ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> «གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག»ལེགས་གྲུབ་བྱུང་བ།
«གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག»ལེགས་གྲུབ་བྱུང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-08-28] [ཀློག་གྲངས། ]


ཁྱུང་མོང་དགོན་དུ་བཞེངས་པའི«གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག»

      རྣམ་མཁྱེན་སྟོན་པ་གཤེན་རབ་ཡང་དག་ཁྲི་གཙུག་རྒྱལ་བ་ནི། སྤྱི་ལོ་སྔོན་གྱི་ལོ་༡༦༠༡༧འདས་པ་ཤིང་བྱི་ལོར་ཞིང་མཆོག་འོལ་མོ་གླིང་ཆེན་གྱི་གསས་མཁར་བར་བོ་སོ་བརྒྱད་ཀྱི་གནས་སུ་ཡབ་དམུ་རྒྱལ་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རིག་པའི་གནས་ཆེན་ལྔ་ལ་སོགས་སྒྲ་སྐད་ཐམས་ཅད་གཏན་ལ་ཕབ་སྟེ། ཐེག་པ་རིམ་པ་དགུ་དང་། བོན་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སོགས་ཐོག་མཐའ་བར་མའི་བཀའ་འཁོར་རྒྱ་ཆེར་བསྐོར། བསྟན་སྤེལ་འགྲོ་འདུལ་གྱི་མཛད་ཆེན་བཅུ་གཉིས་དང་མཛད་ཕྲན་སུམ་བརྒྱ་དྲུག་ཅུས་མཐར་བསྐྱངས་ཏེ། ལྷ་ཀླུ་མི་གསུམ་ལ་སོགས་འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཡུལ་དུ་བསྒྲགས་པ་གསུང་གི་དཔེའུ་ཙེ་མཛད། རང་བྱུང་མཆོད་རྟེན་རྣམ་བཞིའི་དྲུང་དུ་རབ་ཏུ་བྱུང་སྟེ། ཕན་པ་དང་བདེ་བའི་འབྱུང་གནས་དམ་པ་རྣམ་དག་འདུལ་བ་ཁྲིམས་ཀྱི་སྲོལ་ཆེན་ཕྱེས། ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པ་སོགས་སྤེལ་ཏེ་དགོན་གནས་དཀའ་ཐུབ་ཀྱི་སྒྲུབ་པ་མཛད། ཁམས་གསུམ་ན་འཁོར་བའི་སེམས་ཅན་བགྲང་གིས་མི་ལང་བ་གདོད་མའི་སངས་རྒྱས་ཀྱི་གཞི་ལ་བཀོད་པས་རྗེས་དྲན་མཚོན་བྱེད་ཙམ་དུ་ལྷ་མིའི་མཆོད་སྡོང་ཆེན་མོའི་སྐུ་བརྙན་ཁྲུ་ཚད༣༩ཅན་འདི་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་པའོ། །
      རིམ་ཁང་གཉིས་པའི་རྟེན་གྱི་གཙོ་བོ་ནི། བོད་རྒྱལ་གསུམ་པ་དིང་ཁྲི་བཙན་པོའི་སྐབས་སུ་བྱོན་པའི་མཁན་ཆེན་མུ་ཟི་གསལ་བཟང་སྟེ། སྤྱི་ལོ་སྔོན་གྱི་ལོ༩༡༢འདས་པའི་ས་བྱ་ལོར་མདོ་སྨད་ཁྲི་ཀའི་གནས་འདིར་བྱོན་ཏེ་རྨ་རི་དེའུ་གསུམ་བྲག་ཕུག་ཏུ་ལོ་ངོ༡༧༩༨རིང་ལ་འགོག་སྙོམས་སུ་བཞུགས། སྤྱི་ལོ༨༨༨ས་སྤྲེལ་ལོར་ཏིང་འཛིན་ལས་བཞེངས་ཏེ་བསླབ་གསུམ་བསྟན་པའི་ས་བོན་གསེར་ལས་དཀོན་པ་མཁན་བུ་ཁྲི་འབར་ཚུལ་ཁྲིམས་ལ་གནང། དེས་མཁན་བུ་རྒྱལ་བ་གཙུག་ཕུད། དེས་མཁན་བུ་གཙུག་ཕུད་ཚུལ་ཁྲིམས། དེས་མཁན་བུ་ཤེས་རབ་ཚུལ་ཁྲིམས་སམ་བླ་མུ་ཐུར་དགོངས་པ་རབ་གསལ་ལ་རིམ་གྱིས་བརྒྱུད་པས། མདོ་སྨད་མཁན་བརྒྱུད་རྣམ་ལྔ་ཞེས་སུ་གྲགས་པའི་སྐུ་བརྙན་དང་། སྒོམ་སྒྲུབ་ཉམས་ལེན་རྒྱུན་སྐྱོང་མཁན་གྱི་བདག་མོ་མ་ཅིག་མཁའ་འགྲོ་བསྐལ་བ་བཟང་མོ། ཚུལ་ཁྲིམས་ནོར་བུའི་གཏེར་འཆང་རྣམས་ལ་བྱམས་བརྩེ་གྲོགས་མཛད་ཀྱི་བསྟན་སྲུང་ཡེ་ཤེས་དབལ་མོའི་སྨན་སྐུ་སོགས་བཞུགས།
      རིམ་ཁང་དང་པོའི་ནང་རྟེན་ཁྱད་པར་ཅན་ལ། བསླབ་གསུམ་བསྟན་པའི་མངའ་བདག་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་མེ་སྤྲེལ་སྟེ་སྤྱི་ལོ༡༣༥༦ལ་སྐུ་འཁྲུངས། མདོ་ཁམས་དབུས་གཙང་ཡུལ་དུ་བསླབ་གསུམ་བསྟན་པ་བཙུགས། བཤད་སྒྲུབ་བསྒོམ་པའི་འཕྲིན་ལས་ཕྱོགས་མེད་དུ་སྤེལ། གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་ནམ་མཁའི་མཐོངས་སུ་ཕྱར་བ་མ་ཟད། ཐུགས་སྲས་ཉི་ཟླ་ལྟ་བུ་ནི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་མངའ་རིས་བསོད་ནམས་རྒྱལ་མཚན་གཉིས་ཏེ། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་དང་། མདོ་འདུལ་བའི་བསྟན་པ་རབ་ཏུ་རྒྱས་ཕྱིར་མཎ་ཤེལ་ལས་གྲུབ་པའི་རྗེ་མཉམ་མེད་སྟོང་སྐུ་སོགས་བཞེངས་གྲུབ་པ་ནི་སྐལ་ལྡན་དད་པའི་མིག་བརྒྱན་དང་འགྲོ་བ་ཀུན་གྱི་སྤྱི་ནོར་དུ་ལེགས་པར་སྨིན་ཅིང་བཞུགས་པ་ཡིན་ནོ།།


«གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག»གི་རབ་གནས་མཛད་སྒོར་ཕེབས་པའི་ཚོགས་མི་ལྷན་རྒྱས།

སྒྲུབ་སྡེ་སོ་སོ་ནས་ཕེབས་པའི་བོན་གཤེན་རིག་པ་འཛིན་པའི་སྡེ།

ཕྱོགས་སོ་སོ་ནས་འདུས་པའི་བོན་གཤེན་རྣམས་ཀྱིས་སྲིད་རྒྱལ་འབུམ་ཚོགས་གསུང་བཞིན་པ།

༧རྗེ་མཉམ་མེད་ལྷ་ཁང་དང་གཤེན་རབ་འདོད་དགུའི་ལྷ་ཁང་དུ་ཆོ་ག་གསུང་བཞིན་པའི་དགེ་འདུན་པའི་སྡེ་དང་སྔགས་འཆང་གི་སྡེ།

«གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག»ལ་རབ་གནས་མཛད་སྐབས་བླ་གྲྭ་སྔགས་འཆང་རྣམས་གླིང་བསྐོར་དུ་ཕེབས་བཞིན་པ།

ཁྱུང་མོང་དགོན་དུ་གསར་བཞེངས་མཛད་པའི་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རབ་གནས་མཛད་སྒོ་གྲུབ་པ།

      དེ་ཡང་མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་རྩ་ལག་ཆེན་མོ་དཔལ་གཤེན་བསྟན་ཁྱུང་མོང་དགོན་གྱི་དབུ་བླ་༧རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་ཁྱུང་མོང་སྟོབས་ལྡན་དབང་ཕྱུག་མཆོག་གི་ཐུགས་བསྐྱེད་རླབས་པོ་ཆེ་ལ་བརྟེན་ནས་ཁྱུང་མོང་གཡུང་དྲུང་ཕུན་ཚོགས་གླིང་དུ་༼གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག༽ཅེས་པ་བང་རིམ་དང་པོ་ནས་སྐུ་བརྙན་བར་དུ་ཁྲུ་ཚད་༡༠༨ཡོད་པ་ཞིག་བཞེངས་བསྐྲུན་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་འདི་དང་བསྟུན་ནས། སྤྱིར་ཕན་བདེ་འབྱུང་གནས་ཀྱི་གཞི་མ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་བོན་བསྟན་འཛིན་པའི་རིས་མེད་སྐྱེས་མཆོག་དམ་པ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་ལ་བགེགས་དང་བར་ཆད་ཞི་ཞིང་ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་འགྲུབ་ཡོང་བའི་ཕྱིར་དང་། བྱེ་བྲག་ཏུ་ཡངས་པའི་ཡུལ་གྲུ་ཀུན་ཏུ་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཇིགས་པ་བྲལ་ཞིང་ནད་མུག་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་སྐྱེ་འགྲོ་མཐའ་དག་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་པ་རྒྱ་ཆེར་དང་། སྒོས་སུ་མདོ་སྨད་ཁྲི་ཀའི་ཡུལ་འདིར་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང་དགོན་འདི་དང་འབྲེལ་བའི་དད་སྦྱིན་ལྷ་སྡེ་ཡོངས་ཀྱི་མི་མཐུན་པའི་འགལ་རྐྱེན་མ་ལུས་ཞི་ཞིང་འཚེ་མེད་དགའ་བདེའི་དཔལ་ལ་རོལ་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་ནས། སྤྱི་ལོ་༢༠༡༢ལོའི་ཟླ་༨ཚེས་༢༢ནས་༢༨བར་སྟེ་ཉིན་བདུན་གྱི་རིང་དགོན་སྡེ་དང་སྒྲུབ་སྡེ་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་བཙུན་དང་སྔགས་འཆང་བརྒྱ་ཕྲག་ལྷག་གིས་ཁྱུང་མོང་གཡུང་དྲུང་ཕུན་ཚོགས་གླིང་གི་ཚོགས་ཆེན་འདུ་ཁང་གསར་རྙིང་གཉིས་སུ་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་དང་། འདུ་ཁང་ཆེན་མོའི་ཡང་སྟེང་རྣམ་པར་རྒྱལ་བའི་ལྷ་ཁང་དུ་དཔལ་གཤེན་བསྟན་དུང་དཀར་དགོན་གྱི་དགེ་འདུན་རྣམས་པས་ཡི་དམ་དབལ་བོན་སྟག་ལ་མེ་འབར་གྱི་གཞུང་བསྲིང་སྟེ་སྲུང་ཟློག་བསད་གསུམ་ལས་མཐའ་མཛད་ཡོད་པ་དང་། གཤེན་རབ་མཆོད་སྡོང་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་རིམ་ཁང་དང་པོའི་༧རྗེ་མཉམ་མེད་ལྷ་ཁང་དུ་རེབ་གོང་བོན་བརྒྱ་སྨན་རི་དགོན་གྱི་དགེ་འདུན་རྣམས་པས་རྒྱལ་ཡུམ་བྱམས་མ་ཆེན་མོའི་ཚོགས་རྒྱས་འབུལ་ཞུས་ཡོད་པ་དང་། དེ་མིན་ཁམས་ཕྱོགས་ནས་ཆེད་དུ་ཕེབས་པའི་རྫ་ཁྲོ་ཚང་དགོན་གྱི་མཐར་ཕྱིན་སྒྲུབ་གྲྭ་པ་བཅུ་ནས་རྒྱལ་བའི་གསུང་རབ་ཁམས་ཆེན་ཀློག་འདོན་གནང་། གཞན་ཡང་ཁྱུང་མོང་བླ་བྲང་རྩེ་མཆོག་ཀུན་བཟང་རྒྱལ་བ་རྒྱ་མཚོའི་ལྷ་ཁང་དུ་ཁམས་ཏྲེ་ཧོར་དང་ཁྱུང་པོ་སྟེང་ཆེན་ཁག་ནས་ཕེབས་པའི་བཙུན་མ་རྣམས་ཀྱིས་བླ་ཆེན་དྲན་པའི་ཚོགས་འཁོར་རྒྱས་འབུལ་ཞུ་བཞིན་པ་བཅས་དང་། ཁྱད་པར་སྤྱི་ཚེས་༢༨ཉིན་བོད་རིག་པའི་མཁས་དབང་ཆེན་མོ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་རྒྱ་མཚོ་རིན་པོ་ཆེ་དབུས་བཞུགས་ཐོག་ཁྱུང་མོང་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་སོགས་ཕྱོགས་ཕེབས་ཀྱི་བླ་སྤྲུལ་ཁག་དང་དགེ་བཤེས། བོན་བརྒྱ་སྨན་རི་དགོན། སྡེ་དགེ་ཁྲོ་ཚང་དགོན། ཆབ་ཆ་དུང་དཀར་དགོན་སོགས་ཀྱི་དགེ་འདུན་རྣམས་དང་། ཁམས་ཕྱོགས་ཀྱི་བཙུན་མ། དེ་བཞིན་རེབ་གོང་བོན་མང་དང་། རྐ་སར་བོན་མང་། སེ་བརྒྱ་བོན་མང། སྟོང་ཆེ་བོན་མང་། ཤར་སྟེང་བོན་མང་། དོ་ཞི་བོན་མང་། སྟོང་སྐོར་སྤྱི་བ་སོགས་ཀྱི་བོན་མང་གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆང་སོགས་བཙུན་སྔགས་ཉིས་བརྒྱ་ལྷག་གིས་གཤེན་རབ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ལ་བཀྲ་ཤིས་མངའ་དབུལ་རབ་གནས་མཛད་དེ་བཀྲ་ཤིས་སྨོན་ལམ་གྱིས་མཐར་བརྒྱན་ཡོད་པ་དང་། དེ་རྗེས་སུ་སྟོང་ཆེ་ཁྱུང་མོ་ཚོ་བའི་བཞེངས་བསྐྲུན་མཛད་ཡོད་པའི་གཡུང་དྲུང་དཔལ་སྐྱེད་མཆོད་རྟེན་དང་སྟོང་ཆེ་སྙིང་ངེ་ཕ་གསུམ་སྟེ་དཔོན་ཚང་དང་མར་ནང་། འཇམ་གསུམ་གྱིས་ད་ལོར་གསར་དུ་བཞེངས་པའི་རྒྱལ་བ་ཁྲི་གླིང་མཆོད་པའི་རྟེན་གཉིས་ལ་ཡང་བླ་གྲྭ་བོན་སྔགས་རྣམས་ནས་ཆེད་ཕེབས་ཀྱིས་བཀྲ་ཤིས་རབ་གནས་མཛད་དེ་ཉི་མའི་མཐའ་ལ་འཇའ་གུར་གྱིས་བརྒྱན་པ་སོགས་རྟགས་དང་མཚན་མ་ངང་གིས་འགྲུབ་པའི་གནས་བསྡུས་མཚམས་སྦྱོར་ཙམ་མོ།།


ད་ལོར་གསར་དུ་བཞེངས་པའི་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་དང་སྒྲུབ་གྲྭའི་མཚམས་ཁང་།

གླིང་བསྐོར་དུ་ཕེབས་སྐབས་ཕྱོགས་བཞིར་བཀྲ་ཤིས་རབ་གནས་དང་ཁྲུས་གསོལ་མཛད་བཞིན་པའི་ཚུལ།

མདོ་སྨད་ཁྲི་ཀའི་ཁྱུང་མོང་གཡུང་དྲུང་ཕུན་ཚོགས་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་ཟུར་ཞིག

སྟོང་ཆེ་ལུང་ཁོག་ཏུ་ད་ལོར་གསར་དུ་བཞེངས་པའི་གཡུང་དྲུང་དཔལ་སྐྱེད་མཆོད་རྟེན་དང་རྒྱལ་བ་ཁྲི་གླིང་མཆོད་པའི་རྟེན།

༧རྗེ་བོན་བརྒྱ་ཚང་དང་ཨ་ལགས་ཁྱུང་མོང་ཚང་།  སྤྲུལ་སྐུ་ལྷུན་གྲུབ་དཔལ་ཆེན་གསུམ་ལྷན་བཞུགས་ཀྱིས་བཀྲ་ཤིས་རབ་གནས་མཛད་སྐབས་
ཉི་མའི་མཐའ་ལ་མཇའ་གུར་གྱིས་བརྒྱན་ནས་རྟགས་དང་མཚན་མ་ངང་གིས་གྲུབ་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག