག་གྲོལ་རྩལ་གྱི་རིགས་བདག་ཚེ་དབང་རིག་འཛིན་གྱི་གའུ། ནང་དུ་སྲིད་པ་རྒྱལ་མོ་རྨ་ཆེན་སྦོམ་ར། བྲག་བཙན་གསུམ་གྱི་རྟེན་འཁོར་བླ་ཤིང་བླ་རྡོ་དམ་རྫས་དང་བཅས་པ་བཞུགས། སྤྱི་ལོ་༡༨༠༠ལྷག
      ༦༽ གྲུབ་དབང་རང་ཤར་རིག་གྲོལ་རྩལ་ལམ་བོན་པོ་མཁར་རྩེ་མཆོག་གི་དབལ་གསས་དང་ཁྲོ་བོ་དབང་ཆེན་གྱི་དབང་རྫས་ཙ་ཀ་ལི་དང་། དབང་ཆས་སྟོད་གཡོག་བང་ཁེབས་དང་བཅས་པ་བྱིན་ལྡན་བཞུགས། སྤྱི་ལོ་༡༨༠༠ལྷག
      ༧༽ སྨོན་རྒྱལ་ཀུན་གྲོལ་གྲགས་པ་རིན་པོ་ཆེའི་གསུང་འབུམ་ལས། ཉིད་ཀྱི་ཕྱག་དཔེ་ཁྲིད་ཡིག་དམར་མོ་མཛུབ་ཚུགས་ཕྱག་བྲིས་འཁྲུལ་མེད་བཞུགས། སྤྱི་ལོ་༡༧༠༠ལྷག
     ༨༽ སྟག་ལྷག་མེ་འབར་ཐུགས་སྤྲུལ་གྱི་ཁྲོ་སྐྱབས་རྒྱལ་བོའི་ཕྱག་འཁོར་གསེར་དངུལ་ལས་གྲུབ་པ། སྤྱི་ལོ་༡༨༠༠ལྷག
     ༩༽ རྗེ་བཙུན་ཁྲི་ཀ་བ་ཆེན་པོ་སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག་གི་གསོ་སྦྱོང་སྟོན་པ་རྒྱ་གར་ལི་མ་སྟོན་པའི་འཕེལ་གདུང་ཅན་དང་། ཁོང་གི་ཕྱག་བྲིས་བྱང་ཆུབ་ལམ་རིམ་དང་བརྡ་སྤྲོད་ཉེར་བདུན་པ།
     ༡༠༽ ཆོས་རྗེ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་བྱུ་རུའི་ཕྱག་ཕྲེང་། གསོལ་ཅན་དངུལ་དཀར་མ་དང་ཐུར་མ། ཕྱག་འཁོར་ཕྱག་ཌར་ན་བཟའ་བྱིན་རླབས་དང་ལྡན་པ་བཞུགས་པ་ལགས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག