ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྩེ་དྲུག་དགོན་དུ་ཚད་མའི་རིག་སྒྲ་ཚོགས་པའི་གནས་ཚུལ།
རྩེ་དྲུག་དགོན་དུ་ཚད་མའི་རིག་སྒྲ་ཚོགས་པའི་གནས་ཚུལ།
[རྩོམ་གྱི་ཡོང་ཁུངས། གྱིམ་ཤོད་ཤེལ་ལེ་རྒྱ་སྐར།] [རྩོམ་པ་པོ། ལྗང་ཤེར་བསྟན།] [ཟླ་ཚེས། 12-09-01] [ཀློག་གྲངས། ]

ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རི་བོ་རྩེ་དྲུག་གླིང་དུ་ཐེངས་དྲུག་པའི་ཚད་མའི་རིག་སྒྲ་ཆེན་མོ་ཚོགས་པའི་གནས་བསྡུས།

   དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་ཚད་མ་རིག་པ་འདི་ཉིད་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་ཐོག་མར་སྲོལ་བཏོད་པ་ནས་ད་བར་གཉན་འཕྲང་དོག་ཡང་དུ་མའི་རྒྱུད་རིམ་ཁྲོད་དར་རྒྱས་དང་ཉམས་རྒུད་ཅི་རིགས་ཕྱིན་ཡོད་ནའང་། སྔོན་བྱོན་སྐྱེས་ཆེན་རྣམ་པས་ཐུགས་བསྐྱེད་དང་བཀའ་དྲིན་སྤྱི་དང་། ཁྱད་པར་ཉེ་བའི་ཆར་སྐྱབས་རྗེ་རྒྱལ་བ་༧སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་བླ་ན་མེད་པའི་སྐུ་དྲིན་གྱིས་ཕྱི་ནང་གི་ཡུལ་གྲུ་གང་སར་ཚད་མ་རིག་པའི་སློབ་ཚོགས་དང་དོན་གཉེར་ཅན་སོགས་ཇེ་རྒྱས་སུ་འགྲོ་བཞིན་པ་དང་། ཕྱོགས་སོ་སོ་ནས་ཡར་རྒྱས་གོང་འཕེལ་གྱི་ཐབས་ལམ་སྣ་ཚོགས་པ་གཉེར་དང་གཉེར་མུས་བཞིན་འདི་ག་ཁྱུང་པོ་རི་བོ་༧རྩེ་དྲུག་གླིང་ནས་ཀྱང་ཚད་མ་རིག་པའི་སློབ་ཚོགས་བཤད་གྲྭའི་འདུས་སྡེ་འཛུགས་སྐྱོང་གནང་ནས་འདི་ལོ་1988-2012བར་མི་ལོ་ཉེར་ལྔ་འཁོར་བའི་དུས་ཡུན་ནང་། དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་དང་གླིང་བཞིའི་མཁན་སློབ་རྣམ་པས་གཉོར་སྐྱོང་འོག་ཚད་མའི་རིག་སྒྲ་ཐེངས་དྲུག་གོ་སྒྲིག་དང་འཚོགས་ཐུབ་པ་བྱུང་ཞིང་། སྔོན་ཆད་དེར་གོ་སྐབས་དང་ཆ་རྐྱེན་ལ་དཔག་ཚོད་ཀྱིས་བཤད་གྲྭ་བ་ཕྱོགས་ཁག་འགའ་ཞིག་ནས་གདན་ཞུས་ཀྱིས་མཉམ་ཞུགས་བྱས་ཡོད་ལ། སྐབས་དེར་དབུ་འཛིན་རྒྱལ་བ་སྨན་རི་བའི་དགེ་བཤེས་ཆེན་མོ་བཟོད་པ་འགྱུར་མེད་དང་། དགེ་བཤེས་ཡོན་ཏན་ཕུན་ཚོགས་སོགས་སྐུ་དྲིན་ཅན་གྱི་དགེ་བཤེས་ཆེན་མོ་གང་མང་ཞིག་གིས་རྒྱབ་སྐྱོར་དང་རོགས་མགོན་གང་ལེགས་གནང་བའི་ཕྱག་རྗེས་ལས་གྲུབ་པ་ཞིག་ཡིན་པ་དང་། ད་ཐེངས་ཀྱང་འདི་གའི་སློབ་དཔོན་དང་།བཤད་གྲྭའི་དགེ་རྒན། ལས་སྣེ་རྣམ་པས་གོ་སྒྲིག་དང་གདན་ཞུས་ཕུལ་དོན་བཞིན་དཔལ་ལྡན་༧ཀོ་རྒྱལ་དགོན་གྱི་དགེ་རྒན་ཆེན་མོ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་གིས་གཙོ་སྐྱོང་འོག་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་ཉེར་བདུན་བར་རྗེ་རིན་པོ་ཆེའི་ཚད་མའི་ལེའུ་དང་པོར་རྩོད་སྦྱང་གནང་སྟེ། བདུན་ཕྲག་གཉིས་ཀྱི་རིང་ཕན་ཚུན་རིག་ལམ་འགྲན་བསྡུར་དང་ཉམས་མྱོང་སྤེལ་རེས་བྱེད་རྒྱུ་ལགས་ཤིང་། ཐོགས་མེད་ལུང་རིག་གླིང་དང་། འཇིགས་མེད་ཐོས་བསམ་གླིང་ཁག་གཉིས་སུ་ཕྱེས་ཏེ་བདུན་ཕྱི་མའི་ཉིན་དྲུག་པ་བདུན་པ་གཉིས་ལ་ཐུག་ཆེན་གྱི་དམ་བཅའི་གོ་སྐབས་དང་། ཚོགས་ཞུགས་སུ་སློབ་ཚོགས་གང་མང་ཞིག་ལ་གདན་ཞུས་ཀྱི་སྙན་གསན་ཕུལ་ཡོད་ནའང་དངོས་སུ་༧ཀོ་བོ་དགོན་བཤད་སྒྲུབ་འདུས་སྡེ། སྟེང་ཆེན་དགོན་བཤད་སྒྲུབ་འདུས་སྡེ། རི་ཁྲོད་དགོན་བཤད་སྒྲུབ་འདུས་སྡེ་བཅས་ནས་ཕེབས་ཐོན་བྱུང་བ་སོགས་སློབ་གཉེར་བ་བརྒྱ་ཕྲག་གཉིས་ལ་ཉེ་བར་མཉམ་ཞུགས་ཀྱིས་ཚད་མའི་རིག་སྒྲ་ཐེངས་དྲུག་པ་འཚོགས་བཞིན་ཡོད།


གོ་སྒྲིག་ཞུས་པའི་བཞུགས་ཤག

དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་ནས་སློབ་ཁྲིད་གནང་བ།

སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནས་བཀའ་སློབ་གནང་བ།

འཆད་རར་རྩོད་སྦྱོང་གནང་བཞིན་པ།

ཉིན་དང་པོའི་དམ་བཅའི་སྐབས།

   དམིགས་ཡུལ་ནི་སྤྱིར་ན་བསྟན་པ་དང་གྲུབ་མཐའ་གཅིག་གིས་བསྡུས་པའི་གཡུང་དྲུང་གི་སྤུན་གྲོགས་རྣམ་པར་རིག་ལམ་བསྡུར་རེས་ཀྱི་ལམ་ནས་ཤེས་ཡོན་ཡར་རྒྱས་ཆེད་དང་། སྒོས་སུ་དགོན་སྡེ་དང་དགོན་སྡེའི་བར་དང་། སློབ་ཚོགས་དང་སློབ་ཚོགས་བར། གྲྭ་པ་དང་གྲྭ་པའི་ཕན་ཚུན་བར་ངོ་ཤེས་དང་ཐུགས་མཐུན་འབྲེལ་འདྲིས་ཇེ་ཟབ་ངང་། རིག་ལམ་དང་ལྟ་ཕྱོགས་ནུས་ཤུགས་གནང་ཐད་ནས་གཅིག་གྱུར་མཉམ་གནས་ཐོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྲི་ཞུ་ཞིག་ཏུ་འགྱུར་བར་བརྩོན་ལེན་དང་རེ་སྨོན་ཉག་ཅིག་དེ་ལགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག