ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོད་ལྗོངས་མངའ་རིས་ནས་ཞང་ཞུང་རྒྱལ་རབས་སྐབས་ཀྱི་གནའ་བོའི་བང་སོ་འགའ་རྙེད་སོན་བྱུང་བ།
བོད་ལྗོངས་མངའ་རིས་ནས་ཞང་ཞུང་རྒྱལ་རབས་སྐབས་ཀྱི་གནའ་བོའི་བང་སོ་འགའ་རྙེད་སོན་བྱུང་བ།
[རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།] [རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།] [ཟླ་ཚེས། 12-08-28] [ཀློག་གྲངས། ]

      ༢༠༡༢ལོའི་ཟླ༦པ་ནས་ཟླ་༨པའི་བར་དུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ཏེ། བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གི་མོན་འཚེར་ཤང་གུ་རུ་གྱམ་བང་སོར་ཐིག་ལེན་རིས་འབྲི་དང་བསྔོག་འདོན་ཚོད་ལྟ་བྱས།

      ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བསྔོག་འདོན་ཁྲོད་ཁྱོན་སྡོམ་བང་སོ་ཆེན་མོ་བཞི་རྙེད་པ་དང་། ཚང་མ་མངའ་རིས་སྒར་རྫོང་མོན་འཚེར་ཤང་གི་གླང་ཆེན་ཁ་འབབ་བྱང་ངོགས་སུ་ཆགས་པའི་བོན་པའི་དགོན་པ་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་གི་མདུན་དུ་ཡོད་པ་རེད། བང་སོ་དེ་དག་ཕལ་ཆེར་ཀྲུང་གོའི་དབུས་རྒྱུད་ཧན་ཅིན་(中原汉晋)དུས་སྐབས་དང་མཉམ་ལ། གྲུ་བཞི་ནར་མོའི་དབྱིབས་ཀྱི་རྡོ་ཤུར་བང་སོ་ལྟར་བརྩིགས་ཡོད་པས་བོད་ཀྱི་སྔ་རབས་ཀྱི་རྡོ་རྩིག་གྲུ་བཞིའི་དབྱིབས་ཀྱི་བང་སོ་བརྩིགས་སྲོལ་རྒྱུན་འཛིན་བྱས་ཡོད།  ཚད་གཞི་ཆེས་མཐོ་བའི་བང་སོ་ནི་ས་ངོས་ནས་ཧ་ལམ་སྨི་བཞི་ཙམ་གྱི་གཏིང་སར་ཡོད་པ་དང་། བང་སོའི་སྟེང་ཐོག་ཏུ་ཤིང་རྐང་བཅུ་ཕྲག་འཕྲེད་དུ་བཞག་པའི་སྟེང་རྡོ་ལེབ་ཀྱིས་ཁ་བཅད་ཡོད། བང་སོའི་བེམ་པོ་དེ་གྲུ་བཞིའི་དབྱིབས་ཅན་གྱི་ཤིང་སྒམ་ནང་དུ་བཅུག་ཡོད་པ་དང་། བེམ་རོ་ལ་མིས་གཏོར་བརླག་ཅི་ཡང་ཐེབས་མེད།

      ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འབུམ་རམས་པ་ཐོང་ཐའོ་ཡིས་འདི་སྐད། བང་སོའི་ནང་དུ་ལི་ཆས་དང་། ནང་ལོག་དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རལ་གྲི། དེ་མིན་སྲོག་ཆགས་ཀྱི་རུས་པ་འབོར་ཆེན་སོགས་འདུག་ལ། དེའི་ནང་དུ་ཚོན་རིས་ཀྱིས་བྲིས་པའི་གསེར་གྱི་ཞལ་འབག་ཆུང་ཆུང་ཞིག་ཡོད་པ་ནི་རྩ་མདའ་དང་རྒྱ་གར་བྱང་མའི་ས་ཁུལ་དུ་རྙེད་པའི་གསེར་གྱི་ཞལ་འབག་གི་རིག་གནས་མ་ལག་དང་གཅིག་ཏུ་གཏོགས་པ་རེད། ཡོ་ཆས་དེ་དག་ལས་ས་གནས་དེ་དང་ཉེ་བར་འབྲེལ་བའི་རྩ་མདའ་ས་ཁུལ་དང་། ཤན་ཅང་ལྷོ་རྒྱུད། རྒྱ་གར་བྱང་རྒྱུད། དེ་མིན་ནང་ལོགས་དབུས་རྒྱུད་ས་ཁུལ་བཅས་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་ཞིག་ཡོད་པ་མངོན་པར་མཚོན་ཐུབ་པ་དང་། མདོ་དབུས་མཐོ་སྒང་གི་ཆེས་སྔ་ཤོས་ཀྱི་རིག་གནས་ལྟེ་གནས་ནང་གི་གཅིག་ཡིན་པ་ར་སྤྲོད་བྱུང་སྟེ། དེ་ནི་ཞང་ཞུང་མངའ་ཁོངས་ཀྱི་ལྟེ་གནས་སུ་གཏོགས་པས་ད་གཟོད་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་འདི་ལྟ་བུ་བྱུང་བ་ཡིན་སྲིད་ཅེས་ཟེར།

  ཞང་ཞུང་ནི་བོད་ཀྱི་ལོ་རྒྱུས་སྔ་ཤོས་ཀྱི་རྒྱལ་རབས་ཤིག་ཡིན་ལ།ཧ་ལམ་དུས་རབས་བདུན་པ་ཐུ་བྷོད་རྒྱལ་རབས་ཀྱིས་མངའ་དབང་བསྒྱུར། མངའ་རིས་ས་ཁུལ་གྱི་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་རྒྱུད་ནི་ཞང་ཞུང་གི་ལྟེ་གནས་ས་ཁུལ་ཡིན་ཞིང་། དེ་ནི་བོན་ཆོས་དང་། ཞང་ཞུང་ཡི་གེ གསོ་རིག་ལ་སོགས་ཞང་ཞུང་རིག་གནས་ཀྱི་འབྱུང་ཁོངས་གཙོ་བོ་ཡིན་སྟབས། བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་དུའང་གོ་གནས་གལ་ཆེན་བཟུང་ཡོད།

      བང་སོ་དང་པོ་དེའི་ཉེ་འཁོར་དུ་སྔོག་བཤེར་ཞིབ་ཕྲ་བྱས་རྗེས་གནའ་རྫས་རྟོག་ཞིབ་ཚོགས་པས་བར་ཐག་སྨི་༢༠ཙམ་གྱི་ཁྱབ་ཁོངས་སུ་སྔ་གཞུག་ཏུ་བང་སོ་ཆེན་མོ་གསུམ་རྙེད་སོན་བྱུང་བ་དང་། བང་སོ་དེ་དག་གི་གཏིང་ཚད་ལ་སྨི་༥ནས་༦ཡོད་ཅིང་། མངའ་རིས་ས་ཁུལ་དུ་གཏིང་རིམ་ཆེས་ཟབ་ལ་མང་འདུས་བང་སོ་ཞིག་ཡིན་ཁར། བོད་ལྗོངས་ཡོངས་ནས་ཀྱང་དེ་ལྟ་བུ་བང་སོ་མཐོང་དཀོན་ནོ། །

  ༢༠༠༥ལོར།  ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་གྱི་གྲྭ་བས་ས་ངོས་སུ་བུད་པའི་བང་སོའི་རིག་དངོས་ཁག་ལ་གཙང་བཤེར་བྱས་མྱོང་བ་དང་། དེའི་ནང་དུ་འདབ་ཆགས་ཀྱི་རི་མོ་ཕབ་ཡོད་པའི་གནའ་བོའི་དར་གོས་དང་ཁམ་མདོག་གི་དར་གོས་རྙིང་རོ། ལིའི་ལྷུང་བཟེད། ཤིང་གཙུབས་མེ་ལེན་ཡོ་ཆས། རྩྭ་བཟོས་ཡོ་ཆས་ལ་སོགས་ཡོད་ཅིང་། དར་གོས་དང་། ཤིང་། ཇ་ལོ་སོགས་ཀྱི་མ་དཔེ་དག་ལ་ཆེད་ལས་སྡེ་ཚན་ནས་ཚད་མཇལ་གཏན་འབེབས་བྱས་རྗེས་དར་གོས་ལ་ད་བར་དུ་ལོ་ངོ་༡༧༤༧ཡས་མས་དང་། ཤིང་ལ་ད་བར་དུ་ལོ་ངོ་༡༦༥༣ཡས་མས་དང་། ཇ་ལོ་ལ་ད་བར་དུ་ལོ་ངོ་༢༡༨༦ཡས་མས་བཅས་ཀྱི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས། ཚད་མཇལ་གཏན་འབེབས་ལ་གཞིགས་ནས་རིག་འདེད་བྱས་ན་ཡིག་རིས་ཕབ་པའི་དར་གོས་ནི་ཧན་ཝེ་(汉魏)ནས་ཡོང་བ་ཡིན་འདུག དུས་དེར་ནང་ལོགས་དབུས་རྒྱུད་ས་ཁུལ་དང་རྒྱང་ཐག་རིང་བའི་ཞང་ཞུང་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་དང་འབྲེལ་བ་ཡོད་པ་མཚོན་ཐུབ། ཆེད་མཁས་པས་ “རྒྱལ་བློན”ཞེས་ཡི་གེ་འཁོད་ཅིང་འདབ་ཆགས་དང་དུད་འགྲོའི་གཟུགས་རིས་ཅན་གྱི་དར་གོས་ཧྲུལ་བོ་ནི་ད་བར་དུ་མདོ་དབུས་མཐོ་སྒང་དུ་རྙེད་པའི་ཆེས་སྔ་བའི་དར་གོས་རེད་ཟེར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག