ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧སྨན་རིའི་གླིང་དུ་སྐབས་༡༦པའི་དགེ་བཤེས་མཛད་སྒོ་སྤེལ་བ།
༧སྨན་རིའི་གླིང་དུ་སྐབས་༡༦པའི་དགེ་བཤེས་མཛད་སྒོ་སྤེལ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 12-03-10] [ཀློག་གྲངས། ]


༧སྨན་རིའི་གླིང་གི་སྐབས་བཅུ་དྲུག་པའི་དགེ་བཤེས་མཛད་སྒོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ།

      དེ་ཡང་བོན་གྱི་མཁས་དབང་ཆེན་མོ་ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས།   “ཨེ་མ་མཁས་བཙུན་བཟང་འཛོམས་དཀོན་པའི་མཆོག །དགེ་བཤེས་བརྒྱ་ལྷག་དུས་གཅིག་དངོས་མཇལ་ཐུབ། །འབྱོན་བཞུགས་གཏམ་སྙན་ཝ་ལེར་གསལ་ཐོས་ཚེ། །རྣམ་ཐར་འོད་སྟོང་ལྡན་པས་ཡིད་རབ་འཕྲོག །”ཅེས་པའི་གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་བཀྲ་ཤིས་པའི་ཚིགས་བཅད་ཀྱིས་མདུན་བསུས་ཏེ། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ཆུ་འབྲུག་ལོའི་དཔྱིད་ཟླ་ར་བའི་ཚེས་ལྔ་པ་ཕྱི་མའི་ཉིན་ཏེ་ཕྱི་ལོ་༢༠༡༢ཟླ་༢ཚེས་༢༧ཉིན་ནས། རང་ཅག་འགྲོ་བ་ཡོངས་ཀྱི་ལྷ་སྐལ་༧རྣམ་འདྲེན་རྒྱལ་བ་གཉིས་པའི་ཞལ་ཚབ་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་ཀུན་ལ་མཁྱེན་སྤྱན་མངའ་བ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་འོག བཤད་སྒྲུབ་གྲྭ་ཚང་གི་མཁན་སློབ་རྣམ་གཉིས་དང་སྨན་རིའི་གྲྭ་ཚང་འདུས་མང་ཡོངས་ཀྱི་དབུས་ནས། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅུ་དྲུག་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་འཆར་ཅན་ལྟར་གོང་ཚེས་ཞོགས་པའི་ཆུ་ཚོད་བཅུ་པ་ནས་སྔོན་འགྲོའི་གཞུང་བཤད་དང་། ཉིན་གུང་གཏོང་སྒོ་ཆེན་མོ། ཕྱི་དྲོར་བཀྲ་ཤིས་གསོལ་ཡོད་པ་དང་། དེ་བཞིན་ཉིན་ལྟར་བཀའ་རམས་པ་རེ་རེ་ནས་སྔོན་འགྲོའི་གཞུང་བཤད་སོགས་གནང་ཡོད་པ་དང་། བོད་ཚེས་བཅུ་གསུམ་ནས་སྔ་དྲོར་ངག་རྒྱུགས་དམ་བཅའ་དང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོ་བཅས་ཉིན་གསུམ་ལ་གནང་ཡོད་པ་རེད།

      བོད་ཚེས་བཅུ་དྲུག་ཉིན་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་ལགས་གདན་ཞུས་ཀྱིས། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། སྤྱི་ཟུར་ཐོགས་མེད་ལགས། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན། བོན་སྤྱི་དགེ་བཤེས་རྣམ་དག་གཙུག་ཕུད། ཨེམ་ཆི་དཔའ་རྩལ་སྟོབ་ལྡན་སོགས་སྐུ་མགྲོན་ཁག་དང་། དེ་བཞིན་བོན་གཞིས་ཀྱི་ཚོགས་པ་ཆེ་ཕྲ་ཁག་གི་འགན་འཛིན་ཁག་བཅས་ཕེབས་གནང་སྟེ། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་དུ་སྐབས་བཅུ་དྲུག་པའི་དགེ་བཤེས་མཛད་སྒོ་ཉིན་མཐའ་མའི་མཛད་རིམ་དངོས་སུ་དབུ་འཛུགས་གནང་། སྔ་དྲོའི་ཕྱག་ཚོད་བཅུ་པ་ནས་བཀྲ་ཤིས་དམ་བཅའ་དང་། བོད་གཞུང་ཆོས་རིག་ལས་ཁུངས་ནས་སྨན་རིའི་གྲྭ་ཚང་ལ་སྐུ་འགྱེད་དང་མང་ཇ་སོགས་རྒྱས་འབུལ་ཞུས་ཡོད་པ་དང་། དེ་ནས་ཉིན་གུང་ཕྱག་ཚོད་དང་པོ་ནས་༧སྨན་རི་དཔོན་སློབ་རིན་པོ་ཆེ་ནས་བཀའ་རམས་པ་རྣམ་པར་མཚན་གསོལ་གནང་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བས་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་གསོལ་བསྩལ་གྲུབ་པ་དང་། བཀའ་རམས་པ་རྣམས་ནས་ཚིག་བཀྲ་གྱེར་ཞིང་དེ་ནས་སྐབས་བཅུ་དྲུག་པའི་བཀའ་རམས་པ་རྣམས་བཤད་སྒྲུབ་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་བསྐལ་བཟང་ཁྲི་སྟོན་གྱི་མཛད་སྒོ་དུས་སྟོན་གཟབ་རྒྱས་གནང་སྟེ། བོན་གཞིས་སེར་སྐྱ་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཕེབས་པའི་དད་ལྡན་སྦྱིན་བདག་ཁག་སོགས་ནས་བསྐལ་བཟང་རྟེན་དོད་དང་མཇལ་ཁ་ཞུས་ཏེ་མཛད་སྒོ་བདེ་ལེགས་ངང་གྲོལ་ཡོད་པ་བཅས་ཀྱི་གནས་བསྡུས་སོ།།


སྐབས་བཅུ་དྲུག་པའི་སྨན་རིའི་དགེ་བཤེས་རྣམ་པ།




ཐེངས་འདིའི་མཛད་སྒོ་སྐབས་འབྲེལ་ཡོད་ཀྱི་པར་རིས་ཁག་ཅིག

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག