ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ཨ་རིར་ཕེབས་པའི་མཛད་འཕྲིན་མདོར་བསྡུས་ངོ་སྤྲོད།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ཨ་རིར་ཕེབས་པའི་མཛད་འཕྲིན་མདོར་བསྡུས་ངོ་སྤྲོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གྲྭ་ཤེས་རབ་སེང་གེས།] [ཟླ་ཚེས། 12-08-02] [ཀློག་གྲངས། ]

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ཨ་རིར་ཕེབས་པའི་མཛད་འཕྲིན་མདོར་བསྡུས།

           དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག ༢༠༡༡ལོའི་སྤྱི་ཟླ ༡༢ ཚེས ༢༧ ནས་ ༢༠༡༢ལོའི་སྤྱི་ཟླ ༦ ཚེས ༨བར་ཟླ་བ་དྲུག་གི་རིང་ཨ་རིར་ཡོད་པའི་བོན་གྱི་སྒྲུབ་སྡེ་དཔལ་ལིག་མིན་རྐྱ་རིག་སློབ་ཁང་གི་དབུ་འཛིན་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་གདན་ཞུ་དང་འབྲེལ་ཨ་རིའི་རྒྱལ་ཁབ་ཀྱི་ཤར་ལྷོ་ནུབ་བྱང་གི་གྲོང་ཁྱེར་ཆེ་ཁག་བལྟ་བསྐོར་དང་གཟིགས་ཞིབ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཉམས་ལེན་སློབ་ཁྲིད་དང་། གཞན་ཡང་བོད་ཀྱི་གསོ་བ་རིག་པ་དང་། འབྱུང་རྩིས། གཏོ་བཅོས། ལོ་རྒྱུས་རིག་གནས་ཅི་རིགས་སོགས་གདུལ་བྱ་ཁམས་དང་མོས་པ་སྣ་ཚོགས་ལ་གང་ལ་གང་དགོས་དེ་ལ་དེར་སྟོན་གྱི་སློབ་ཁྲིད་དང་དམངས་ཕན་ཞབས་འདེགས་ཀྱི་ཕྱག་ལས་དུ་མ་གནང་བའི་མཛད་འཕྲིན་མདོར་བསྡུས་རེ་འདིར་ངོ་སྤྲོད་ཞུ་རྒྱུ།
༡༽ཐོག་མར་༢༠༡༡ལོའི་སྤྱི་ཟླ ༡༢ ཚེས ༢༧ཉིན་རྒྱལ་ས་པེ་ཅིང་ནས་མཁའ་ལམ་བརྒྱུད་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཝེར་ཇི་ནེ་ཡའི་Virginia ནང་ཡོད་པའི་བོན་གྱི་སྒྲུབ་སྡེ་དཔལ་ལིག་མིན་རྐྱ་རིག་སློབ་ཁང་ལ་ཕེབས་ཏེ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གཙོས་ལིག་མིན་རྐྱའི་ལས་བྱེད་ལྷན་རྒྱས་རྣམས་མཇལ་འཕྲད་གནང་། དེ་ནས་༢༠༡༡ལོའི་སྤྱི་ཟླ ༡༢ ཚེས ༢༩ ནས་ ༢༠༡༢ལོའི་སྤྱི་ཟླ ༡ ཚེས ༥བར་བདུན་ཕྲག་གཅིག་རིང་ལ་བོན་གྱི་སྒྲུབ་སྡེ་དཔལ་ལིག་མིན་རྐྱ་རིག་སློབ་ཁང་གི་ལོ་རེའི་སྒྲུབ་མཆོད་མཛད་སྒོ་གཙོ་བོ་འཆར་ཅན་དབྱར་དགུན་སྟོན་དཔྱིད་བཞི་ལ་སྒྲུབ་པ་ཉམས་ལེན་བཤད་ཁྲིད་ཀྱི་འདུ་འཛོམས་ཆེན་མོ་རེ་ཡོད་པའི་དགུན་ཁའི་སྒྲུབ་པ་ཉམས་ལེན་བཤད་ཁྲིད་ཀྱི་སྐབས་སུ་ཁོང་གདན་ཞུ་བྱས་པས་སྐབས་དེར་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། དགེ་བཤེས་ལྡན་མ་རྒྱལ་མཚན་ཁོང་རྣམས་ལྷན་དུ་འཛམ་གླིང་ཡུལ་གྲུ་ཁག་དུ་མ་ནས་ཕེབས་པའི་བོན་གྱི་སློབ་མ་རྣམས་ལ་ཉམས་ལེན་གྱི་བཤད་ཁྲིད་དང་། རྩ་རླུང་འཕྲུལ་འཁོར། རྒྱུན་ཚོགས་ཀྱི་བར་གསེང་དུ་ནད་སེལ་གདོན་འདུལ་གྱི་ཆེད་དུ་ཟུག་རྔུ་ནད་ཀྱི་གདུང་བའི་ནད་པ་འདྲ་མིན་ལ་ནད་བརྟག་སྨན་དཔྱད་དང་། སེམས་ཁམས་མི་བདེ་བ་དང་གདོན་གྱི་གཙེས་པའི་རིགས་ལ་གཅོད་བརྡུང་བཀའ་བསྒོ་དང་རིམ་གྲོའི་སྐུ་རིམ་ཅི་རིགས་ཀྱིས་ཕྱག་ལས་གནང་ཞིང་དེའི་སྐོར་ཁོང་གིས་གསུང་དོན་༼ད་ལན་ཕྲན་རང་ནུབ་ཕྱོགས་ཨ་རིར་བསྐྱོད་སྐབས་ཨ་རི་ནི་དངོས་གཙོ་དང་ཚན་རིག་འཕེལ་རྒྱས་ཅན་གྱི་ཡུལ་གྲུ་ཞིག་ཡིན་པས་སེམས་གཙོའི་ལམ་ནས་སེམས་དོན་ལ་ཕན་པའི་ཉམས་ལེན་གྱི་སྐོར་དང་། ནད་སེལ་གདོན་འདུལ་གྱི་མོ་རྩིས་གཏོ་དཔྱད་སྐོར་ལ་མི་རྣམས་ཀྱིས་དོ་སྣང་དང་མཐོང་ཆེན་དེ་འདྲ་གནང་གི་ཡོད་པའི་གདེང་ཚོད་གང་ཡང་མེད་ཀྱང་རྩ་བའི་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་གཙོས་བླ་སྤྲུལ་བཤེས་གཉེན་དུ་མས་སློབ་ཁྲིད་དང་སྣེ་ཁྲིད་ཀྱི་ནུས་པའི་ཉེར་ལེན་ཡིན་པར་གོར་མ་ཆགས། དེས་ན་ས་གནས་དེ་གའི་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་དུ་མ་འཛོམས་པའི་བོན་གྱི་ཉམས་ལེན་བསྒྲུབ་པའི་ལྟེ་གནས་ལ་མིའི་རིགས་ཀྱང་མི་འདྲ་བ་ལ་དགོས་མཁོའི་མོས་པ་མི་འདྲ་བར་བརྟེན། ནུབ་ཕྱོགས་པའི་མི་མང་པོར་འཚོ་བ་དང་ལས་ཀ་སོགས་ཀྱི་རྐྱེན་པས་མི་མང་པོར་སེམས་ཁམས་མི་བདེ་བའི་རིགས་ལ་གཡུང་དྲུང་བོན་གྱི་རྫོགས་པ་ཆེན་པོའི་སེམས་དོན་ཉམས་ལེན་སྐོར་གྱིས་མི་དམངས་ལ་ཕན་ཐོག་དང་ནུས་པ་རྒྱ་ཆེར་ཐོན་དང་ཐོན་མུས་སུ་མཆིས་ལ། གཞན་ཡང་བོད་ཀྱི་སྲོལ་རྒྱུན་ལག་ལེན་ནད་གདོན་བར་ཆད་སོགས་སེལ་ཐབས་ནད་ལ་བོད་སྨན་དང་། གདོན་ལ་ཐོག་མར་ངོས་བཟུང་ཆེད་མོ་དང་རྩིས། དེ་སེལ་ཐབས་ལ་གཏོ་དང་སྐུ་རིམ་སོགས་ཀྱི་ལམ་ནས་ཨ་རིའི་དད་ལྡན་མི་དམངས་ལ་ཕན་ཐོག་གལ་ཆེན་བྱུང་བ་དེ་དག་མི་རྣམས་ཀྱིས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག༽གསུངས།

 

བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་ཕྱག་བཏབས་པ་ཨ་རིར་ཡོད་པའི་བོན་གྱི་སྒྲུབ་སྡེ་དཔལ་ལིག་མིན་རྐྱའི་བོན་ཚོགས།

         ལིག་མིན་རྐྱའི་སྒྲུབ་སྡེར་བསང་གསོལ་ལྷ་རྒྱལ་སོགས་ཀྱི་མཛད་སྒོ་སྤེལ་བཞིན་པ།

དགེ་བཤེས་རྣམ་གཉིས་ཀྱིས་བླ་བསླུའི་མཛད་སྒོ་གནང་བཞིན་པའི་སྐབས།

དགེ་བཤེས་ལགས་ལིག་མིན་རྐྱ་རུ་མཛད་སྒོ་ཁག་མཉམ་ཞུགས་ཀྱི་འདྲ་དཔར་ཁག

དཔལ་ལིག་མིན་རྐྱའི་སྒྲུབ་སྡེས་སྲིད་རྒྱལ་ཡེ་ཤེས་དབལ་མོའི་མཆོད་ཚོགས་རྒྱས་འབུལ་སྐབས། 


    ༢༽དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག ༢༠༡༢ལོའི་སྤྱི་ཟླ ༡ ཚེས ༩ ནས་ ༡༩ བར་ཉིན་བཅུའི་རིང་ལ་ཨ་རིའི་རྒྱལ་ཁབ་ཀྱི་གྲགས་ཅན་གྲོང་ཁྱེར་ཆེ་ཁག་བཞིའི་ཡ་གྱལ་ནེའུ་ཡོག(New york)ལ་ཡུལ་བསྐོར་སྤྲོ་འཁྱམས་དང་འབྲེལ་བའི་བལྟ་བསྐོར་ཕེབས། ༢༠༡༢ལོའི་སྤྱི་ཟླ ༡ ཚེས ༩ ཉིན་དགེ་བཤེས་ལྡན་མ་རྒྱལ་མཚན་གྱིས་སྣེ་ཤན་གནང་སྟེ་ནེའུ་ཡོག་ཏུ་ཡོད་པའི་དགེ་བཤེས་ལྡན་མའི་སྲིང་མོ་གཉིས་ཀྱི་ནང་མི་རྣམས་ཀྱིས་བཞུགས་གནས་གྲ་སྒྲིག་དང་འབྲེལ་དེར་བཞུགས་པའི་བོན་གྱི་བླ་གྲྭ་སྐྱང་སྤྲུལ་བསྟན་འཛིན་རྣམ་རྒྱལ་དང་། ཌོར་ཐང་མཁན་པོ་དགེ་བཤེས་བསྟན་འཛིན་དར་རྒྱས། རྒྱ་གར་སྨན་རི་དགོན་པའི་གཡུང་དྲུང་བོན་དང་ཚན་རིག་ཆེད་སྦྱོང་བ་གྲྭ་གཡུང་དྲུང་དཀོན་མཆོག ཏྲེ་བ་ཀུན་དགའ་འཕྲིན་ལས། ཏྲེ་བ་སྟག་ལ་བཀྲ་ཤིས་རྣམས་ཀྱིས་མགྲོན་འབོད་གདན་ཞུ་དང་མཉམ་འཛོམས་གནང་སྟེ་འཛམ་གླིང་ཤར་ནུབ་གཉིས་ནང་བོན་བསྟན་འཕེལ་རྒྱས་དང་དེ་འཛིན་སྐྱོང་སྤེལ་ཕྱོགས་སྐོར་བཞུགས་མོལ་གྱི་དགོངས་འཆར་གནང་རེས་བྱས། དེ་ནས་ཉིན་གཉིས་རིང་ནེའུ་ཡོག་ཏུ་ཡོད་པའི་ཕྱི་རྒྱལ་ནད་པ་རྣམས་ལ་ནད་བརྟག་སྨན་དཔྱད་བོད་སྨན་གྱི་སྒོ་ནས་ཕྱག་ལས་གནང་། དེ་ནས་བདུན་གཅིག་རིང་ནེའུ་ཡོག་ཏུ་ཡོད་པའི་གྲགས་ཅན་གྱི་ཡུལ་བསྐོར་ལྟེ་བ་ཁག་དང་འཛམ་གླིང་ཤར་ནུབ་གཉིས་ཀྱི་ཤེས་རིག་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཁང་ཁག  གཞན་ཡང་དེང་དུས་ཀྱི་ཉོ་ཚང་ལྟེ་གནས་ཀྱི་ཁྲོམ་ར་ཁག་བཅས་ལ་བལྟ་བསྐོར་དང་གཟིགས་ཞིབ་གནང་བའོ།

2001-9-11ཨ་རིའི་འཛམ་གླིང་དཔལ་འབྱོར་ལྟེ་གནས་གོད་ཆགས་ཆེན་པོ་བྱུང་སའི་ས་ཁུལ་དེང་སྐྱར་གསོ་གནང་བཞིན་པ།

ཨ་རིའི་གྲོང་ཁྱེར་གྲགས་ཅན་ནེའུ་ཡོག་གི་ཁྲོམ་ར་ཁག་བལྟ་བསྐོར་འགྲོ་སྐབས།


དགེ་བཤེས་ལགས་ནེའུ་ཡོག་ཏུ་དགའ་འདྲིས་གྲོགས་གསུམ་ལྷན་དུ་འདུ་འཛོམས་སྐབས།

༣༽དགེ་བཤེས་ལགས་༢༠༡༢ལོའི་སྤྱི་ཟླ ༡ ཚེས ༢༥ ནས་ ༢༩ བར་ཉིན་བཞིའི་རིང་ཨ་རི་བ་ཝིག་ཁིས་ཀྱིས་སྣེ་ཤན་བྱས་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་རྒྱལ་ས་དང་གྲགས་ཅན་གྲོང་ཁྱེར་ཆེ་ཁག་བཞིའི་ཡ་གྱལ་ཝ་ཤིང་ཀྲོན་ Washingtonལ་བལྟ་བསྐོར་ཕྱིན་ཏེ་ཨ་རིའི་ཕོ་བྲང་དཀར་པོ་དང་། གྲོས་ཚོགས་གོང་འོག དཔའ་བོའི་དྲན་གསོའི་རྡོ་རིང་། ཨ་རིའི་རྒྱལ་ཁབ་ཀྱི་ལོ་རྒྱུས་རྙིང་པའི་འགྲེམས་སྟོན་ཁང་དང་། དེང་རབས་ཅན་གྱི་འགྲེམས་སྟོན་ཁག འཛམ་གླིང་ཤར་ནུབ་ཀྱི་རིག་དངོས་རྙིང་པའི་འགྲེམས་སྟོན་ཁང་སོགས་བལྟ་ཞིབ་ནན་པོ་གནང་མཐར། ཁོང་གིས་འགྲེམས་སྟོན་ཁང་དེ་དག་ནང་ནས་ཨ་རིའི་ལོ་རྒྱུས་དང་སྲོལ་རྒྱུན་རྙིང་ཤོས། ནེ་ཏྲིབ་ཨ་མི་རི་ཀའི་སྲོལ་རྒྱུན་ཁག་བཞི། Native American: 1. Anasazi. 2.Hopi. 3.Nawaho. 4.Zuni བཅས་ཀྱི་སྲོལ་རྒྱུན་དེ་དག་བོད་ཀྱི་གོམས་གཤིས་རྙིང་པ་དང་། བོན་གྱི་སྲོལ་རྒྱུན་དུ་མ་དང་ཆ་འདྲ་བ་དེ་དག་མཐོང་དུས་དབང་མེད་ཀྱི་དོ་སྣང་ཆེན་པོ་ཞིག་སྤྲོད་དགོས་པ་བྱུང་གསུངས།

དགེ་བཤེས་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་གྲོས་ཚོགས་གོང་འོག་དཔའ་བོའི་རྡོ་རིང་བཅས་ལ་བལྟ་བསྐོར་འགྲོ་བའི་སྐབས།

དགེ་བཤེས་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕོ་བྲང་དཀར་པོ་དང་འགྲེམས་སྟོན་ཁང་ཆེན་སོཌ་ལ་བལྟ་བསྐོར་འགྲོ་བའི་སྐབས།

དགེ་བཤེས་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་གནའ་བོའི་རིག་གཞུང་འགྲེམས་སྟོན་ཁང་དུ་བལྟ་བསྐོར་འགྲོ་བའི་སྐབས།

ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དངུལ་ཁང་གྲགས་ཅན་དང་ཨ་རིའི་དངུལ་ལོར་བཟོ་སའི་ཁང་ཆེན་སོགས།

དགེ་བཤེས་ལགས་ཝ་ཤིང་ཀྲོན་དུ་གྲོས་ཚོགས་གོང་མའི་དཔེ་མཛོད་ཁང་ཆེན་དང་དེང་རབས་ཅན་གྱི་འགྲེམས་སྟོན་ཁང་ཁག་ལ།


༤༽དགེ་བཤེས་ལགས། ༢༠༡༢ལོའི་སྤྱི་ཟླ ༢ ཚེས ༩ ནས་ ༢༩ བར་ཉིན་ཉི་ཤུའི་རིང་ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཁེར་ལི་ཧྥོར་ཉ། Californiaལ་བལྟ་བསྐོར་དང་འབྲེལ་ཐོག་མར་དེར་བོན་གྱི་ཆོས་ཚོགས་རྒྱལ་གཤེན་སློབ་གླིང་གི་དབུ་འཛིན་དགེ་བཤེས་བྱ་འཕུར་ལྷུན་གྲུབ་རྒྱལ་མཚན་གྱིས་གདན་ཞུ་བྱས་པས། ༢༠༡༢ལོའི་སྤྱི་ཟླ ༢ ཚེས ༩ ཉིན་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་ཁོང་རྣམ་གཉིས་ཨ་རིའི་ཤར་ཕྱོགས་ནས་ནུབ་ཕྱོགས་ལ་ཕེབས་ཏེ་རྒྱལ་གཤེན་སློབ་གླིང་གི་དགེ་བཤེས་ལྷུན་གྲུབ་དང་བླ་མ་ཤེས་རབ། གཞན་ཡང་ཚོགས་པའི་རྒྱུན་ལས་རྣམས་མཇལ་འཕྲད་གནང་། དེ་ནས་ཉིན་གཉིས་རིང་ཆོས་ཕྱོགས་ཀྱི་འབྲེལ་བ་དང་ནད་བརྟག་སྨན་དཔྱད་སོགས་གནང་། དེ་ནས་བདུན་ཕྲག་གཅིག་རིང་སྤྱིར་འཛམ་གླིང་དང་། སྒོས་སུ་ཨ་རིའི་ནང་ནམ་ཟླ་དུས་བཞི་དང་། རང་བྱུང་འཁོར་ཡུག་གི་བཀོད་པ་ཤིན་ཏུ་མཛེས་པའི་གྲགས་ཅན་གྱི་ས་ཆ་སའན་ཧྥི་རན་སི་ཀོ San Francisco ཡུལ་བསྐོར་མཛེས་ལྗོངས་ཁག་ལ་བལྟ་བསྐོར་དང་། གཞན་ཡང་དེར་བཞུགས་པའི་ཕ་ཡུལ་གཅིག་པའི་མི་སྣ། བླ་མ་བསྟན་འཛིན་དབང་རྒྱལ་ཚང་དང་། དགེ་བཤེས་ལུང་རིག་རྒྱལ་མཚན། སོག་དཔོན་ཚང་གི་སྲས་མོ་བསམ་གཏན་སྒྲོན་མའི་ཚང་གི་ནང་མི་ཀུན་དང་། རྫ་དམར་ཚེ་རིང་གཡང་སྐྱིད། ཧོར་འབྲོག་ཤོག་སྐར་གྲགས་ཀྱི་བུ་ཚེ་རིང་དབང་རྒྱལ་ནང་མི་བཅས་ཕན་ཚུན་མགྲོན་འབོད་དང་གླིང་ཁ་བཏང་བ་སྤྲོ་སྐྱིད་སོགས་བདུན་ཕྲག་གཅིག་དེར་བཞུགས་སོ

དགེ་བཤེས་བྱ་འཕུར་ལྷུན་གྲུབ་རྒྱལ་མཚན་གྱིས་གསར་འཛུགས་གནང་བའི་བོན་གྱི་སྒྲུབ་སྡེ་རྒྱལ་གཤེན་རིག་སློབ་ཁང་།

དགེ་བཤེས་ལགས་ཨ་རིའི་གྲགས་ཅན་གྱི་ཡུལ་བསྐོར་ལྟེ་གནས་སན་ཧྥི་སན་སིའི་མཚོ་འགྲམ་དུ་ལུས་རྩལ་པོ་ལོ་རྩེ་བཞིན་པའི་སྐབས།

དགེ་བཤེས་ལགས་ས་གནས་དེ་གའི་གྲགས་ཅན་གྱི་ཡུལ་བསྐོར་ལྟེ་གནས་ཁག་བལྟ་བསྐོར་འགྲོ་བའི་སྐབས།

དགེ་བཤེས་ལགས་ཀྱི་ཕ་ཡུལ་གཅིག་པའི་མི་སྣ་རྣམས་ཀྱི་ལྷན་དུ་སྤྲོ་སྐྱིད་གླིང་ཁ་དང་བལྟ་བསྐོར་འགྲོ་བའི་སྐབས།


༢༠༡༢ལོའི་སྤྱི་ཟླ ༢ ཚེས ༡༩ ཉིན་དགེ་བཤེས་ལགས་ལོའོ་སན་ཇི་ལི་Los angeles གྲོང་ཁྱེར་ནང་ཡོད་པའི་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེའི་ཆོས་ཚོགས་གཡས་རུ་བོན་སྒྲུབ་སྡེའི་ཚོགས་པས་ཁོང་དང་ཌོར་ཐང་མཁན་པོ་དགེ་བཤེས་བསྟན་འཛིན་དར་རྒྱས་རྣམ་གཉིས་གདན་ཞུ་གནང་སྟེ་སྐབས་དེར་བོད་ཀྱི་ལོ་གསར་དང་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་སོགས་ཁོང་རྣམ་གཉིས་ཀྱིས་བླ་མ་མཆོད་པའི་ཚོགས་མཆོད་དང་། རི་བསང་རླུང་རྟ་དང་། ལྷ་རྒྱལ་དར་འཐེན་སོགས་དུས་མཆོད་ཀྱི་དགའ་སྟོན་དང་། གཞན་ཡང་འབྱུང་བ་ལྔའི་སྐོར་དང་། བོན་ལུགས་ཀྱི་གསོ་བ་རིག་པའི་སྐོར། འབྱུང་བ་ལྔ་དེ་ཕྱིའི་འཁོར་ཡུག་དང་། ནང་གི་ལུས་སེམས་དག་ཕན་ཚུན་ལྟོས་བཅས་ཀྱི་འབྲེལ་བ་གྲུབ་ཚུལ་ཀྱི་བཤད་ཁྲིད་དང་། གཞན་ཡང་ནད་བརྟག་སྨན་དཔྱད། གདོན་འདུལ་སྐུ་རིམ་གཏོ་བཅོས་སོགས་ཀྱི་དམངས་ཕན་གྱི་ཞབས་ཞུ་ལེགས་གྲུབ་གནང་ནས་༢༠༡༢ལོའི་སྤྱི་ཟླ ༢ ཚེས ༢༨ཉིན་ཨ་རིའི་ཤར་ཕྱོགས་ལིག་མིན་རྐྱ་ལ་ཕྱིར་ཕེབས་གནང་བའོ།


དགེ་བཤེས་ལགས། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེས་གསར་འཛུགས་གནང་བའི་གཡས་རུ་བོན་གྱི་སྒྲུབ་སྡེར་དཔེ་ཁྲིད་གནང་བའི་སྐབས།

 

༥༽༢༠༡༢ལོའི་སྤྱི་ཟླ ༣ ཚེས ༡ ཉིན་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཏྲེག་སི་སི་ Texas ནང་ཡོད་པའི་ལིག་མིན་རྐྱའི་ཡན་ལག་ཏྲེག་སི་སི་ལིག་མིན་རྐྱའི་བླ་མ་དགེ་བཤེས་ལྡན་མ་རྒྱལ་མཚན་དང་ཆོས་ཚོགས་ཀྱི་ཚོགས་གཙོ་ཌོར་ཏི་རྣམས་ཀྱིས་གདན་ཞུས་དང་འབྲེལ་དེར་བདུན་ཕྲག་གཅིག་རིང་བོན་གྱི་སློབ་མ་རྣམས་ལ་སྤྱིར་བོད་དང་རྒྱ་ནག་སོགས་ཤར་གླིང་ཕྱོགས་ལ་བོན་བསྟན་དར་རྒྱས་དང་། སྔར་མི་འདྲ་བའི་རྒྱ་རིགས་གཙོས་མི་རིགས་ཁག་མང་པོའི་མི་དམངས་རྣམས་ཀྱི་བོན་གྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་དོ་སྣང་ཆེ་རུ་འགྲོ་ཚུལ། དེང་མདོ་དབུས་ཁམས་གསུམ་ས་ཕྱོགས་གང་སར་བོན་བསྟན་སྔར་ལས་ལྷག་པའི་འཕེལ་རྒྱས་དང་། ལུགས་འདིར་ཐུགས་སྣང་དཀར་བའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཉིན་བཞིན་ཡར་རྒྱས་འགྲོ་ཚུལ་སོགས་གནས་ཚུལ་ངོ་སྤྲོད་དང་དྲི་བ་དྲིས་ལན། གཞན་ཡང་ནད་བརྟག་སྨན་དཔྱད་དང་སྐུ་རིམ་སོགས་དེར་བཞུགས་ཀྱི་སློབ་མ་སོ་སོར་དགོས་འདོད་གང་ཡོད་ཀྱི་འདོད་བློ་བསྐང་ཞིང་། དེ་ནས་ཨ་རིའི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་ཚན་ལྷོ་ཕྱོགས་ཧུ་སི་ཀྲོན་ Houston གྲོང་ཁྱེར་ནང་དང་དེའི་ཉེ་སྐོར་ཡུལ་བསྐོར་ལྟེ་གནས་ཁག་བལྟ་བསྐོར་དང་གཟིགས་ཞིབ་གནང་ཞིང་། དེ་ནས་ཡུལ་དེའི་གསར་འགོད་པ་དང་གསར་ཤོག་འགོད་མཁན་ཁ་ཤས་ཀྱི་ཁོང་གི་མི་ཚེའི་མདུན་བསྐྱོད་སྐོར་དྲི་བ་དྲིས་ལན་ཁག་ལན་འདེབས་སོགས་གནང་ཞིང་མདོར་ན་ས་གནས་དེ་གའི་དད་ལྡན་མཛའ་གྲོགས་རྣམས་ཕན་ཚུན་ཐུགས་ཡིད་ཚིམ་པོའི་མཛད་འཕྲིན་ལེགས་གྲུབ་ངང་༢༠༡༢ལོའི་སྤྱི་ཟླ ༣ ཚེས ༩ ཉིན་ལིག་མིན་རྐྱའི་ཆོས་ཚོགས་ལ་ཕྱིར་ཕེབས་གནང་བའོ།


ཨ་རིའི་ལྷོ་ཕྱོགས་ཏྲེག་སི་སིར་ཡོད་པའི་ལིག་མིན་རྐྱའི་བོན་ཚོགས་ཀྱི་ཚོགས་ཁང་ནང་དགེ་བཤེས་ལྡན་མ་མཇལ་འཕྲད་གནང་བའི་སྐབས།

དགེ་བཤེས་ལགས་ས་གནས་དེ་གའི་གྲགས་ཅན་མཚོ་གླིང་སོགས་ལ་དགེ་བཤེས་ལྡན་མས་སྣེ་ཤན་གནང་སྟེ་ཡུལ་བསྐོར་འགྲོ་སྐབས།

ས་གནས་དེ་གའི་ལིག་མིན་རྐྱའི་འགན་འཛིན་རྣམས་ཀྱིས་དགེ་བཤེས་ལགས་ཡུལ་བསྐོར་གདན་ཞུ་གནང་བའི་སྐབས།

༦༽༢༠༡༢ལོའི་སྤྱི་ཟླ ༣ ཚེས ༡༤ ཉིན་དགེ་བཤེས་ལགས་ཨ་རི་ཤར་ཕྱོགས་ཀྱི་མངའ་སྡེ་པན་སི་ཝི་ཉི་ཡ། Pennsylvania ནང་ཡོད་པའི་བོན་གྱི་སྒྲུབ་སྡེ་འོལ་མོ་གླིང་གི་བླ་མ་བསྟན་པ་འབྲུག་ཏིས་མཆོག་གིས་གདན་ཞུ་དང་འབྲེལ་དེར་ཕེབས་ཏེ་བླ་མ་དང་འགན་འཛིན་དག་གིས་ཁོང་གནམ་ཐང་ཕེབས་བསུ་གྲ་སྒྲིག་དང་འོལ་མོ་གླིང་དུ་ཕེབས་བསུ་ཞུས། དེར་བདུན་ཕྲག་གཅིག་རིང་ཤེར་ཕྱིན་གྱི་འདུས་དོན་ཐེག་པ་ཡུམ་གྱི་མདོའི་སྐོར་གཙོས་མདོ་ལུགས་ཤེར་ཕྱིན་སྐོར་དཔེ་ཁྲིད་དང་ལུང་། གཞན་གྱི་བོན་གྱི་ལོ་རྒྱུས་དང་། ནད་པ་རྣམས་ལ་ནད་བརྟག་སྨན་དཔྱད། མོ་རྩིས་གཏོ་དཔྱད་ཀྱི་སྒོ་ནས་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་གདུལ་བྱའི་དགོས་འདོད་བསྐང་ཞིང་། ལས་དོན་གྱི་འགོ་ནས་མཇུག་བར་བླ་མ་བསྟན་པ་འབྲུག་ཏིས་ལགས་ཀྱིས་དང་བླངས་ཁུར་བཞེས་དང་། དགེ་བཤེས་ལགས་ལ་ཞབས་ཞུ་བླ་མེད་དུ་བསྒྲུབ་ལ་ཁོང་གིས་མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སྐོར་དང་། ཕན་ཚུན་མཐུན་འབྲེལ་གནང་ཕྱོགས་གལ་ཆེ་ཚུལ་དང་། ལྷག་ཏུ་བླ་མ་བསྟན་པ་ལགས་ཀྱིས་དགེ་བཤེས་ལགས་ལ་རྒྱལ་ཕྱི་ནང་མི་རིགས་ཀུན་ལ་སྨན་པའི་བོན་གྱི་ཤེས་རིག་ལོ་རྒྱུས་སྐོར་སྔར་བྲིས་པའི་བློ་གསར་སྒོ་འབྱེད་ཀྱི་དྲི་བ་ཁག་ལས་མང་བའི་དྲི་བ་དྲིས་ལན་སྐོར་དེབ་གཅིག་ངེས་པར་དུ་འབྲི་དགོས་པའི་འབོད་བསྐུལ་གནང་བ་ལྟར་ཁོང་གིས་ཀྱང་ཞལ་བཞེས་གནང་བ་བཅས་སོ།


དགེ་བཤེས་ལགས་ཨ་རིའི་ཤར་ཕྱོགས་མངའ་སྡེའི་ནང་ཡོད་པའི་བོན་གྱི་སྒྲུབ་སྡེ་འོལ་མོ་གླིང་གི་བླ་མ་བསྟན་པ་འབྲུག་ཏིས་ཐོག་མར་མཇལ་འཕྲད་གནང་བཞིན་པ།

དགེ་བཤེས་ལགས་འོལ་མོ་གླིང་དུ་རྟེན་འབུལ་དང་བླ་སློབ་ཡོངས་ལ་འཚམས་འདྲི་གནང་བཞིན་པ།

དགེ་བཤེས་ལགས་དང་བསྟན་པ་བླ་མ་རྣམ་གཉིས་ཀྱིས་འོལ་མོ་གླིང་དུ་ཡུམ་མདོའི་སྐོར་གཙོས་ཕར་ཕྱིན་ཐེག་པའི་སྐོར་སློབ་ཁྲིད་གནང་བཞིན་པ།

དགེ་བཤེས་ལགས་ཀྱིས་བསྟན་པ་བླ་མ་ལ་བཀའ་ལུང་བསྩལ་བཞིན་པ།

དགེ་བཤེས་ལགས་ས་གནས་དེ་གའི་ཡུལ་བསྐོར་ལྟེ་གནས་དང་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་བཞིན་པ།

༧༽༢༠༡༢ལོའི་སྤྱི་ཟླ ༣ ཚེས ༢༢ ཉིན་དགེ་བཤེས་ལགས་འོལ་མོ་གླིང་ནས་ལས་དོན་གྲུབ་མཚམས་མངའ་སྡེའི་དེའི་ཡོད་པའི་གྲོང་ཁྱེར་ Milford Square ཟེར་སར་བོན་གྱི་སྒྲུབ་སྡེ་ཐེག་པ་རིམ་དགུའི་བོན་ཚོགས་ཞེས་དེའི་དབུ་འཛིན་བླ་མ་ཌོར་ཐང་མཁན་པོ་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་ཀྱིས་གདན་ཞུ་བྱས་ནས་དེར་བཞུགས་ཀྱི་ཚོགས་པའི་འགན་འཛིན་གཙོ་བོ་མི་ཆི་ནར་ Mitch Nur བཟའ་ཚང་གཉིས་སོགས་ཀྱིས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཞིང་། དེར་ཉིན་ལྔའི་རིང་དགེ་བཤེས་ལགས་དང་མཁན་པོ་རྣམ་གཉིས་ཀྱིས་དཔེ་ཁྲིད་དང་ནད་བརྟག་སྨན་དཔྱད། སློབ་མ་རྣམས་ལ་སོ་སོའི་དགོས་འདུན་དང་འཚམས་པའི་ཉམས་ལེན་སྐོར་དང་བོན་གྱི་ལོ་རྒྱུས་སྐོར་སོགས་བཤད་ཁྲིད་བྱས་ལ། དགེ་བཤེས་ལགས་༢༠༡༢ལོའི་སྤྱི་ཟླ ༣ ཚེས ༢༨ ཉིན་ལིག་མིན་རྐྱའི་ཆོས་ཚོགས་ལ་ཕྱིར་ཕེབས་གནང་བའོ།

                                          དགེ་བཤེས་བོན་ཐེག་པ་རིམ་དགུའི་ཚོགས་པར་ཕེབས་ཏེ་དེར་བཞུགས་ཌོར་ཐང་མཁན་པོ་མཁན་པོ་དགེ་བཤེས་བསྟན་འཛིན་དར་རྒྱས་སོགས་ལས་སྣེ་ལྷན་རྒྱས་མཇའ་འཕྲད་གནང་བ།

དགེ་བཤེས་དང་མཁན་པོ་རྣམ་གཉིས་ཀྱིས་དེར་བཞུགས་སློབ་རྣམས་ལ་དཔེ་ཁྲིད་སོགས་གནང་བཞིན་པ།

༨༽དགེ་བཤེས་ལགས། ༢༠༡༢ལོའི་སྤྱི་ཟླ ༣ ཚེས ༢༩ ཉིན་ཨ་རིའི་གྲགས་ཅན་གྱི་མཐོ་སློབ་དང་ལྷག་ཏུ་བོད་ཀྱི་ཤེས་རིག་ལོ་རྒྱུས་སྐོར་འབྲེལ་བ་ཆེ་ཤོས་ཀྱི་སློབ་ཆེན། ཝེར་ཇི་ནི་ཡའི་སློབ་ཆེན་གཙུག་ལག་ཁང་Virginia universityལ་དགེ་རྒན་ཆེན་མོ་Jed Verity མཆོག་གིས་གདན་ཞུ་གནང་སྟེ། དགེ་བཤེས་ལགས་ཀྱིས་དེ་གའི་སློབ་ཆེན་ལ་བོད་ཀྱི་ཆོས་ལུགས་བྱུང་རིམ་དང་། ལྷག་ཏུ་བོན་པོའི་གྲྭ་པ་དང་བཙུན་མ་རྣམས་མི་ཚེའི་སློབ་སྦྱོང་བགྲོད་རིམ་སྐོར་ཞེས་པ་རྒྱ་གར་སྨན་རི་དགོན་གྱི་ལམ་ལུགས་གཞིར་བཟུང་ངོ་སྤྲོད་དང་གཏམ་བཤད་སྤེལ་ཞིང་སྐབས་དེར་གསུང་བསྒྱུར་བ་བསྟན་འཛིན་ཐོས་བསམ་གྱིས་ཕྱག་རོགས་གནང་ཞིང་དེ་རྗེས་དགེ་སློབ་རྣམས་ཀྱི་དྲི་བ་དྲིས་ལན་ཁག་ལན་འདེབས་བཅས་གནང་བའོ།

                                                  དགེ་བཤེས་ལགས་ཨ་རིའི་གྲགས་ཅན་མཐོ་སློབ་ཝེར་ཇི་ནི་ཡའི་སློབ་ཆེན་དུ་བོན་ལུགས་ཀྱི་གྲྭ་བཙུན་རྣམས་མི་ཚེའི་སློབ་སྦྱོང་བགྲོད་རིམ་སྐོར་གཏམ་བཤད་སྤེལ་བཞིན་པ།

                                                                                             དགེ་བཤེས་ལགས་སློབ་ཆེན་ཕྱི་ནང་བལྟ་བསྐོར་དང་འགན་འཛིན་རྣམས་པར་མཇལ་འཕྲད་གནང་བ།

                                                                                          དགེ་བཤེས་ལགས་ཝེར་ཇི་ནི་ཡའི་མངའ་ཁུལ་དུ་ཕྱོགས་ཕན་བལྟ་བསྐོར་དང་གཟིགས་ཞིབ་གནང་བཞིན་པ།


༩༽༢༠༡༢ལོའི་སྤྱི་ཟླ ༤ ཚེས ༢༧ ཉིན་དགེ་བཤེས་ལགས་ཨ་རིའི་ཤར་དབུས་ཀྱི་མངའ་སྡེ་ཀྲེན་ནིས་སིས་Tennesseeནང་དུ་ཡོད་པའི་སྤྲུལ་པའི་སྐུ་མཆོག་ཞུ་ཡས་ལེགས་པོའི་མཆོག་སྤྲུལ་ལེགས་པའི་བློ་གྲོས་མཆོག་སེམས་ཅན་གྱི་བསོད་ནམས་དང་ལས་དབང་དམན་པའི་རྐྱེན་གྱིས་ཉེར་འཚེའི་རྐྱེན་ངན་རྒོད་པོས་མཆོག་སྤྲུལ་ཞིང་གཞན་དུ་ཕེབས་པའི་གནས་ཚུལ་བྱུང་བར་བརྟེན། ཞིང་ཕེབས་ཀྱི་ནང་མི་རྣམས་ཀྱི་རེ་བ་ལ་གདུང་མཆོད་འབུལ་མཁན་སྤྱིར་སྨན་རི་དགོན་པའི་བླ་མའམ་དགེ་བཤེས་ཞིག་ཕེབས་དགོས་པའི་འབོད་བསྐུལ་ལིག་མིན་རྐྱའི་ཆོས་ཚོགས་ལ་ཡར་ཞུ་བྱས་པས་ཆོས་ཚོགས་ཀྱིས་དགེ་བཤེས་ལགས་དང་། ཞབས་ཞུ་བ་རའ་ཝེན་ཕེབས་རོག་ཞུས་པའི་གནས་ཚུལ་འོག་ཁོང་དེར་ཆེད་ཕེབས་ཀྱི་མཆོག་སྤྲུལ་གྱི་འདས་མཆོད་རྒྱས་འབུལ་དང་། མཆོག་སྤྲུལ་ཁྱིམ་ཚང་གི་ཡབ་ཡུམ་གཉིས་དང་ཉེ་འབྲེལ་ཐུགས་གསོ་ཡོང་ཆེད་བཅས་ཀྱི་ཕྱིར་དུ་དེར་གདུང་འདབ་མཆོད་འབུལ་གྱི་མཛད་སྒོ་རྒྱས་པར་སྤེལ་ཞིང་ཞིང་ཕེབས་ཀྱི་ནང་མི་ཚང་མར་བློ་ཡིད་ཚིམ་པོ་དང་། སླད་མར་མུ་མཐུད་འབྲེལ་བ་གནང་དགོས་བཅས་ཀྱི་སྒོ་ནས་ཉིན་བཞིའི་ལས་དོན་ལེགས་པར་གནང་ནས་ལིག་མིན་རྐྱའི་ཆོས་ཚོགས་ལ་ཕྱིར་ཕེབས་གནང་བའོ།

                                                                       དགེ་བཤེས་ལགས་ཀྱིས་མཆོག་སྤྲུལ་གྱི་གདུང་འདབས་མཆོད་འབུལ་ཡུལ་དེའི་ཡེ་ཤུའི་ལྷ་ཁང་ཆེན་མོ་ཞིག་ནང་མཛད་སྒོ་སྤེལ་གནང་མཛད་པ།

                                                                                                 མཆོག་སྤྲུལ་ཞིང་གཤེགས་ཀྱི་ཆེད་དུ་རིག་འཛིན་ཚོགས་མཆོད་དང་སྟོང་མཆོད་རྒྱས་འབུལ་ཞུས་པ།


༡༠༽༢༠༡༢ལོའི་སྤྱི་ཟླ ༥ ཚེས ༡༥ ཉིན་དགེ་བཤེས་ལགས་ཨ་རིའི་ཤར་ཕྱོགས་སུ་ཡོད་པའི་ནེའུ་ཡོག་གྲོང་ཁྱེར་ཁོངས་གཏོགས་ཡིན་པའི་ལོང་ཨའི་ལན་ཌི་Long island ལ་ཡོད་པའི་བོན་གྱི་སྒྲུབ་སྡེའི་འགན་འཛིན་དགེ་རྒན་ཆེན་མོ་ཇེའི་ཌི་མཆོག་དང་། ཏྲེ་བ་ཨ་ཤག་སྟག་ལ་བཀྲ་ཤིས་ཟུང་འབྲེལ་གྱིས་ཁོང་གདན་ཞུ་དང་སྣེ་ལེན་ཟབ་རྒྱས་ཞུས་ཞིང་། དེར་སྒྲུབ་སྡེའི་སློབ་མ་རྣམས་ལ་སྲིད་རྒྱལ་ཡེ་ཤེས་དབལ་མོའི་ཁྲུས་དང་བྱིན་རླབས་ཀྱི་ཕན་ཡོན་སོགས་ངོ་སྤྲོད་དང་། གཞན་ཡང་ཕེབས་མཁན་ཀུན་ལ་ཁྲུས་དང་རབ་གནས་དབང་ཁ་བྱིན་རླབས་དང་། ནད་བརྟག་སྨན་དཔྱད་སོགས་ལེགས་པར་གནང་ཞིང་། དེ་ནས་ནེའུ་ཡོག་ལ་ཡོད་པའི་ཨ་མདོ་མཁས་གྲུབ་ཚང་གི་ནང་མི་ཀུན་དང་། གཞན་ཡང་བོད་རིགས་དགའ་འདྲིས་འགྲོག་གསུམ་ཀུན་ཕན་ཚུན་མགྲོན་འབོད་དང་མཉམ་འཛོམས་གནང་ཞིང་འབྱུང་འགྱུར་ཕན་ཚུན་ཡིག་འབྲེལ་དང་ཁ་པར་སོགས་འབྲེལ་བ་གནང་ཞིང་ཡང་ཡང་འཛོམས་པའི་བཀྲ་ཤིས་སྨོན་ལམ་གྱིས་མཐར་བརྒྱན་པ་བཅས་སོ།

དགེ་བཤེས་ལགས་ལོང་ཨའི་ལན་ཌིར་བོན་གྱི་སྒྲུབ་སྡེར་ཕེབས་སྐབས་ཚང་མས་མཚམས་ཞུའི་མཇལ་དར་གྲ་སྒྲིག

དགེ་བཤེས་ལགས་ཀྱིས་དེར་བཞུགས་ཀྱི་སློབ་མ་རྣམས་ལ་བཀའ་བསྒོ་ཁྲུས་གསོལ་སོགས་གནང་བཞིན་པའི་སྐབས།


༡༡༽༢༠༡༢ལོའི་སྤྱི་ཟླ ༥ པའི་ཟླ་སྨད་དང་དྲུག་པའི་ཚེས་འགོ་ལ་ལིན་མིན་རྐྱའི་ཆོས་ཚོགས་ལ་བཞུགས་ཤིང་ཕྱོགས་ཕན་མི་སྣ་མང་པོར་གཏོ་དང་སྐུ་རིམ། ནད་བརྟག་སྨན་དཔྱད། གཞན་ཡང་ཞར་ཞོར་དུ་ཁོང་རིག་དབྱིན་ཡིག་སློབ་སྦྱོང་སོགས་གནང་ནས་བཞུགས། དེ་ནས༢༠༡༢ལོའི་སྤྱི་ཟླ ༧ ཚེས ༨ ཉིན་ཨ་རིའི་ཡུལ་གྲུའི་ལས་དོན་མཐའ་དག་ལེགས་པར་གྲུབ་སྟེ་མཁའ་ལམ་བརྒྱུད་རྒྱལ་ས་པེ་ཅིང་དུ་ཕྱིར་ཕེབས་གནང་བའི་མཛད་འཕྲིན་མདོར་བསྡུས་པའོ།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག