ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ལྷོ་དགེ་ཤིས་ཙ་རུ་བཏབ་པའི་བདག་གི་ཟིན་བྲིས་དམུ་རྡོ་མ།
ལྷོ་དགེ་ཤིས་ཙ་རུ་བཏབ་པའི་བདག་གི་ཟིན་བྲིས་དམུ་རྡོ་མ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀ་ཤུལ་བསོད་རིན།] [ཟླ་ཚེས། 12-09-07] [ཀློག་གྲངས། ]

      བདག་གིས་འདིའི་སྔོན་དུ《བྲག་དཀར་ལ་སོང་བའི་བདག་གི་ཟིན་བྲིས་བྲག་དཀར་མ》ཞེས་པ་ཞིག《ཧི་མ་ལ་ཡའི་བོན》དྲ་བ་བརྒྱུད་དེ་རྒྱ་ཆེའི་ཀློག་མཁན་དག་གི་སྤྱན་ལམ་དུ་བསྟར་ཐུབ་པར་བྱུང་ཡོད། དེ་ལ་རྒྱལ་ཕྱི་ནང་གི་ཀློག་མཁན་མང་པོ་ཞིག་ཐུགས་མཉེས་སུ་སོང་ཡོད་པར་ཁ་པར་སོགས་ཀྱི་ལམ་ནས་ངས་ཤེས་རྟོགས་མང་པོ་བྱུང་བ་དང་ཟིན་བྲིས་ཀྱི་རྗེས་སུ་དེའི་རྗེས་ཀྱི་བྱ་བ་གལ་ཆེན་ཡོད་ཚེ་མུ་འཐུད་ནས་འགོད་པའང་ཁས་བླངས་པའི་ཐ་ཚིག་བརྒྱུད་ད་ལམ་ཡང་ཡུལ་རྒྱལ་རོང་ཤོ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ལྷོ་དགེ་ཤིས་ཙ་རྒྱལ་ཁག་ཏུ་ཆགས་པའི་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གི་གཙོས་རྒྱལ་རོང་གི་དད་ལྡན་ཁྲི་ཕྲག་ལས་བརྒལ་བའི་མདོ་སྨད་བསྟན་པའི་བདག་ཉིད་ཆེན་པོ༧སྣང་ཞིག་སྐྱབས་མགོན་ཚང་ཡུལ་རྒྱལ་མོ་ཚ་བ་རོང་དུ་ད་ལོ་སྟེ་སྤྱི་ལོ༢༠༡༢ལོའི་ཟླ༨པའི་ཚེས༣༠ཉིན་གདན་འདྲེན་བྱས་པའི་གནས་ཚུལ་གསལ་བོར་ཞིག་རང་ཉིད་ལ་འགོད་རྒྱུའི་སྐལ་བ་བཟང་བོ་ཞིག་ཐོབ་པས་ཤིན་ཏུ་དགའ་བོ་བྱུང་ཡོད།

      ཐོག་མར་ང་ཚོས་འདི་ནས་རྒྱལ་རོང་ལྷོ་དགེ་ཤིས་ཙ་དཔལ་གཤེན་བསྟན་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་ཁམས་གསུམ་འགྲོ་འདུལ་དགོན་ངོ་སྤྲོད་རགས་ཙམ་ཞིག་བྱ། དགོན་པ་དེ་ནི་སྔོན་ཆད་ཤིང་ཟམ་ཐང་ཞེས་པར་ཆགས་པའི་བོན་གྱི་དགོན་སྡེ་ཞིག་ཡིན་ལ་དགོན་པའི་འདུ་ཁང་སྟེང་དུ་གསེར་ཏོག་ཚབ་ཏུ་གསེར་གྱི་བྱ་ཤང་ཤང་ཞིག་ཡོད་པར་བརྟེན་ས་མིང་ལའང་ཆུ་བྱའམ་གསེར་བྱ་གླིང་ཞེས་ཐོགས་ཡོད་ལ། དེའི་དུས་དགོན་པའི་མཚན་དངོས་ལ་བོན་རྫུ་བཤད་སྒྲུབ་གླིང་ཞེས་འབོད་པ་ལོ་རྒྱུས་ལས་མཐོང་ཐུབ། དགོན་པ་དེ་དང་ཐོག་ཕྱག་འདེབས་མཛད་པ་པོ་ལྷོ་དགེ་ཤིས་ཙ་རྒྱལ་པོ་ཀུན་དགའ་རྒྱལ་པོའི་སྲས་སྤྲུལ་ཉི་མ་འོད་ཟེར་ཞེས་པ་ཡིན་ལ་འཁྲུངས་པའི་ལོ་ཚིགས་ནི་རྒྱལ་རོང་ངག་དབང་བསྟན་པའི་རྒྱལ་མཚན་མཆོག་གིས་བརྩམས་གནང་མཛད་པའི《གནས་འགོ་གཡུང་དྲུང་རྗོགས་ཆེན་གླིང་གི་གདན་རབས་ཁྲི་གདུགས་གཟི་འོད》ལས་གསལ་བ་ལྟར་ན(སྤྱི་ལོ༡༧༥༨-༡༨༡༦)བར་གྱི་བོན་གྱི་བླ་ཆེན་ཞིག་ཡིན་པར་བསྟན་ཡོད[1]། དགོན་པ་དེ་ཆགས་ས་ནི་དེང་དུས་ཀྱི་དབང་དུ་བྱས་ན་རོང་བྲག་རྫོང་ནས་སྤྱི་ལེའུ་ལྔ་ཙམ་ཆུ་ཆེན་ཕྱོགས་སུ་ཡར་ཡོང་ན་དགེ་ཤིས་ཁོག་གི་ལུང་མདོའི་ཐང་ཆེན་དེ་ཡིན། ལོ་རྒྱུས་སུ་སྤྲུལ་ཉི་མ་འོད་ཟེར་རིང་དགོན་པ་དེ་དར་རྒྱས་ཆེན་པོར་སོང་བར་མ་ཟད་གྲྭ་བཙུན་སྟོང་ཕྲག་ལས་བརྒལ་བར་འཚོགས་ཐུབ་པར་བྱུང་བས།

      སྟོད་གྲྭ་སའི་རྒྱལ་རོང་ཁམས་ཚན་སྟོང་དགོས་བྱུང་བས་བོད་སྡེ་བ་གཞུང་ནས་ལྕགས་ལ་རྒྱལ་པོ་ལ་བཀའ་ཕབ་སྟེ་དགོན་པ་དེ་གཏོར་བཤིག་ཚད་མེད་བཏང་སྟེ། སྤྲུལ་ཉི་མ་འོད་ཟེར་གྱི་སྐུ་ཚེའི་གཟུགས་འདུ་བྱེད་ཀྱང་ལྕགས་ལ་རྒྱལ་པོའི་ཁྲིམས་འོག་ནས་རྫོགས་སོང་བ་ཞིག་ཡིན་པར་གྲགས། སྐུ་ཕྲེང་གཉིས་པ་འ་འགུ་བསྟན་འཛིན་བསྟན་པ་རབ་དར[2]ཞེས་པ་འདི་ཡིན་ལ། བླ་མ་འདིའི་ཡོངས་འཛིན་ནི་དབུ་གཙོ་རྟོགས་ལྡན་རིན་པོ་ཆེ་ཡིན་པར་བཤད། ཁོང་རྣམ་པ་གཉིས་ཀྱི་རིང་ལ་བོན་རྫུ་བཤད་སྒྲུབ་གླིང་དེང་སང་གི་ལྔ་སྟག་གཡུང་དྲུང་གླིང་ཡོད་སར་དགོན་པར་གནས་སྤོར་བྱས་པར་གྲགས། དེ་དུས་ཀྱང་ལྕགས་ལ་རྒྱལ་པོས་དགོན་པ་འདིར་གནོད་འཚེ་མང་པོ་བཏང་བའི་ལོ་རྒྱུས་དང་བླ་མ་འ་འགུ་བསྟན་འཛིན་བསྟན་པ་རབ་དར་ཡང་སྐབས་དེ་དང་བསྟུན་སྐུ་ཞིང་དུ་གཤེགས་པར་བཤད་ལ། བླ་མ་དེའི་གདུང་མཆོད་དུ་གཞི་རིས་པ་ནམ་མཁའ་བསམ་འགྲུབ[3]ཅེས་པའི་བླ་མ་ཞིག་ཕེབས་པ་དང་རྗེས་སུ་བླ་མ་དེའི་སྐུ་གདུང་གི་ངོས་ཀྱི་ཁྲ་ལ་སོགས་པ་གདུང་དྲོད་ཀྱིས་ཞུ་སོང་བའི་ལོ་རྒྱུས་ཀྱི་རབས་མང་པོ་ཞིག་དེང་སང་དངོས་སུ་ཡོད་པའི་དགེ་ཤིས་ཁོག་གི་རྒན་པོ་རེ་གཉིས་ལ་བཤད་རྒྱུ་ཡོད། སྐུ་ཕྲེང་གསུམ་པ་ཚ་ཞིས་གཡུང་དྲུང་ཐོགས་མེད་ཚང་ཡིན་ལ་ཁོང་ནི་ལི་རིགས་སྡེ་བའི་ནང་གི་ཚ་ཞིས་ཚང་ཞེས་པར་ལྡོང་གི་རིགས་སུ་འཁྲུངས་ཤིང་བླ་མ་དེར་སྟོད་ཉི་མ་ལྷ་སར་སོང་སྐབས་དགོན་པ་མེས་འཇིག་པ་དང་དེ་རྗེས་ཁོང་ཕྱིར་ཕེབས་གནངས་ནས་དགོན་པ་སླར་གསོ་མཛད་སྐབས་མང་ཚོགས་བཅོས་བསྒྱུར་བྱས་ཏེ་ཁོང་ཁྲིམས་འོག་ནས་སྐུ་ཞི་བར་གཤེགས་སོང་བ་ཞིག་རེད།

      དེ་རྗེས༡༩༩༢ལོར་དགོན་པ་སླར་གསོ་མཛད་ཅིང༢༠༠༢སྐུ་ཕྲེང་བཞི་བ་སྤྲུལ་བའི་སྐུ་མཆོག་ལུང་རྟོགས་རྒྱ་མཚོ་ཚང་སྐུ་ངོས་འཛིན་བྱས་ཏེ་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་བསྡུས་ཤིང༌། ༢༠༡༠ལོ་ནས་ས་དེའི་སྤྱིན་བདག་ཆེན་མོ་ཀུན་དགའ་མཆོག་གིས་འདུ་ཁང་གསར་བ་ལས་རྒྱུའི་འགོ་བཟུང་སྟེ་ད་ལྟ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པར་མ་ཟད་ད་ལྟ་དགོན་པ་འདི་ལ་འདུ་ཁང་ཆེ་ཆུང་གཉིས་དང་བསྟན་གཙོ་རྒྱལ་བ་གཤེན་རབ་མི་བོ་ཡང་དག་ཁྲི་གཙུག་རྒྱལ་བ་དང་དབལ་བོན་སྟག་ལྷ་མེ་འབར་སོགས་ཀྱི་སྐུ་གསེར་ཟངས་ལས་གྲུབ་པའི་གསེར་སྐུ་ཆེ་གྲས་བགྲང་ལས་འདས་པ་ཡོད་ལ་མཛད་པ་བཅུ་གཉིས་ཀྱི་གྱེན་ཐང་སྤུས་ལེགས་ཤིང་སྒྱུ་རྩལ་གྱི་ཉམས་ཐོན་སའི་ལྷ་བྲིས་ཐང་གའི་རིགས་མང་བོ་བཞེངས་ཡོད། དེ་མིན་བླང་བྲང༌། དཔེ་མཛོད་ཁང༌། གྲྭ་ཤག་སུམ་ཅུ་ཙམ་ལེགས་གྲུབ་བྱུང་བ་དང་སྤྲུལ་ལུང་རྟོགས་རྒྱ་མཚོ་ཚང་གིས་གཙོས་དགོན་འདིའི་བསྟན་འཛིན་སྐྱེས་ཆེན་དག་གི་སྐུ་དྲིན་གྱིས་དགོན་སྡེ་འདི་ནི་བོན་གྱི་དགོན་པ་ལྔ་བརྒྱའི་ཁྲོད་ཀྱི་གཟེངས་སུ་ཐོན་པའི་དགོན་པ་ཞིག་རེད་ཟེར་ན་མི་ཆོག་པ་མེད་པ་ཞིག་རེད།

      དེ་ཡང་ཚེས༣༡ཉིན་རོང་བྲག་རྫོང་ནས་སྤྱིའི་ལེ་བར༢༠ཙམ་ཡོད་པའི་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གི་བར་རླངས་འཁོར་དང་འཕྲུལ་རྟ༥༠༠ལྷག་དང་དད་ལྡན་མང་ཚོགས་ཁྲི་ཕྲག་ལས་བརྒལ་བ་ཞིག་གིས་སྣང་ཞིག་སྐྱབས་མགོན་ཚང་ལྷོ་དགེ་ཤིས་ཙ་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་དུ་ཅིབས་བསྒྱུར་བྱས་ཏེ་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གི་མི་འཇིག་རིན་ཆེན་དང་པོའི་ཁྲི་འཕང་མཐོན་པོར་སྣང་ཞིག་སྐྱབས་མགོན་སྨྲ་བའི་སེང་གེ་ཚང་ཁྲི་བཞེངས་ཀྱི་མཛད་སྒོ་རྒྱ་ཆེར་བསྡུས་ཤིང་འདུ་ཁང་གསར་བ་དང་འབྲེལ་ལྷ་རྟེན་བོན་གསུམ་ལ་རབ་གནས་བྱེད་པའི་མཛད་འཕྲིན་བསྐྱངས།

      ཚེས༡ཉིན་ས་གནས་དེ་དང་དེ་འབྲེལ་གྱི་རྫོང་དང་ཤང་ཁག༡༥ཙམ་གྱི་དད་ལྡན་སེར་སྐྱ་ཡོངས་ལ《ཚེ་ཆོག་འཆི་མེད་གཏེར་གྱི་བུམ་བཟང》གི་གཞུང་བསྲིངས་ཏེ་ཡོངས་གྲགས་སུ《མ་ཏྲིའི་ཚེ་དབང》ཞེས་པ་དེ་བསྐུར་ཞིང་དབང་དམ་སྐབས་སུ་སྐྱབས་མགོན་ཚང་གིས་དེང་རབས་སྤྱི་ཚོགས་སམ་ཡང་ན་རྒྱལ་རོང་མིའི་དེང་རབས་རིག་གནས་དང་འབྲེལ་ཏེ་དགེ་སྡིག་སྤང་བླང་དང༌། རྒྱལ་རོང་མི་རིགས་རིག་པ་སོགས་ཀྱི་གནས་བབ་སྐོར་ནས་ཁ་ཚ་དགོས་གཏུག་གི་གསུང་བཤད་མང་དུ་གནང༌།

       ཉིན་དེའི་ཕྱི་དྲོ་རྒྱལ་རོང་གནས་འགོ་དགོན་གྱི་བླ་རབས་སོ་དགུ་བའམ་རྒྱལ་རོང་ངག་དབང་བསྟན་པའི་རྒྱལ་མཚན་ཚང་གིས་སློབ་སྟོན་དང་གཙོ་འགན་འོག་ཡུལ་རྒྱལ་རོང་ཤོ་ཆེན་བཅོ་བརྒྱད་དུ་ཆགས་པའི་གནས་འགོ་གཡུང་དྲུང་རྫོགས་ཆེན་གླིང་གི་གདན་ས་གོང་འོག་དང༌། ཁོག་ཡུལ་བང་རིམ་དགོན། འཕང་མདའ་མི་འགྱུར་བསམ་འགྲུབ་གླིང༌། རྒྱང་མདའ་དགོན། བྲག་དཀར་གཡུང་དྲུང་གླིང༌། ལྔ་སྟག་བདེ་ཆེན་གླིང་སོགས་ཀྱི་བསྟན་བདག་སྤྲུལ་སྐུ་རྣམས་སྐྱབས་མགོན་ཚང་གི་སྐུ་མདུན་དུ་ཕེབས་ཏེ་དགོན་པ་དེ་དག་གི་དགོན་མགོ་མདོ་སྨད་སྣང་ཞིག་ཚང་ལ་ཕུལ་བའི་ཡིག་ཐེའུ་སྐྱབས་མགོན་ཚང་ལ་ཕུལ་བ་དང་དགོན་པ་དེ་དག་གི་དབུ་བཞུགས་སམ་དུས་བབ་ཀྱི་བསྟན་བདག་སྤྲུལ་སྐུ་རྣམས་སྣང་ཞིག་ཚང་གི་རྒྱལ་ཚབ་ཡིན་པའི་མཚན་མིང་སོགས་གནང་བའི་མཛད་འཕྲིན་བསྐྱངས་པར་མ་ཟད་དགོན་པ་དེ་དག་མདོ་སྨད་སྣང་ཞིག་དགོན་གྱི་བྱང་ཁ་ཁམས་ཚན་གྱི་ཁོངས་སུ་བཞག སྣང་ཞིག་སྐྱབས་མགོན་ཚང་དང་རྒྱལ་རོང་ངག་དབང་བསྟན་པའི་རྒྱལ་མཚན། སྤྲུལ་སྐུ་ལུང་རྟོགས་རྒྱ་མཚོ་སོགས་དབུ་བཞུགས་བླ་སྤྲུལ་རྣམས་ལྷན་འདུས་སྒོ་ནས་རྒྱལ་རོང་དུ་གཡུང་དྲུང་བསྟན་པའི་གདུགས་དཀར་ཇི་ལྟར་བྱས་ན་འདེགས་ཐུབ་པའི་སྐོར་ནས་རྣམ་པ་ཚོས་ཐུགས་གྲོས་མང་དུ་མཛད།

      ཚེས༢ཉིན་དེ་ལྡན་མི་མང་ཡོངས་ལ《དུས་འཁོར》གྱི་དབང་བསྐུར་ཞིང་དེའི་ཕྱི་དྲོ་ས་གནས་དེའི་བླ་གྲྭ་རྣམས་ལ་ཚད་མེད་རྣམ་པ་བཞིའི་སྒོ་ནས་བསྟན་པ་སྐྱོང་ཚུལ་གྱི་བཀའ་སློབ་ཟབ་རྒྱས་སྐྱབས་མགོན་ཚང་གིས་གནང༌།

      དེ་དག་གི་སྔ་ཕྱིར་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གི་འདུ་ཁང་གསར་གྲུབ་དགའ་སྟོན་དུ་དམིགས་ཏེ་རྒྱལ་རོང་གི་ཁྱད་ཆོས་མངོན་པར་དོད་པའི་རྒྱལ་རོང་གི་གླུ་བྲོ་སོགས་མང་པོ་བརྡུངས། རྒྱལ་རོང་གླུ་བྲོའི་རིག་གནས་སྐོར་དང་དེའི་གོས་རྒྱན་སོགས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གཞི་རྫོང་ཆེན་པོ་ཡོད་པ་ནི་བདག་གི་བརྩམས་ཆོས་གཞན་དང་གཞན་ལ་གསལ་བ་མ་ཟད་རྒྱལ་རོང་ངག་དབང་བསྟན་པའི་རྒྱལ་མཚན་ཚང་གིས་བརྩམས་པའི《ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང》ཞེས་པར་གསལ་བས་དེ་རུ་གཟིགས་པར་ཞུ། ཚེས༣ཉིན་དགའ་སྟོན་གྱི་མཛད་སྒོ་འདི་ལྟར་བཀྲ་ཤིས་ལྷ་རྒྱལ་ངང་མཇུག་གྲུབ་པ་དང་སྐྱབས་མགོན་ཚང་སྐུ་འཁོར་ལྷན་རྒྱས་ཕྱིར་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་དུ་འབྱོར།

[1] ཤོག་ངོས༡༠༨ལ་གསལ།
[2] འ་འགུ་ཞེས་པ་ནི་རུས་ཚན་གྱི་མིང་སྟེ་སེ་འ་ཞ་དང་འགུ་ཡ་སྟེ་ཁྱུང་གི་རུས་མཉམ་བསྲེས་ཀྱི་མིང་ཡིན། བྲག་མགོའི་བླ་མ་ཞིག་ཡིན་པར་བཤད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག